མཆོང་རྒྱག་
མཆོང་རྒྱག
[རྩོམ་སྒྲིག]བོད་ལྗོངས་སུ་ཁུལ་གང་སར་མཆོང་རྒྱག་གི་རྩེད་མོ་འདྲ་མིན་སྣ་ཚོགས་མཐོང་རྒྱུ་ཡོད་པ་སྟེ་མཆོང་སྟངས་ཐད་མཐོ་མཆོངས་དང་རྒྱང་མཆོངས་སོགས་ཡོད་པ་སྟེ། ལྷ་སར་དགོན་སྡེ་ཆེ་ཁག་སེ་འབྲས་གསུམ་ནང་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་བྱེད་མི་ཐུབ་མཁན་དགེ་འདུན་ཉུང་ཤས་ཁྲོད་དུ་རྡབ་རྡོབ་ཅེས་ན་བཟའ་དང་སྤྱོད་ལམ་ནི་གྲུབ་ཀྱི་སྲོལ་བཟུང་བ་ལྟ་བུ་སྟེ། ཁོ་ཚོའི་གྲྭ་ཆས་སྟོད་འགག་ལྷུག་གློད་དང་། སྨད་གོས་གཤམ་ཐབ་རྒྱལ་མཚན་ལྟ་བུའི་སུས་ཅན་བཞེས་པ། སྟོད་གཟན་བསྒྲིལ་ཏེ་ལྷུག་པོར་བཞེས་པ། ལྷམ་ཤ་གཟུགས་མའམ་སྒག་ལོ་བཞེས་པ། འགའ་ཤས་ཀྱིས་རྒྱ་ཞེས་རྣ་སྐྲ་འཇོག་པ། མིག་ལ་ཀྲེ་ནག་བྱུག་པ། མགུལ་ལ་གྲུའུ་ཙེ་དམར་པོའི་སྲུང་མདུད་དང་ལག་པ་གཡས་ལ་རྩ་སྡེམས་ཞེས་པ་གྲུའུ་ཙི་དམར་པོས་ལག་ཡུར་བཅིང་པ་སོགས་རེད། དགེ་འདུན་དེ་ཚོས་དགོན་པའི་མཁན་པོ་ལས་སྣེས་མ་ཤེས་པར་གསང་ཐབས་ཀྱིས་ཚོགས་པ་ཞིག་བཙུགས་ཡོད་པའི་མིང་ལ་ལྟོ་ཚང་ཞེས་འབོད། སྒྲིག་གཞིའི་ནང་རྡབ་རྡོབ་བགྲེས་པ་བཞི་དང་། རྒན་འགོ་གཉིས། མ་རྒན་གཉིས། མང་ཚོགས་སུམ་ཅུ་ཙམ་ད་དུང་དེའི་ཁོངས་སུ་གཏོགས་པ་མང་པོ་ཡོད། ལས་འགན་ནི་ཕྱོགས་རྒྱག(འགྲན་སྡུར)ཅེས་པའི་རྩ་དོན་བཟུང་སྟེ་སྐབས་རེ་ཐབ་བཀྱག་ཅེས་དགོན་པ་ནས་ཐོན་ཏེ་མཆོངས་ར་ཡོད་སར་བསྐྱོད་ནས་མཆོང་རྒྱག་དང་། རྐྱང་རྡོ། མོང་རྡོ། རྒྱབ་རྡོ། རྐུབ་རྡོ་བཅས་གཡུག་པའི་ལུས་རྩལ་སྣ་ལྔའི་སྦྱོང་བརྡར་བྱེད་པ། དབྱར་དགུན་གཉིས་ཞོགས་པ་སྔ་ལངས་ཀྱིས་བྱེ་རྒྱུག་རྒྱུགས་པ(བྱེ་མའི་ཐོག)དང་དགུན་ཁ་བྲག་ཆུ་གྲང་མོ་ལུས་སྟེང་དུ་གཟེད་པ། ཆུ་གྲང་མོ་བརྒལ་བ་སོགས་ཀྱི་དཀའ་སྦྱོང་བྱེད་ཀྱི་ཡོད། མཆོང་རའི་གནས་ཚུལ་ནི། རྒྱུག་ཚད་སྤྱི་ཁྲེ་ཉི་ཤུ་ཙམ། མཆོང་རའི་མཐོ་ཚད་ཐོག་ས་གཅིག་ཙམ། རིང་ཚད་སྤྱི་ཁྲེ་ལྔ་ཙམ། ཞེང་ཚད་སྤྱི་ཁྲེ་གཉིས་ཙམ། རྐྱང་རྡོ་སོགས་རྡོིའ་རིང་ཚད་མཐོ་གང་ཙམ་དང་། ལྗིད་ཚད་རྒྱ་མ་གང་ཙམ་ཡོད་པའི་དབྱིབས་གྲུ་བཞི་དཀྲུག་པ་ཞིག་ཡོད། ཕྱོགས་རྒྱག་ཅེས་པ་ནི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གྲྭ་ཚང་གི་རྡབ་རྡོབ་དང་སེ་ར་བྱེས་གྲྭ་ཚང་གི་རྡབ་རྡོབ་གཉིས་པོའི་ལྟོ་ཚང་གི་དབར་ལ་ལུས་རྩལ་སྣ་ལྔའི་འགྲན་སྡུར་བྱེད་པའི་སྐབས་སུ་མ་རྒན་་ཚུད་པའི་གྲྭ་ཚང་ཕྱོགས་རེ་ནས་མི་གྲངས་བཅུ་གསུམ་ནས་བཅོ་ལྔའི་བར་ཡིན། འགྲན་སྡུར་བྱེད་སྟངས། ༡.མཆོང་རྒྱག་ནི་སྔོན་རྒྱུག་པ་སོ་སོའི་ཐོད་པར་མར་ལྷེབ་སྦྱར་ཏེ་སྡེ་བརྒྱད་གསེར་སྐྱེབས་དང་དགྲ་ལྷའི་གསོལ་མཆོད་སོགས་ཆོས་ཀྱི་བྱེད་སྒོ་བྱས་རྗེས་རྒྱུགས་ནས་རིམ་བཞིན་མཆོང་གི་ཡོད། ༢.རྐྱང་རྡོ་ཞེས་པ་མཆོང་རའི་རྒྱུགས་ལམ་བརྒྱུད་དེ་མཆོང་རའི་ཁ་བཀྱབ་ནས་ལག་པ་ཁ་སྦུབ་ཀྱིས་རྒྱང་རྡོ་གཡུགས་པར་ཟེར། ༣.མངོ་རྡོ་ནི། ལག་པ་གནམ་ལ་བསྟན་ཏེ་གོང་ལྟར་མཆོང་རའི་ཁ་བཀྱག་སྟེང་ནས་རྒྱང་རྡོ་གཡུགས་པར་ཟེར། ༤.རྒྱབ་རྡོ་ནི་མཆོང་རའི་ཁ་བཀྱག་སྟེང་དུ་རྒྱབ་སློག་ནས་རྐང་པའི་མཐེ་བོང་གཉིས་བཀན་ནས་ལག་གཉིས་རྒྱབ་ཏུ་བསྟན་པའི་ཚུལ་གྱིས་རྒྱང་རྡོ་གཡུགས་པར་ཟེར། ༥.རྐུབ་རྡོ་ནི་མཆོང་རའི་ཁ་བཀྱག་སྟང་དུ་རྐང་རྩེ་བཙུགས་ཏེ་རྐང་པ་གཉིས་ཀྱི་དབར་རྒྱང་རྡོ་གཡུགས་པར་ཟེར།