Jump to content

མཉན་པ་

ཡོང་ཁུངས་Wikipedia

མཉན་པ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ལ་ཉན་ཞིང་ཐོས་པའི་སྤྱོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ལམ་གྱི་ཐོག་མའི་སྦྱོར་བའི་ནང་གསེས་གལ་ཆེ་བ་ཞིག་ཡིན་ནོ། །འདི་ནི་སྐད་ཆ་དང་ཆོས་ཀྱི་གཏམ་བརྒྱུད་ལ་སོགས་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་དོན་ལ་ཉན་ཞིང་ཐོས་པ་ལ་ཟེར།

སྒྲ་བཤད།

[རྩོམ་སྒྲིག]

མཉན་པ་ཞེས་པ་ནི་ཆོས་ཟབ་མོ་ལ་སོགས་པ་ཉན་པ་ལ་གོ། སྤྱིར་ཐོས་པའི་ཤེས་རབ་དང་། བསམ་པའི་ཤེས་རབ། སྒོམ་པའི་ཤེས་རབ་གསུམ་ལས་དང་པོ་ཡིན་ལ། ལམ་གྱི་སྒོ་ནས་ན་ཚོགས་ལམ་གྱི་སྐབས་སུ་གསུངས་པའི་ཆོས་ཀྱི་དོན་སྣ་ཚོགས་ལ་ཞིབ་པར་ཉན་ཅིང་འཛིན་པའི་བྱ་བ་ལ་ཟེར།

ངེས་ཚིག

[རྩོམ་སྒྲིག]

ཆོས་མཉན་པ་ནི་ཕྱིར་མི་ལྡོག་པའི་ཐེག་པ་ཆེན་པོ་ལ་ཞུགས་པའི་རྟགས་ཤིག་ཡིན། དེ་ཡང་"མི་ཞིག་རྒྱ་མཚོའི་ཆུ་ནི་བལྟ་ཕྱིར་འགྲོ་བ་ཡིས། གལ་ཏེ་དེས་ཤིང་དང་ནགས་ཚལ་རིར་བཅས་པ་མཐོང་ན་ད་དུང་རྒྱ་མཚོ་ཆེན་པོ་ནི་རིང་ངོ་ཞེས་རྟོགས་པར་བྱའོ། །ཡང་གང་གི་ཚེ་ཅི་སྟེ་ཤིང་ལ་སོགས་པའི་རྟགས་མ་མཐོང་ན་དེའི་ཚེ་རྒྱ་མཚོ་ཆེན་པོ་ནི་ཉེ་བར་གྱུར་ཏེ། ཤིན་ཏུ་མི་རིང་ངོ་སྙམ་དུ་དེ་ལ་སོམ་ཉི་མེད་དེ་ཡིད་གཉིས་མེད་པར་རིག་པར་བྱའོ། །དེ་ལྟར་དེ་བཞིན་དུ་ཐོས་པའི་བསམ་པས་བྱང་ཆུབ་དམ་པར་ཞུགས་པར་རིག་པར་བྱའོ། །"[]ཞེས་གསུངས་པ་བཞིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པ་ནི་བྱང་ཆུབ་ཐོབ་པའི་ཉེ་བར་མཚོན་པ་ཡིན་པ་གསུངས།

ནང་དོན།

[རྩོམ་སྒྲིག]

ཆོས་མཉན་པའི་འབྲས་བུ་ནི་རིམ་པ་གསུམ་དུ་བསྟན་ཏེ། དང་པོ་ཆོས་ཀྱི་སྐུ་ཐོབ་པ་དང་། གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པ། གསུམ་པ་སྤྲུལ་པའི་སྐུ་ཐོབ་པ་བཅས་སོ། །

