མཆོད་རྟེན་ཞེས་པ་

ཡོང་ཁུངས་Wikipedia

༄༅།།ནང་བའི་ལུགས་སོ་སོའི་མཆོད་རྟེན་གྱི་ཚུལ་མདོ་ཙམ་བཤད་པ། རྩོམ་པ་བོ། གཙོས་ཤེས་རབ་རྒྱ་མཚོ། སྤྱིར་མཆོད་རྟེན་ལ་རྩ་བའི་ཆ་ནས་རིགས་ལྔ་སྟེ་རང་བཞིན་ལྷུན་གྱིས་གྲུབ་པ། བླ་ན་མེད་པ། བྱིན་གྱིས་བརླབས་པ། དངོས་གྲུབ་འབྱུང་བ། ཐེག་པ་སོ་སོའི་ལུགས་ཀྱི་མཆོད་རྟེན་བཅས་ལྔ་ཡོད་ཅིང་། དང་བོ་རང་བཞིན་ལྷུན་གྱིས་གྲུབ་པའི་མཆོད་རྟེན་ནི། དུས་འཁོར་ཡེ་ཤེས་ཀྱི་ལེའུ་ལས། དེ་ལྟར་ངེས་པར་འཇིག་རྟེན་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་སྟེ་འཁོར་ལོ་མཆོད་རྟེན་རང་བཞིན་ནོ།། ཞེས་དང་། འགྲེལ་ཆེན་དྲི་མེད་འོད་དུ། དེ་ལྟར་ལྷུན་པོ་དང་འཇིག་རྟེན་གྱི་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་སྟེ་མཆོད་རྟེན་གྱི་ལྷུན་པོའོ།། ཞེས་དང་། ལུང་བླ་མ་ལས། གླིང་བཞི་རྨང་། གསེར་རི། རི་རབ་དང་བཅས་པ་བང་རིམ། ཡོངས་འདུས་ལྗོན་ཤིང་བུམ་པར་བཤད་པ་ལྟ་བུ་ཕྱི་སྣོད་དང་། ཡང་ཀུན་གཞི་རྨང་། རྣམ་ཤེས་ཚོགས་བརྒྱད་ཀ་བ། དབང་བོ་གཟུགས་ཅན་བང་རིམ། ཡིད་དབང་བུམ་པ་སྟེ་ནང་བཅུད་ཀྱི་མཆོད་རྟེན་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་མཆོད་རྟེན་ནོ།། གཉིས་པ་བླ་ན་མེད་པའི་མཆོད་རྟེན་ནི། ཐིག་ལེ་དབང་གི་རྒྱུད་ལས། ཚད་མེད་བསམ་ཡས་ལས་བྱུང་འབྲས། ཤར་དུ་བྱམས་པ་རྡོ་རྗེ་བརྩེགས།། ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས།། ནུབ་ཏུ་དགའ་བ་པདྨ་བརྩེགས།། བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས།། ཞེས་ཚད་མེད་བཞིས་རིགས་བཞི་འགྲུབ་ཚུལ་དང་སྦྱར་བ་ལྟ་བུའོ།། གསུམ་པ་བྱིན་གྱིས་བརླབས་པའི་ནི། འཁོར་ལོ་འབྱུང་བའི་རྒྱུད་ལས། བྱིན་རླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་སྣང་། ཞེས་སོགས་ཀྱིས་ཤར་ལུས་འཕགས་ན་བྱིན་ལྡན་སྙོམས་གཏེར་དང་མཐར་ལེགས་གཡུང་དྲུང་ཏོག