མཎྜལ།
མཎྜལ།
[རྩོམ་སྒྲིག]དེ་ཡང་པཎ་ཆེན་ནཱ་རོ་པ་དང་མཁས་གྲུབ་ཨ་བྷཧྱ་ཀ་ར་ལ་སོགས་མཁས་གྲུབ་དུ་མས་ཉམས་བཞེས་གནང་བའི་མཎྜལ་ཞེས་པ་དེ། བོད་སྐད་དུ་དཀྱིལ་འཁོར་ཞེས་བྱ་ལ། དཀྱིལ་ནི་སྙིང་པོ་དང་འཁོར་ནི་ལེན་པ་ལ་འཇུག་པས་སྙིང་པོ་ལེན་པ་ཞེས་པའོ། ཆོས་པ་རྣམས་ཀྱིས་དཀོན་མཆོག་ལ་མཆོད་པ་དང་། ཚོགས་གསོག་སྒྲིབ་བྱང་། ཆོས་འཆད་ཉན་གྱི་སྐབས་སུ་བེད་སྤྱོད་གཏོང་རྒྱུ་ཞིག་ཡིན། མཎྜལ་ལ་དབྱེ་ན། ཕྱི། ནང་། གསང་བ། དེ་ཁོ་ན་ཉིད་བཅས་ཀྱི་མཎྜལ་ཡོད་ཅིང་། ཕྱིའི་མཎྜལ་ལ། ཚོམ་བུ་བདུན་མ་དང་། ཉེར་ལྔ་མ་དང་། སོ་བདུན་མ་སོགས་ཡོད། དང་པོ་ནི། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་སྟེ། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག ཅེས་པ་ལྟར། རི་རབ་དང་གླིང་བཞི་ཉི་ཟླ་བཅས་བདུན་ཡིན་ལ། ཉེར་ལྔ་མ་ནི་དེའི་སྟེང་གླིང་ཕྲན་བརྒྱད་དང་། ཕྱིའི་ལྕགས་རི་དང་། དབང་ཆེན་གསེར་གྱི་ས་གཞི། རྒྱལ་སྲིད་སྣ་བདུན། གཏེར་ཆེན་པ་ཡི་བུམ་པ་བཅས་ཏེ་ཉེར་ལྔ་ཡིན། སོ་བདུན་མ་དེ་བཤད་པར་བྱ་བ་ལ་ཐོག་མར་འཇིག་རྟེན་ཁམས་ཇི་ལྟར་ཆགས་ཚུལ་ཤེས་དགོས་པས། དེ་ཡང་དུས་འཁོར་ནས་བཤད་ཚུལ་དང་མངོན་པ་ནས་བཤད་ཚུལ་གཉིས་བྱུང་། མངོན་པ་འོག་མ་མཛོད་ནས་བཤད་ཚུལ་གྱི་དབང་དུ་བྱས་ན། བསྐལ་ཆེན་བཅུ་གཅིག་ལ་བར་བསྐལ་བརྒྱད་ཅུ་ཡོད་པ་ལས། སྟོང་བསྐལ་ཉི་ཤུ། འཇིག་བསྐལ་ཉི་ཤུ་སྟེ་བརྒྱད་ཅུའོ། བསྐལ་པ་སྔ་མ་སྟོངས་ནས་ཕྱི་མ་མ་ཆགས་བར་སྟོང་བསྐལ་ཉི་ཤུ་ཡོད། དེ་ཡང་སྔ་མ་དེ་མེས་འཇིག་པ་ཡིན་ན། ཕྱི་མ་ཆགས་ཚུན་ནམ་མཁའ་སྟོང་པར་ལོ་མང་པོའི་བར་རླུང་འཁྲུགས་ནས་ནམ་ཞིག་ན་རླུང་གི་དཀྱིལ་འཁོར་ཞེས་པ་དཔངས་སུ་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ། ཞེང་དུ་དཔག་ཚད་གྲངས་མེད་པ་ཞིག་ཆགས། དེའི་སྟེང་དུ་གནས་གཙང་ལྷ་ནས་ཆར་རྒྱུན་ཡུན་རིང་འབབ་པས་ཆུའི་དཀྱིལ་འཁོར་དཔངས