མདོ་སྟོད་མི་ཡི་ཆོལ་ཁ།

ཡོང་ཁུངས་Wikipedia

མདོ་སྟོད་མི་ཡི་ཆོལ་ཁ་ནི། བོད་སིལ་བུའི་སྐབས་ནང་ཆེན་འབྲུ་རྗེ་རྒྱལ་པོའི་སྐྱོང་བའི་རྒྱལ་ཕྲན་ཞིག་ཡིན་ལ། (སོག་ལ་སྐྱ་བོ་ནས་རྨ་ཆུའི་ཁུག་པའི་བར་ཀྱི་མདོ་སྟོད་ཀྱི་མི་སྡེ་ལ་མདོ་སྟོད་མི་ཡི་ཆོལ་ཁ་ཞེས་སོག་པོས་བོད་དུ་དབང་སྒྱུར་བྱེད་སྐབས་སོགས་སུ་མདོ་སྟོད་ཀྱི་མི་རྣམས་ཕོད་རྒོད་ལ་དཔའ་ཆེ། དགྲ་འཐབ་ལ་མཁས་པ་སོགས་མི་རྒྱུ་གང་གི་ཆ་ནས་ཀྱང་ཁྱད་དུ་འཕགས་པས་ན་མིང་དེ་ལྟར་བཏག་པར་བཤད་ཅིང་ཆོལ་ཁ་ཟེར་བའི་ཚིག་འདི་ནི་སོག་སྐད་དུ་སྡེ་ཚན་ནམ་ཚན་པ་ཟེར་བའི་དོན་ཡིན) འབྲུ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནང་ཆེན་ཕོ་བྲང་ནང་ སོ་ཆེན་མོའི་ཁྲི་ལ་བཞུགས་ཤིང་། བོད་ཁྲི་སྐོར་བཅུ་གཉིས་དབང་དུ་སྡུས་ཤིང་། མདོ་སྟོད་མི་ཡི་ཆོལ་ཁར་དབང་སྒྱུར་མཛད་པ་ནས་རྒྱལ་ས་སྐུ་འབུམ་དུ་མཛད། མདོ་སྟོད་མི་ཡི་ཆོལ་ཁ་སྒོམ་སྡེ་ནང་ཆེན་རྒྱལ་ཁམས་ཀྱི་ས་མུ་ཆོས་མཚམས་ནི། རྒྱལ་པོ་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་དུས་སུ་མདོ་སྟོད་མི་ཡི་ཆོལ་ཁ་ལ་དབང་སྒྱུར་སྐབས་ཏྲེ་རབ་ཁ་སྟེ་དེང་དུས་དཀར་མཛེས་ཡན་ཆད་དང། སོག་ལ་སྐྱ་བོའི་མན་ཆད་ལ་དབང་བསྒྱུར། དེ་རྗེས་རྒྱལ་སྲས་སངས་རྒྱས་གྲགས་པའི་སྐུ་དུས་སུ་སྒོམ་སྡེ་ཡ་གསུམ་སྟོད་མ་སྟེ་དབུས་གཙང་སྟག་ལུང་ཕྱིན་ཆད་ལ་མངའ་རིས་བསྐྱངས་པ་དང་། ཁྲི་སྟོང་སྡེའི་རྒྱལ་པོ་རྡོ་རྗེ་ཚེ་དབང་གི་སྐུ་དུས་སུ་ས་མུ་ཆོད་ མཚམས་ནི། ཤར་ནས་འདན་ཁྲ་བོ་ལ། ལྷོ་ནས་ཇོ་ལ་རྩེ་ནག་པོ། ནུབ་ནས་སོག་ཕ་ཝང་གཡག་འཛོམས། བྱང་ནས་མཚོ་སྔོན་པོ་ཚུན་ ནང་ཆེན་གྱི་ས་ཡིན་པ་དང་། ནང་སྡེ་དང་ཕྱི་སྡེའི་ས་མཚམས་ནི། རི་ཆེ་ནང་ཆེན་ས་མཚམས་འཛི་ཡག་ནག་ཕྲང། དཔའ་ཤོད་ས་མཚམས་ལྕགས་ཟམ་ཁ། རག་ཤུལ་ས་མཚམས་རྩི་ཆུ་ཁ། ཟུར་མང་ས་མཚམས་རྡོ་རྡོ་དགོན། དགེ་རྒྱལ་ཆུ་མིག་མར་ཁུ་བཅས་ཡིན། ནང་ཆེན་གྱི་རྒྱལ་ཁམས་འདི་སྔོན་མ་བཙན་པོ་རིམ་བྱོན་གྱི་དུས་སྐབས་ ནས་བཟུང་རུ་བཞི་དམག་གི་དཔུང་གནོན་དང་། སིལ་བུའི་སྐབས་སུ་སྒོམ་སྡེའི་ཡུལ་ཁམས་དང། མདོ་སྟོད་མི་ཡི་ཆོལ་ཁར་གྲགས་ཤིང་། གོང་ས་ལྔ་པ་ཆེན་པོའི་དུས་སུ་ཤིང་སྒོ་ཅན་གྱི་རྒྱལ་ཁམས་ཀྱི་རྒྱལ་ པོ་སོགས་བོད་རང་གི་ཡན་ལག་ཐུན་མིན་ཡིན་པ་གཞུང་དུ་གསལ་ཞེས་ལོ་རྒྱུས་ཡིག་ཚང་ཁག་ལས་བཤད་པ་ལྟར་རོ།།