མཆོད་པ་བཤམས་ཚུལ་

ཡོང་ཁུངས་Wikipedia

ཡོན་ཆབ་ཀྱི་ཁུངས།[རྩོམ་སྒྲིག]

ལྷ་བླ་མ་བྱང་ཆུབ་འོད་ཀྱིས། མཉམ་མེད་ཇོ་བོ་རྗེ་བོད་དུ་བསྟན་པ་དག་ཐེར་དུ་ཞུས་སྐབས། རང་ཅག་གི་དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་རྫ་ཆུ་བསིལ་མ་འདིས། ཇོ་བོ་ཨ་ཏི་ཤའི་ཐུགས་འཕྲོག་ནས། ཏིང་ཕོར་ནང་དུ་ཡོན་ཆབ་བཤམས་ཚུལ་འདི་དར་རོ།།དེ་ནས་རིམ་བཞིན། ལྷ་སར་འདུལ་བའི་མཆོད་པ། ཁྲ་འབྲུག་ལ་མངོན་པའི་མཆོད་པ། བསམ་ཡས་མདོ་སྡེ་མཆོད་པ། བྱང་ཆུབ་མཆོད་པ་སོགས། མཆོད་པ་ཆེན་པོ་བཞི་དར་ཁྱབ་བྱུང་ལ། རང་ཅག་མདོ་སྨད་ཀྱི་མཆོད་རྒྱུན་ཕལ་ཆེར་སྐུ་ཕྱོགས་གསེར་ཁང་བས་བཙུགས་སོ།།

མཆོད་པ་འབུལ་ལུགས།[རྩོམ་སྒྲིག]

ཏིང་ཕོར་ལ་མཛུབ་རྗེས་མ་ཕབ་པར་འོད་འཆར་བར་ཕྱིས་རྗེས། ཀུན་སློང་གཡོ་མེད་ཅིང་བཀོད་པ་མཛེས་པར་ཡོན་ཆབ་བཤམས་དགོས་ཏེ། དཔེར་ན། རྒྱ་གར་གྱི་ལུགས་བཞིན། ཡུལ་དམ་པ་མགྲོན་དུ་སྤྱན་དྲངས་དུས། ཆུ་གཙང་གིས་ཞབས་བཀྲུ་བ་དང་། དྲི་ཞིམ་གྱི་ཆུས་སྐུ་ཁྲུས་གསོལ་བ། མེ་ཏོག་སོགས་ཀྱིས་རྒྱན་འདོགས་པ། སྤོས་ཀྱིས་དྲི་བསུང་བདུག་པ། བཟའ་བཏུང་ཞལ་དུ་གསོལ་བ་སོགས། ཡུལ་དམ་པར་ཐུགས་མཉེས་པར་བྱེད་པ་དང་སྒོ་བསྟུན་ཏེ་འབུལ་ལོ།། ཆུ་རྒྱུན་ལྡུགས་ཚེ། ནས་འབྲུ་མའི་ཚུལ་དུ་ཐོག་མཐའ་གཉིས་ཕྲ་ལ། དཀྱིལ་སྦོམ་པོར་བྱས་ཏེ། ངག་ཏུ། ཨོཾ་ཨཱཿཧཱུཾ། ཞེས་ཡིག་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ཏེ་འབུལ་ལོ།། དེ་ནི། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཡིག་འབྲུ་གསུམ་ལ་ཞུགས་ཏེ་ཡོན་ཆབ་ཏུ་ཐིམ་ཞིང་། ཧཱུཾ་གྱིས་མི་གཙང་བ་ཐམས་ཅད་དག ཨཱསཿདག་གཙང་བདུད་རྩིའི་རང་བཞིན་དུ་བསྒྱུར། ཨོཾ་གྱིས་མང་དུ་སྤེལ་བར་བསམ་དགོས་སོ།།

ཏིང་ཕོར་བདུན་འབུལ་བའི་རྒྱུ་མཚན།[རྩོམ་སྒྲིག]

སྤྱིར་ན། ཏིང་ཕོར་ལ་རང་གི་ཕོར་བ་ལས་མ་ཆུང་བ་དང་། གྲངས་ཚད་ལ་ངེས་བཟུང་མེད་པར། ཇི་ལྟར་མང་ན། དེ་ལྟར་བཟང་། འོན་ཀྱང་། དེང་སང་། བདུན་ཚར་ཞེས་ཏིང་ཕོར་བདུན་རེ་བཤམས་པ་ནི། འདོན་ཆོག་མང་བོ་ན་གསལ་བ་ལྟར། མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས་བཅས། རྣམ་གྲངས་བདུན་འབུལ་སྲོལ་ཡོད་པ་དང་བསྟུན་ནོ།། འགའ་ཞིག སྟོན་པ་ཐུགས་རྗེ་ཅན་སྐུ་བལྟམས་མ་ཐག་ས་ཆེན་འདི་ལ་གོམ་པ་བདུན་བོར་དུས། མེ་ཏོག་བདུན་འཁྲུངས་པས། བདུན་ཚར་བཤམས་སྲོལ་བྱུང་ཡང་ཟེར།