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པ་ཞིག་རླུང་གིས་བསྲུབས་པས་སྙིང་པོ་རི་རབ། འབྲིང་གསེར་རི་བདུན། ཐ་མ་གླིང་བཞི་གླིང་ཕྲན་ཕྱིའི་ལྕགས་རི་རྒྱར་དཔག་ཚད་ས་ཡ་གསུམ་དང་དྲུག་འབུམ་ཉིས་སྟོང་དྲུག་བརྒྱ་ཉེར་ལྔ་ཡོད་པ་བཅས་ཆགས། གསེར་རི་བདུན་གྱི་བར་རོལ་མཚོ་བདུན་གནས་ལ། དེའི་ཕྱི་རོལ་གླིང་བཞི་སྟེ། ཤར་ལུས་འཕགས་པོ་ནི་དབྱིབས་ཟླ་གམ་ངོས་གསུམ་ལ་དཔག་ཚད་ཉིས་སྟོང་སྟེ། བཅད་ཁ་ལ་སུམ་བརྒྱ་ལྔ་བཅུ། ལྷོར་འཛམ་བུ་གླིང་ཤིང་རྟ་དབྱིབས་ངོས་གསུམ་ལ་སྟོང་ཕྲག་གཉིས་རེ་དང་གཅིག་ལ་སྟོང་ཕྲག་ཕྱེད་དང་བཞི། ནུབ་བ་གླང་སྤྱོད་ཟླུམ་པོ་ཐད་ཀར་བདུན་སྟོང་ལྔ་བརྒྱ། བྱང་སྒྲ་མི་སྙན་གྲུ་བཞི་སྟོང་ཕྲག་བརྒྱད། དབུས་སུ་རིརབ་རིན་ཆེན་སྣ་བཞི་ལས་གྲུབ་པ་དབྱིབས་གྲུ་བཞི། ཞེང་དུ་བརྒྱད་ཁྲི། ཆུར་བརྒྱད་ཁྲི་ནུབ་ཅིང་། བརྒྱད་ཁྲི་འཕགས། ཆུ་མཚམས་ནས་ཕྱེད་ཀྱི་བར་རྒྱལ་ཆེན་རིགས་བཞི། སྟེང་དུ་སུམ་ཅུ་རྩ་གསུམ་བཅས་ཡོད། གླིང་བཞིར་རང་རང་གི་གླིང་ཕྲན་གཉིས་རེ་ཡང་དབྱིབས་གཙོ་བོ་དང་འདྲ། ཤར་གླིང་ནང་དུ་རིན་ཆེན་རི་དང་། ལྷོར་དཔག་བསམ་ཤིང་། ནུབ་ཏུ་འདོད་འཇོའི་བ། བྱང་དུ་མ་རྨོས་ལོ་ཐོག དེ་དག་གི་བར་སྣང་ལ་རྒྱལ་སྲིད་སྣ་བདུནནི་འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་ལྡན་པ་ལ་དཔག་ཚད་ལྔ་བརྒྱ་དང་ཉིན་གཅིག་ལ་དཔག་ཚད་འབུམ་དུ་བསྐྱོད་ཐུབ། དེའི་མཐུ་ལས་ནམ་མཁར་དཔུང་ཚོགས་བཞི་དྲངས་ནས་གླིང་བཞི་དང་ལྷ་གནས་ལ་དབང་བསྒྱུར་བའི་ནུས་པ་དང་ལྡན་པའོ། ནོར་བུ་རིན་ཆེན་ནི། རིན་ཆེན་བཻཌཱུརྱ་ཟུར་བརྒྱད་དང་ལྡན་པ་དཔག་ཚད་བརྒྱར་འོད་ཀྱིས་པས་མཚན་མོའང་ཉིན་མོ་ལྟར་བྱེད་ནུས་པ་ཚ་གདུང་སེལ་བ་དུས་མིན་འཆི་དང་ནད་རྣམས་ལས་སྐྱོབ་ཐུབ་པ་ཡིན་ལ་གང་བསམ་འགྲུབ་པའི་བྱེད་ལས་དང་ལྡན་པ་ཞིག་གོ བཙུན་མོ་རིན་ཆེན་ནི། ལྟ་ན་སྡུག་པའི་བུད་མེད་ཀྱི་ལུས་དང་ཁ་ནས་དྲི་ཞིམ་དྲོ་བ། ང་གིས་རེག་ན་བདེ་མཆོག་སྟེར་བ། བཀྲེས་སྐོམ་གྱི་མྱ་ངན་སེལ་བ། བུད་མེད་ཀྱི་སྐྱོན་ཐམས་ཅད་སྤངས་པ་ཞིག་གོ །བློན་པོ་རིན་ཆེན་ནི། འཚེ་བ་དང་ཆོས་མ་ཡིན་པ་སྤངས་ཤིང་། ཡང་དག་པའི་ལས་ལ་དཀའ་ངལ་གྱི་སྐྱོ་བ་མི་མངའ་བ། སའི་བདག་པོས་མ་སྨོས་ཀྱང་བསམ་པ་ཤེས་ནས་སྒྲུབ་པ། དཔུང་ཚོགས་ཡན་ལག་གི་ལས་ཐམས་ཅད་ལ་མཁས་པ་ཞིག་གོ །གླང་པོ་རིན་ཆེན་ནི། གླང་ཆེན་ཕལ་པ་སྟོང་གི་ནུས་ཤུགས་ཅན། ཉིན་གཅིག་ལ་འཛམ་གླིང་ལན་གསུམ་བསྐོར་ཐུབ་པ། སྐུད་པ་ཕྲ་མོ་ཞིག་གིས་ཁ་ལོ་བསྒྱུར་ཐུབ་པ། གཞན་ལ་མི་གནོད་པ་དང་མི་ཁྲོ་བ་དལ་གྱིས་འགྲོ་བ་ཞིག་གོ །རྟ་མཆོག་རིན་ཆེན་ནི། ཁ་དོག་དཀར་པོ་ལྷའི་གཙུག་རྒྱན་སོགས་ཀྱིས་བརྒྱན་པ། མདོག་དབྱིབས་བོང་ཚོད་ཕུན་སུམ་ཚོགས་པ། ཉིན་གཅིག་ལ་འཛམ་གླིང་ལན་གསུམ་བསྐོར་ཐུབ་པ་ཡོངས་སུ་ངལ་བ་མེད་པའི་བཞོན་པ་ཞིག་གོ །ཁྱིམ་བདག་རིན་ཆེན་ནི་འབྱོར་པ་ཕུན་སུམ་ཚོགས་པ་ཞིག་གོ །དཔོན་རིན་ཆེན་ནི་གཞན་དབང་དུ་བསྡུ་བར་ནུས་པ་ཞིག་གོ །འདོད་དགུ་ཀུན་ཏུ་འབྱུང་བ་གཏེར་ཆེན་པོའི་བུམ་པ་དང་། ཀུན་རིག་ནས་བཤད་པའི་སྒེག་མ་དང་། འཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་ཟླ་གཉིས། རིན་ཆེན་གདུགས་དང་། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བཅས་ཏེ་སོ་བདུན་ནོ། །མཎྜལ་འབུལ་ཚུལ་ནི། མཎྜལ་ས་གཞི་རབ་གསེར་དངུལ་སོགས་རིན་པོ་ཆེ་དང་། འབྲིང་ཟངས་ལི་རག་སོགས་དང་། ཐ་མ་ཤིང་རྡོ་སོགས་ལས་གྲུབ་པ། དབྱིབས་སྒོར་མོ། ཁ་དོག་མ་ངེས། ཆེ་ཆུང་གི་ཚད་ཆེ་བ་ལ་ཚད་མེད། ཆུང་མཐའ་ཕོར་པ་ལས་མ་ཆུང་བ་གལ་ཆེ། བང་རིམ་གསུམ་དང་བཞི་གང་རུང་ཆོག་ཅིང་མེད་ཀྱང་སྐྱོན་མེད། ཚོམ་བུའང་རབ་རིན་ཆེན། འབྲིང་དུང་དང་མགྲོན་བུ། ཐ་མ་ནས་གྲོ་སོགས་དང་། མ་འབྱོར་ན་བྱེ་མ་དང་ས་སོགས་ཀྱང་རུང་། གུར་ཀུམ་དྲི་བཟང་བ་བྱུང་ལྔས་བྱུགས་ཤིང་། ལག་གཡོན་དུ་ཚོམ་བུ་ཕྲན་ཙམ་བཟུང་བ་དང་ཆབས་ཅིག་ས་གཞི་འཛིན་ནས། ལག་གཡས་ཀྱི་ལག་ངར་གྱིས་མང་དུ་ཕྱིས་ཏེ་ཚོམ་བུ་འགོད། དེ་ཡང་དབང་ཆེན་གསེར་གྱི་ས་གཞི་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་གྱི་བར་ཚོམ་བུ་རེ་རེ་འགོད་ནས་ཏོག་བཙུགས་ཤིང་། འཇིག་རྟེན་གྱི་ཁམས་དེ་དང་འདི་ཡིན་སྙམ་དུ་བསམས་ནས་མཐར་འཇིག་རྟེན་གྱི་ཁམས་གླིང་བཞི་རི་རབ་མཐའི་ལྕགས་རི་དང་བཅས་པ་རང་གི་ལག་པས་ཡར་བཀྱག་སྟེ་བསོད་ནམས་ཀྱི་ཞིང་མཆོག་ལ་འབུལ་བར་བགྱིའོ། །བདག་པོས་མ་བཟུང་བའི་མཆོད་པ་ལ་འཇིག་རྟེན་གྱི་ཁམས་འབུལ་རུང་ཡང་མཎྜལ་ལ་མི་འགྲོ། དེ་དག་ཐམས་ཅད་རང་གི་བློས་བླངས་ཏེ་ལག་ན་ཡོད་པར་མོས་ནས་ཕུལ་ན་མཎྜལ་ལ་སོང་བ་ཡིན། མཎྜལ་སོང་བ་ཡིན། མཎྜལ་ས་གཞི་ཆུང་ངུའི་སྟེང་དུ་སྣོད་བཅུད་དེ་དག་མི་ཤོང་སྙམ་པའི་དོགས་པ་མི་དགོས་ཏེ་གཡག་རྭའི་ནང་རྗེ་མི་ལའི་སྐུ་ཆུང་དུ་སོང་བར་ཞུགས་པ་དང་འདྲ། སྐྲ་མཚམས་ཁྱོན་ལ་དུས་གསུམ་མཚན་ཉིད་ཀྱི་ཞེས་པ་ཡང་བསམ་དགོས། ཚོགས་གསོག་སྒྲིབ་བྱང་ཀུན་ལ་མཎྜལ་འདི་འྟོབས་ཆེ། བཀའ་གདམས་པ་རྣམས་ཀྱིས་ཉིན་རེར་དུས་དྲུག་མ་ཆད་པར་མཛད་པ་ཡིན་ནོ། ནང་གི་མཎྜལ་ནི། རང་གི་ལུས་ཀྱི་ཡན་ལག་རྣམས་མཎྜལ་དུ་འགྱུར་ནས་འབུལ་བ་ཡིན། དེ་ཡང་། ལུས་ཀྱི་ལྤགས་པ་གསེར་གྱི་ས་གཞི་དང་། ཁྲག་གིས་ཆག་ཆག་དང་། ཡན་ལག་གླིང་བཞིདང་། ཉིང་ལག་གླིང་ཕྲན་བརྒྱད། ཁོག་པ་རི་རབ། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། མིག་གཉིས་ཉི་མ་ཟླ་བ། སྙིང་ནི་ནོར་བུ། དབང་པོ་ནང་ཁྲོལ་རྣམས་ལྷ་མིའི་དཔལ་འབྱོར་དུ་བསྒྱུར་ནས་འབུལ་བ་དེ་ཡིན། འདི་ནི་བྱ་བྲལ་གྱི་རྣལ་འབྱོར་པ་ལ་ཤིན་ཏུ་འཁོ་བ་ཡིན་ནོ། །གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཎྜལ་ནི་རེ་ཞིག་བག་ལ་བཞག་གོ ཆོས་གང་ཉན་ཡང་བླ་མར་མཎྜལ་འབུལ་དགོས། ཆོ་ག་གང་གཏོང་ཡང་མཎྜལ་འབུལ་དགོས། སྔོན་འགྲོ་བཞིའི་ནང་ལ་ཡང་མཎྜལ་གྱི་ཁྲིད་ཅེས་པ་ཡོད་པས་གལ་ཤིན་ཏུ་ཆེའོ། །