ཆོས་ཀྱི་སྐུ་ཐོབ་པ་ནི་"སུའི་ལག་ཏུ་ཐོབ་པ་ན་ཡུན་རིང་པོར་མི་ཐོགས་པར་དེས་བྱང་ཆུབ་མཆོག་ཏུ་ལོངས་སྤྱོད་རྫོགས་པའི་སྐུ་འདིར་མཉན་པ་ལ་སོགས་པའི་སྦྱོར་བའི་སྟོབས་ཀྱིས་འདྲེན་པ་རྣམས་ཀྱིས་འཐོབ་པོ། །"[]ཞེས་གསུངས།

ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པ་ནི། "དཔེར་ན་དཔྱིད་དུས་བཟང་ལ་ཡལ་ག་དང་ལོ་མ་རྙིངས་པ་རྣམས་ལྷགས་གྱུར་ན་ཡལ་གས་རིང་པོར་མི་ཐོགས་ལོ་འདབ་མེ་ཏོག་འབྲས་བུ་རྣམས་བསྐྲུན་ནོ། །དེ་བཞིན་དུ་ཤེས་རབ་ཕ་རོལ་ཕྱིན་འདི་སུའི་ལག་ཏུ་ཐོབ་པ་ན་ཡུན་རིང་པོར་མི་ཐོགས་པར་དེས་བྱང་ཆུབ་མཆོག་ཏུ་ལོངས་སྤྱོད་རྫོགས་པའི་སྐུ་"[]ཞེས་དཔེས་བསྟན།

སྤྲུལ་པའི་སྐུ་ཐོབ་པ་ནི། "དཔེར་ན་བུད་མེད་ན་ཆུང་མངལ་སྐྱེ་བ་ནི་སྦྲུམ་མའོ། །གང་གི་ཚེ་དེ་ནི་བཙའ་བའི་དུས་ལ་བབ་ཅེས་བྱ་བ་སྟེ། ཡན་ལག་རྣམས་རྒྱས་པ་ནི་དུས་ལ་བབ་བོ། །ཚོར་བ་ནི་ཉམས་སུ་མྱོང་བའི་རང་བཞིན་ནོ། །དེ་བཙའ་བའི་དུས་ཏེ་སྐྱེ་བ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྔར་མཉན་ནས་སེམས་པ་ན་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་པ་ལ་གོང་ནས་གོང་དུ་དགའ་བ་དང་འདུན་པ་བསྐྱེད་པ་མཐོང་བ་དེའི་ཚེ་འདིར་མཉན་པ་ལ་སོགས་པའི་སྦྱོར་བས་མྱུར་དུ་བྱང་ཆུབ་མཆོག་རེག་སྟེ། སྤྲུལ་པའི་སྐུ་ཐོབ་པོ། །"[]ཞེས་འཆད།

དབྱེ་བ།

[རྩོམ་སྒྲིག]

མཉན་པའི་རིམ་པ་ནི་རྒྱ་ཆེ་བ་དང་ཟབ་མོ་གཉིས་སུ་དབྱེ། "རྒྱ་ཆེར་ཡང་དག་པར་སྟོན་པར་བྱས་པ་སྟེ། སུའི་མཐུ་ལས་བྱུང་བ་ཡིན་སྙམ་ན། སྟོན་པ་སངས་རྒྱས་ཉིད་ཀྱིས་བྱིན་བརླབས་ཀྱི་མཐུ་ལས་འབྱུང་བ་ཡིན་ཏེ། ཉན་ཐོས་ལ་སོགས་པ་དེ་དག་གི་མཐུ་ལས་བྱུང་བ་མ་ཡིན་ནོ། །"[]ཞེས་གསུངས།

ཆོས་མཉན་པའི་གོ་རིམ་ནི་ལམ་རིམ་པ་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་པོར་མཉན་ནས། དེ་ནས་བསམ་པ། མཐར་སྒོམ་པའི་གོ་རིམ་དུ་བསྟན།

ཡོན་ཏན།

[རྩོམ་སྒྲིག]

མཉན་པའི་ཡོན་ཏན་ནི་མང་པོ་ཡོད་དེ། "བྱང་ཆུབ་སེམས་དཔའ་ཆོས་དང་གང་ཟག་ལ་བདག་མེད་པ་བསྒོམ་པ་ནི་གང་ཞིག་འདིར་རོ། །ཡང་སྦྱོར་བ་ལ་གནས་པ་ནི་སྤྱོད་པའོ། །སྤྱིའི་སངས་རྒྱས་ཀྱི་ཆོས་ནི་རྒྱུ་དང་འབྲས་བུའོ། །ཁྱད་པར་ནི་དད་པ་ལ་སོགས་པ་ལྔ་དང་། འདུན་པ་ལ་སོགས་པ་དང་ལྷན་ཅིག་བྱེད་པ་རྫུ་འཕྲུལ་གྱི་རྐང་པ་བཞི་ཉེ་བར་མཚོན་པ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡང་རྒྱུར་གྱུར་པ་རྣམས་ལ་མི་གནས་ཏེ། མི་རྟོག་ཅིང་བྱང་ཆུབ་ཀྱི་རྣམ་གྲངས་མ་ལུས་པ་ནི་ཉེ་བར་ཞི་བའོ། །"[]ཞེས་འཆད།

བར་ཆད།

[རྩོམ་སྒྲིག]

མཉན་པའི་བར་ཆད་ནི་བདུད་ཀྱི་ལས་ཤིག་ཡིན། "ཆོས་ཟབ་མོ་མཉན་པ་སོགས་དེ་ཡི་ཚེ་ན་ཆོས་ལ་ཡིད་སྡང་བ་བདུད་སྡིག་ཏོ་ཅན་གང་དག་ཟུག་རྔུས་ཟུག་པ་བཞིན་དུ་གྱུར་པ་དེ་དག་གིས་ནི་མདོ་འཛིན་པའི་དགེ་སློང་མང་པོའི་རྒྱུད་དཀྲུགས་ནས། བར་དུ་གཅོད་པའི་ཐབས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཚུལ་བཞིན་འཛིན་པ་དང་སེམས་པ་ལ་སོགས་པར་མི་འགྱུར་བའི་བར་དུ་གཅོད་པ་ཡི་ཆོས་རྣམ་པ་མང་པོ་གཞན་འདིར་མ་བཤད་པ་དུ་མ་ཡང་འབྱུང་བར་འགྱུར་ཏེ། མདོར་ན་ཆོས་ཟབ་མོ་འདི་འཛིན་པ་སོགས་ཀྱི་སྐབས་ན་དེ་ལ་གནོད་པའི་ཕྱོགས་སུ་གྱུར་ན་གང་ཅི་ཡང་རུང་སྟེ་དེ་ཐམས་ཅད་བདུད་ཀྱི་ལས་སུ་རིགས་པར་བྱ་སྟེ། བར་དུ་གཅོད་པ་དེ་ཉིད་ལ་བདུད་ཀྱི་ལས་ཞེས་མིང་དུ་བཏགས་པ་ཡིན་པའི་ཕྱིར་རོ། །"[]ཞེས་གསུངས།

མཐར་བསྡུ།

[རྩོམ་སྒྲིག]

དེ་ལྟར་མཉན་པ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་ཀྱི་ཆོས་ཟབ་མོ་ལ་རྒྱུན་དུ་ཉན་ཅིང་རྟོགས་པར་བྱེད་པ་ཞིག་ཡིན་ལ། དེ་ལ་བརྟེན་ནས་རིམ་གྱིས་སྐུ་གསུམ་ཐོབ་པའི་ཐབས་མཆོག་ཅིག་ཡིན་པར་འཆད་དོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༧༡-༧༢
  2. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༧༢
  3. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༧༢
  4. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༧༢
  5. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས། ༡༤
  6. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༧༣
  7. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས། ༤༥a-༤༥b
"https://bo.wikipedia.org/w/index.php?title=མཉན་པ་&oldid=147884"ལས་སླར་རྙེད་སོང།