མཐའ་འཁོབ་
མཐའ་འཁོབ་ཅེས་པ་ནི་ཡུལ་གྱི་མཐའ་མཚམས་སུ་གནས་པའི་ཀླ་ཀློའི་སྐྱེ་བོའི་ཡུལ་ལ་གོ་སྟེ། ཆོས་མ་དུལ་བའི་སྐྱེ་བོ་རྣམས་ཀྱི་གནས་པའི་ས་ཆ་ལ་ཟེར། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་རྣམས་ཀྱིས་རང་དབང་གིས་སྐྱེ་བའི་སྐུ་ཚེར་སྐྱེ་ས་འདེམས་སྐབས་མཐའ་འཁོབ་ཀྱི་ཡུལ་དེ་དག་ཏུ་མི་སྐྱེ་བར་ཤེས་པར་བྱའོ། །
སྒྲ་བཤད།
[རྩོམ་སྒྲིག]མཐའ་འཁོབ་ཞེས་པའི་ཚིག་འདི་ནི་མཐའ་དང་འཁོབ་གཉིས་ཀྱི་སྒྲིབ་ཚིག་སྟེ། མཐའ་ནི་ཡུལ་གྱི་མཐའ་མཚམས་ལ་གོ་ལ། འཁོབ་ནི་འཁོབ་པ་སྟེ་སྙིང་རྗེ་མེད་པའི་རགས་པའི་སེམས་ཅན་རྣམས་ལ་གོ་བར་བཤད། དེ་ཡང་སློབ་དཔོན་སེང་གེ་བཟང་པོས་"མཐའ་འཁོབ་ཀླ་ཀློའི་སྐྱེ་བོའི་ཡུལ་མཐའ་རྣམ་པར་སྤངས།"[༡] ཞེས་གསུངས་པ་ལྟར་ཡུལ་གྱི་མཐའ་མཚམས་སུ་གནས་པའི་ཀླ་ཀློའི་སྐྱེ་བོ་རྣམས་ཀྱི་ཡུལ་ལ་གོ་སྟེ།
ཕྱིར་མི་ལྡོག་པའི་རྟགས་ཀྱི་ངོ་བོ། "སྐྱེ་བ་ལ་དབང་ཐོབ་པས་ཡུལ་མཐའ་འཁོབ་དང་མི་ཀླ་ཀློ་སྐྱེ་བོའི་ཡུལ་གྱི་མཐའ་སྐྱེ་བ་རྣམ་པར་སྤངས་པ་དང༌།"[༢] ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱིས་སྐྱེ་བ་ལ་དབང་ཐོབ་པས་རང་དབང་གིས་སྐྱེ་བའི་སྐུ་ཚེར་སྐྱེ་ས་འདེམས་སྐབས་མཐའ་འཁོབ་ཀྱི་ཡུལ་དེ་དག་ཏུ་མི་སྐྱེ་བར་བཟུང་སྟེ།
མཐའ་འཁོབ་སྤངས་པའི་རྒྱུ་མཚན། "དེས་མཐའ་འཁོབ་ཀྱི་ཀླ་ཀློའི་སྐྱེ་བོའི་ཡུལ་གྱི་མཐའ་རྣམ་པར་སྤངས་སོ། །"[༣]ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱིས་ཀུན་མཁྱེན་གྱི་གོ་འཕང་འདོད་ཅིང་རྒྱལ་བའི་བསྟན་པ་ལ་རྟག་ཏུ་གཞོལ་བའི་སེམས་དང་ལྡན་པས་མཐའ་འཁོབ་ཀྱི་ཡུལ་རྣམ་པར་སྤངས་པར་གསུངས།
ཀླ་ཀློའི་སྐྱེ་བོའི་ཁྱད་ཆོས། "རང་འདོད་པའི་སྐྱེ་བ་དེར་སྐྱེ་བ་ཐོབ་པས་མཐའ་འཁོབ་ཀླ་ཀློའི་སྐྱེ་བོའི་ཡུལ་མཐའ་རྣམ་པར་སྤངས།"[༤] ཞེས་གསུངས་པ་ལྟར། ཀླ་ཀློའི་སྐྱེ་བོ་ནི་ཆོས་མ་དུལ་བའི་སེམས་ཅན་རྣམས་ལ་གོ་སྟེ། དེ་དག་ནི་ཡུལ་གྱི་མཐའ་མཚམས་སུ་གནས་པའི་ཕྱིར་མཐའ་འཁོབ་ཅེས་མིང་བཏགས།
ལུང་ཁུངས།
[རྩོམ་སྒྲིག]- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 94
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་དཔར། ཤོག་ངོས། 81
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 32b
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 94