ལྷོ་ཛམ་བུ་གླིང་ན་ཐུགས་རྗེ་སྤྲུལ་པ་དང་ཡིད་བཞིན་ལྷུན་གྲུབ། ནུབ་བ་ལང་སྤྱོད་ན་དཔེ་མེད་བསམ་འདས་དང་རྨང་གྲགས་ཆོས་དབྱིངས། བྱང་སྒྲ་མི་སྙན་ན་ཡོན་ཏན་རིན་ཆེན་བརྩེགས་དང་བདེ་རྒྱས་སྒྲོན་མེ་སྟེ་བརྒྱད་དོ།། དེ་བཞིན་གཤེགས་པ་ལ་རྣམ་པ་ཐམས་ཅད་པར་འདུལ་བ་མདོ་རྩར་གསུངས་ཏེ། དེ་ཉིད་ལས། སངས་རྒྱས་རྣམས་ཀྱིས་ནི་རྣམ་པ་ཐམས་ཅད་དོ།། རྣམ་པ་ནི་བང་རིམ་བཞི་དང་། འདབ་མ་དང་། བུམ་པ་དང་། པུ་ཤུ་དང་། སྲོག་ཤིང་དང་། གདུགས་བཅུ་གསུམ་དང་ཆར་ཁེབས་དག་གོ ། ཞེས་གསུངས་པ་ལྟར་བང་རིམ་དང་བུམ་འདབ། སྲོག་ཤིང་གདུགས་ཆར་ཁེབས་སོགས་ཡོངས་སུ་རྫོགས་དགོས་ཏེ། གཞུང་བླ་མར། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་ནི་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ།། ཞེས་གསུངས་སོ།། གཞན་བུམ་པའི་མཆོད་རྟེན། རས་འཚིག་པའི་མཆོད་རྟེན་དང་། མ་འཚིག་པའི་མཆོད་རྟེན་དང་། སོལ་བའི་མཆོད་རྟེན་དང་། ཚེམས་ཆེ་བའི་མཆོད་རྟེན་དང་། སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་ནི་རིམ་པ་བཞིན་རྩ་ཅན་གྱི་ཡུལ། སྡིག་ཅན་དང་རྟོག་པ་གཡོ་བའི་དང་། སྒྲ་སྒྲོགས་ཀྱི་དང་། ཁྱབ་འཇུག་གི་དང་སེར་སྐྱའི་དང་། ཡངས་པ་ཅན་དང་མ་ག་དྷའི་ཡུལ་ན་བཞུགས་ཤིང་། སྤྱི་ལོ་༡༨༩༨ལོར་སེར་སྐྱའི་གྲོང་ཁྱེར་དུ་གྲགས་པ་pip rahwa ཞེས་བྱ་བ་ནས་ཤཱཀྱའི་རིགས་ཀྱི་གདུང་སྐལ་གྱི་རིང་བསྲེལ་བཞུགས་པའི་བུམ་པ་རྙེད་ཡོད་པ་དང་། སྤྱི་ལོ་༡༩༥༨ལོར་ཡངས་པ་ཅན་ནས་རིང་བསྲེལ་འཁྲུལ་མེད་བཞུགས་པའི་བུམ་པ་རྙེད་ཡོད་དོ།། གཞན་༡རྒྱལ་པོ་ཟས་གཙང་སོགས་ཀྱིས་སྐུ་འཁྲུངས་པའི་གནས་སུ་བཞེངས་པའི་དབྱིབས་ཟླུམ་པོ་པདྨ་འཁོར་ལོས་སྤྲོས་པའི་པད་སྤུངས་མཆོད་རྟེན། ༢ རྒྱལ་པོ་གཟུགས་ཅན་སྙིང་བོས་རྒྱལ་པོའི་ཁབ་ཏུ་བཞེངས་པའི་དབྱིབས་གྲུ་བཞི་ཅན་གྱི་མངོན་པར་བྱང་ཆུབ་པའི་མཆོད་རྟེན། ༣ ལྔ་སྡེས་ཝ་རཱ་ཎ་སིར་བཞེངས་པའི་གྲུ་བཞི་སྒོ་བརྒྱད་དམ་བཞིའམ་བཅུ་གཉིས་སམ་བཅུ་དྲུག་གང་རུང་ཅན་གྱི་བཀྲ་ཤིས་སྒོ་མང་མཆོད་རྟེན། ༤ ལི་ཙ་བྱི་རྣམས་ཀྱིས་མཉན་ཡོད་དུ་བཞེངས་པའི་དབྱིབས་གྲུ་བཞི་ཕྱོགས་རེར་གློ་འབུར་དང་བཅས་པ་མུ་སྟེགས་ཕམ་བྱེད་ཀྱི་མཛད་པ་མཚོན་པའི་ཆོ་འཕྲུལ་མཆོད་རྟེན། ༥ རྒྱལ་པོ་གསལ་ལྡན་སོགས་ཀྱིས་ཡུལ་གསལ་ལྡན་དུ་བཞེངས་པའི་ལྷ་བབ་མཛད་པར་ཐེམ་སྐས་དང་བཅས་པའི་ལྷ་བབ་མཆོད་རྟེན། ༦ མ་ག་དྷ་པ་རྣམས་ཀྱིས་རྒྱལ་པོའི་ཁབ་ཏུ་བཞེངས་པའི་བང་རིམ་བཞི་ག་གྲུ་བཞི་དབྱེན་གྱི་རྒྱུ་དུག་གསུམ་འཇིག་ལྟ་དང་བཅས་པ་བཅད་པ་མཚོན་ཕྱིར་དབྱེན་བསྡུམས་མཆོད་རྟེན། ༧ ཡངས་པ་ཅན་པ་རྣམས་ཀྱིས་ཡུལ་ཡངས་པ་ཅན་དུ་བཞེངས་པའི་སྐུ་ཚེ་ཟླ་བ་གསུམ་དུ་བྱིན་གྱིས་རླབས་པའི་མཛད་པར་བང་རིམ་ཟླུམ་པོ་གསུམ་ཅན་གྱི་རྣམ་རྒྱལ་མཆོད་རྟེན། ༨ རྩ་ཅན་གྱད་རྣམས་ཀྱིས་རྩ་མཆོག་གྲོང་དུ་མྱ་ངན་འདས་པའི་མཛད་པར་འཁོར་བའི་འཇིགས་པ་དང་བྲལ་ཞིང་སྤྲོས་པ་མེད་པ་མཚོན་ཕྱིར་བང་རིམ་མེད་པའི་གདན་ཁྲིའི་སྟེང་བུམ་སྟན་ཡན་ཆད་བཞུགས་པའི་མྱང་འདས་མཆོད་རྟེན་བཅས་བརྒྱད་དང་། མགོན་མེད་ཟས་སྦྱིན་དང་ལྷོ་ཕྱོགས་མཐའ་འཁོབ་ཀྱི་ཡུགས་མོ་ལྔ་བརྒྱ། གཟུགས་ཅན་སྙིང་བོའི་བཙུན་མོ་དང་བརྒྱ་བྱིན་རྣམས་ཀྱིས་བཞེངས་པའི་དབུ་སྐྲ་དང་ཕྱག་སེན་བཞུགས་པའི་མངོན་པར་སངས་རྒྱས་རྗེས་ཀྱི་མཆོད་རྟེན་དུ་མ་དང་། རྒྱལ་བུས་གཙུག་ཕུད་བྲེགས་ནས་བཞེངས་པ་དང་ཨ་བོ་བདུན་པས་མོས་པས་བརྩིགས་པའི་མཆོད་རྟེན་ནི་བྱང་ཆུབ་སེམས་སེམས་དཔའི་གནས་སྐབས་ཀྱི་མཆོད་རྟེན་སོགས་མང་ངོ་།། སོ་སོ་སྐྱེ་བོ་ལ་མགོ་བྱི་བོའམ་ཡུ་བོར་ཅན་ཏེ་རྩེ་མོ་མེད་པའི་མཆོད་རྟེན་བཞེངས་སྲོལ་ཡོད་པར་འདུལ་བ་མདོ་རྩ་དང་གཞུང་བླ་མ་ལས་གསུངས་སོ།། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་མཆོད་རྟེན་གྱི་རྟོག་པ་ལས། ཁང་བུ་བརྩེགས་པ་སོགས་གསུམ་གསུངས་པ་ནི་རྒྱ་བལ་བོད་གསུམ། ཐེ་ལན་ཊ་དང་འབར་མ་སོགས་ན་བཞུགས་པ་དག་གི་དབྱེ་གཞི་ལྟ་བུ་ཡིན་ཞིང་། གཞན་བོད་དུ་བཀའ་གདམས་ལུགས་ཀྱི་མཆོད་རྟེན་དང་ཕ་དམ་པའི་ས་ཙྪའི་དབྱིབས་ཅན་གྱི་མཆོད་རྟེན། མངའ་རིས་སུ་ཡོ་གའི་ལུགས་དང་བསྟུན་པའི་མཆོད་རྟེན་སོགས་མདོར་ན་ཆོས་སྐུའི་རྟེན་བཞུགས་པའི་མཆོད་རྟེན་དཔག་ཏུ་མེད་པ་འཛམ་གླིང་ཡུལ་གྲུ་ཀུན་ན་བཞེངས་སྲོལ་ཤིན་ཏུ་དར་རོ།།