མདའ་དར་གྱི་བཤད་པ་

ཡོང་ཁུངས་Wikipedia

༈ མདའ་དར་གྱི་བཤད་པ་ནི། མདའ་དར་རྟེན་འབྲེལ་ཀུན་འཛོམས་འདི། །གནས་མཆོག་རྣམས་ཀྱི་སྨྱུག་མ་ལ། །མདའ་མགོ་ལྔ་ཚོམ་ལྡན་པ་འདི། །རྒྱལ་བ་རིགས་ལྔའི་མཚོན་བྱེད་ཡིན། །དུག་ལྔ་གནོན་པའི་རྟེན་འབྲེལ་ཡིན། །མདའ་སྐེད་ཚིགས་གསུམ་ལྡན་པ་འདི། །ཚེ་ལྷ་རྣམ་གསུམ་མཚོན་བྱེད་ཡིན། །འཆི་མེད་ཚེ་ཡི་རྟེན་འབྲེལ་ཡོད། །མདའ་རྩེ་རྣོ་ངར་ལྕགས་ཀྱི་བརྒྱན། །དཔའ་རྩལ་བརྟུལ་ཕོད་ཆེ་བ་དང་། །ཚེ་སྲོག་སྲ་བའི་རྟེན་འབྲེལ་ཡོད། །མདའ་སྟོང་དགུང་ལ་གཏད་པ་འདི། །མངའ་ཐང་དགུང་དང་མཉམ་པའི་བརྡ། །དར་མཚོན་སྣ་ལྔས་བརྒྱན་པ་འདི། །མི་རྒྱུད་དར་ལས་འཇམ་པ་དང་། །མཁའ་འགྲོ་སྡེ་ལྔས་སྲུང་བར་མཚོན། །ཐང་དཀར་ཐང་སྨུག་སྒྲོ་ཡིས་བརྒྱན། །དཔའ་བོ་དཔའ་མོ་མཚོན་པ་དང་། །ལམ་སྣ་བསུ་བའི་རྟེན་འབྲེལ་ཡོད། །རྣོ་ངར་ལྕགས་ཀྱུས་བརྒྱན་པ་འདི། །ཆོས་སྐྱོང་སྲུང་མ་མཚོན་པ་དང་། །ལས་བཞི་འགྲུབ་པའི་རྟེལ་འབྲེལ་ཡོད། །མདའ་ལ་མེ་ལོང་བཏགས་པ་འདི། །སྨེ་བ་དགུ་དང་སྤར་ཁ་བརྒྱད། །ལོ་འཁོར་བཅུ་གཉིས་ཚང་བ་ཡིས། །སྲུང་བའི་རྟེན་འབྲེལ་མ་ཚང་མེད། །ཤེལ་གཡུ་དུང་གསུམ་བརྒྱན་པ་འདི། །དཀར་ཕྱོགས་ལྷ་ཀླུ་གཉེན་གསུམ་རྟེན། །ཁ་འཛིན་སྡོང་གྲོགས་འབྲེལ་མེད་ཀྱིས། །མི་ནོར་ཟས་གསུམ་འཛོམས་པའི་བརྡ། །རིན་ཆེན་རིགས་ཀྱིས་བརྒྱན་པ་འདི། །འབྱུང་བཞིའི་བཅུད་གཡང་འགུག་པར་མཚོན། །ཚེ་གཡང་འགུག་པའི་ཚེ་མདའ་ཡིན། །དཔའ་བོ་མཁའ་འགྲོའི་ལྷ་མདའ་ཡིན། །ཆོས་སྐྱོང་སྲུང་མའི་བླ་མདའ་ཡིན། །དགྲ་ལྷ་འཁོར་བའི་རྟེན་མདའ་ཡིན། །དབང་ཐང་དར་བའི་རྟེན་འབྲེལ་ཡོད། །བསོད་ནམས་རྒྱས་པའི་རྟེན་འབྲེལ་ཡོད། །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །

༈ མདའ་དར། སྦ་སྨྱུག་བཟང་པོ་ཚིགས་གསུམ་བདུན་དགུ་བཅུ་གསུམ་གང་རུང་ལྡན་པར་བྱ། དེ་ལ་དར་མཚོན་སྣ་ལྔ་བཅིངས་ལ། རྩེ་མོར་རྒོད་སྒྲོ་བཞི་སྒྲོམ་དང་། དེའི་ཤམ་བུར་མེ་ལོང་གཡུ་ཆུང་བཏགས། རྩ་བ་མདུང་གི་དབྱིབས་སུ་བཀོད་པའི་ལྕགས་སྦུབས་ཅན། དཀྱིལ་འཁོར་རམ་མཆོད་སྟེགས་ཀྱི་ལྷོ་སོགས་གང་བདེར་བཀོད།  བླ་ཚེ་འགུགས་པར་བྱེད་པའི་མདའ་དར་འདི་ལྟར་དགོས། གཡང་འགུགས་པར་བྱེད་པའི་མདའ་དར་དར་མཚོན་དཀར་པོ་ཁོ་ནས་ཀྱང་ཆོག་པ་ཡིན།   མཚོན་དོན། སྦ་སྨྱུག་ཚིགས་གསུམ་མའི་ཐེག་པ་གསུམ་དང་། ཚིགས་བདུན་མའི་མཐོ་རིས་ཡོན་ཏན་བདུན། ཚིགས་དགུ་མའི་ཐེག་པ་རིམ་པ་དགུ། ཚིགས་བཅུ་གསུམ་མའི་ས་བཅུ་དང་སྐུ་གསུམ་མཚོན། ཡང་ན་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་མཚོན་པ་བཅས་སོ། དར་མཚོན་སྣ་ལྔས་རིགས་ལྔའི་མཁའ་འགྲོ་དང་དང་ཡེ་ཤེས་ལྔ་ཕྲིས་ལས་ལྔ་གང་རུང་ལ་སྦྱར་ཆོག རྒོད་སྒྲོས་གནས་ལུགས་འགྱུར་བ་མེད་པའི་ལྟ་བ་རྟོགས་ཤིང་རྒོལ་བ་གང་གི་ཀྱང་གླགས་མི་རྙེད་པ་མཚོན།  མེ་ལོང་གི་ཁམས་གསུམ་སྣོད་བཅུད་ཐམས་ཅད་ས་ལེར་མ་འདྲེས་པ་ཤར་བ་མཚོན། གཡུ་ནི་མི་ཡི་བླ་རྡོ་ཡིན་ལ། བླ་ཚེ་འཁྱམས་པ་དང་ཡར་བ་རྣམས་གསང་སྔགས་ཟབ་མོའི་ཆོས་ལ་བརྟེན་ནས་གསོ་བར་བྱེད་པ་མཚོན།  རྩ་བ་གདུང་ཚུགས་སུ་གནས་པ་ནི་ཚེ་སྲོག་འགྱུར་བ་མེད་པ་མཚོན། མདའ་སྨྱུག་དྲང་བ་ནི་དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་ཞིང་དད་པས་དགེ་བཅུའི་ལམ་ལ་ཡང་དག་པར་གནས་པ་མཚོན།