ཡོན་ཆབ་ཀྱི་འཛེམ་བྱའི་སྐྱོན་དྲུག[རྩོམ་སྒྲིག]

༡ ཡོན་ཆབ་ཁ་མ་གང་ན། རྒྱུད་ལ་ཡོན་ཏན་གྱིས་མི་གང་བ། ༢ གང་ཆེས་ན། སྡིག་སྒྲིབ་ཀྱིས་ཁ་གང་བ། ༣ གཅིག་ལ་གཅིག་གཏུགས་ན། སྡིག་གྲོགས་དང་འཕྲད་པ། ༤ བར་ཁྱད་ཧ་ཅང་རིང་ན། དགེ་རྒན་དང་གྲོགས་བཟང་རིང་དུ་བཀྱེད་པ། ༥ ཡ་ཡོ་བྱུང་ན། ཚེ་རབས་ཀུན་ཏུ་སེམས་མི་དྲང་བ། ༦ ཡོན་ཆབ་ཕྱི་རོལ་ཏུ་འཕོས་ན། ཚེ་རབས་ཀུན་ཏུ་མིག་མི་གསལ་ཞིང་མིག་ཆུ་ཤོར་བའོ།།

ཡོན་ཆབ་ཀྱི་ཕན་ཡོན།[རྩོམ་སྒྲིག]

ཡོན་ཆབ་ལ་བརྟེན་ནས་དགེ་རྩ་སྒྲུབ་ཚུལ་འདི། ཕྱིའི་དངོས་བོ་ལ་རག་མ་ལས་པར། ནང་དད་པ་ལ་ཐོགས་ཏེ། མཐོ་རྒྱལ་བོ་དང་། དམའ་སྤྲང་ནག་བེར་ཀ་ཐོགས་པ་ཚུད་ཆད་ཀྱིས། འདི་འབྱོར་དང་དེ་མི་འབྱོར་ཞེས་ཁག་དཀྲི་རྒྱུ་མེད་པར། མཉམ་ཉིད་དུ་ལས་སུ་རུང་བ་ཡིན། དཔེར་ན། རྗེ་མི་ལས་ཟོག་གི་རྨིག་ཀོང་ཞིག་ཏུ་ཆུ་མཆོད་ཞིག་ཕུལ་བར། རྒྱ་གར་ནས་སངས་རྒྱས་བྱང་སེམས་མང་བོ་མཆོད་མགྲོན་དུ་ཕེབས་པ་ལྟ་བུ་ཡིན། ཁྱད་པར་དུ། ཇོ་བོས། བོད་ཀྱི་ཆུ་ཐམས་ཅད་ཡན་ལག་བརྒྱད་ལྡན་ཡིན་པས། བོད་ན་མཆོད་པ་ཡོན་ཆབ་གཅིག་པུས་ཆོག་འདུག གསུངས་པ་བཞིན། མཆོད་པའི་ཕན་ཡོན་གཞན་དག་ལྟ་ཅི། ཆུ་བོ་ཡན་ལག་བརྒྱད་པོའི་ཕན་ཡོན་རེ་རེ་བརྗོད་ནའང་འདི་ལྟ་སྟེ། ༡ ཆུ་བསིལ་བ་ཕུལ་བས། དཀོར་གྱི་སྒྲིབ་པ་སྦྱངས་ཤིང་ཚུལ་ཁྲིམས་དག ༢ ཆུ་ཞིམ་པས། ཟས་མཆོག་རྙེད། ༣ ཆུ་ཡང་བས། ལུས་སེམས་ལས་སུ་རུང་། ༤ ཆུ་འཇམ་པས། གཤིས་ཀ་འཇམ། ༥ ཆུ་དྭངས་པས། རིག་པ་དྭངས་ཤིང་སྙིང་རྗེ་ཆེ། ༦ ཆུ་དྲི་མི་ང་བས། སྡིག་སྒྲིབ་སྦྱོངས། ༧ ཆུ་ལྟོ་བ་ལ་མི་གནོད་པས། ནད་མི་འབྱུང་། ༨ ཆུ་མགྲིན་པ་ལ་མི་གནོད་པས། སྐད་སྙན་པ་བཅས་ཕན་ཡོན་འབྱུང་ངོ་།།