Jump to content

མངོན་ཞེན་

ཡོང་ཁུངས་Wikipedia

མངོན་ཞེན་ཞེས་པ་ནི་ཤིན་ཏུ་ཞེན་ཅིང་ཆགས་པའི་སེམས་ཀྱི་རྣམ་འགྱུར་ཞིག་ལ་ཟེར། འདི་ནི་དགེ་བའི་ལས་བསྒྲུབ་པའི་སྐབས་སམ་མི་དགེ་བའི་ལས་སྒྲིབ་པའི་སྐབས་སུ་འདུན་པའམ་ཞེན་ཆགས་ཤིན་ཏུ་དྲག་པོ་སྐྱེ་བའི་སེམས་ཀྱི་གནས་ཚུལ་ལ་གོ།

མངོན་ཞེན་གྱི་ངོ་བོ།

[རྩོམ་སྒྲིག]

མངོན་ཞེན་ཞེས་པ་ནི་ཞེན་ཆགས་ཤིན་ཏུ་དྲག་པོ་ལ་ཟེར་བ་ཡིན། "མངོན་ཞེན་ནས་ཞེས་པ་ནི་ཆགས་ནས་སོ།"[] ཅེས་གསུངས་པ་ལྟར་ཞེན་ཆགས་ཤིན་ཏུ་དྲག་པོ་ལ་གོ །དགེ་བའི་ལས་དང་འབྲེལ་བའི་མངོན་ཞེན། དགེ་བའི་ལས་སྒྲུབ་པའི་སྐབས་སུ་མངོན་ཞེན་ཞེས་པ་ནི་"མངོན་པར་ཞེན་པ་ལས་བྱུང་བ་ནི་ཡི་དམ་དུ་བྱས་པའི་དང་བ་དྲག་པོས་བསྐྱེད་པའོ། །"[]ཞེས་གསུངས་པ་ལྟར་ཡི་དམ་དུ་བྱས་ཏེ་འདུན་པ་ཤུགས་དྲག་པོ་སྐྱེ་བའི་སེམས་ཀྱི་རྣམ་འགྱུར་ལ་ཟེར། མི་དགེ་བའི་ལས་དང་འབྲེལ་བའི་མངོན་ཞེན། འདོད་པའི་ཡུལ་ལ་ཞེན་ཆགས་ཤིན་ཏུ་དྲག་པོ་སྐྱེ་བའི་སྐབས་སུ་"མངོན་པར་ཆགས་ཤིང་ཞེན་ནས་བླ་མ་རྒྱལ་བ་སྲས་དང་བཅས་པའི་བཀའ་ལས་འདས་ཤིང་འགལ་བར་བྱས་ནས་ཤིན་ཏུ་མི་རིགས་པའི་སྡིག་པ་ཆེན་པོ་བསགས་སོ། །"[]ཞེས་གསུངས་པ་ལྟར་ཞེན་ཆགས་ཤིན་ཏུ་དྲག་པོ་ལ་གོ།

དགེ་བ་སྒྲུབ་པའི་སྐབས་ཀྱི་མངོན་ཞེན།

[རྩོམ་སྒྲིག]

དུས་ཀྱི་ཁྱད་པར། དགེ་བའི་ལས་བསྒྲུབ་པའི་སྐབས་སུ་དུས་ཀྱི་ཁྱད་པར་ཞེས་པ་ནི་"རྟག་པར་རྒྱུན་དུ་བྱ་བ་དང་"[]ཞེས་གསུངས་པ་ལྟར་དུས་རྟག་ཏུ་བྱེད་པ་ལ་ཟེར། འདི་ནི་དགེ་བའི་ལས་བསྒྲུབ་པའི་སྐབས་སུ་གཞི་རྟག་ཏུ་བྱེད་པ་ལ་ཟེར། བསམ་པའི་ཁྱད་པར། "ཀུན་སློང་གི་ཁྱད་པར་ལ་འདི་བྱ་དགོས་སྙམ་ནས་ཡང་ཡང་ཡི་དམ་དུ་བྱས་པའི་མངོན་ཞེན་གྱིས་བསླངས་པའི་འདུན་པ་ཤུགས་དྲག་པོ་ཉིད་ཀྱིས་བྱ་བ།"[] ཞེས་གསུངས་པ་ལྟར་བསམ་པའི་ཁྱད་པར་ཞེས་པ་ནི་མངོན་ཞེན་གྱིས་བསླངས་པའི་འདུན་པ་ཤུགས་དྲག་པོ་ལ་གོ། གཉེན་པོའི་ཁྱད་པར། "ཆགས་པའི་གཉེན་པོར་མ་ཆགས་པ་དང་བདེན་འཛིན་གྱི་གཉེན་པོར་སྟོང་ཉིད་སྒོམ་པ་སོགས་ཀྱི་གཉེན་པོ་ཡིས་ནི་ཀུན་ནས་བསླངས་པ་ཉིད།"[] ཅེས་གསུངས་པ་ལྟར་ཉོན་མོངས་པའི་གཉེན་པོ་ཡིས་ཀུན་ནས་བསླངས་པ་ལ་ཟེར། ཞིང་གི་ཁྱད་པར། "ཡུལ་གྱི་ཁྱད་པར་ལ་དཀོན་མཆོག་གསུམ་སོགས་ཡོན་ཏན་གྱི་ཞིང་ཁྱད་པར་ཅན་དང་ནི་ཕ་མ་དང་ཆོས་སྨྲ་སོགས་ཕན་འདོགས་པའི་ཞིང་དང་ནད་པ་དང་དབུལ་ཕོངས་སོགས་སྡུག་བསྔལ་བའི་ཞིང་སྟེ།"[] ཞེས་གསུངས་པ་ལྟར་ཞིང་གསུམ་པོ་ལ་ཟེར། ཡོན་ཏན་གྱི་ཞིང་ལ་དཀོན་མཆོག་གསུམ། ཕན་འདོགས་པའི་ཞིང་ལ་ཕ་མ་སོགས། སྡུག་བསྔལ་བའི་ཞིང་ལ་ནད་པ་དང་དབུལ་ཕོངས་པ་སོགས་ལ་ཟེར།

དགེ་བ་ཆེན་པོར་གྱུར་པའི་རྒྱུ་རྐྱེན།

[རྩོམ་སྒྲིག]

"དེ་རྣམས་ལ་མཆོད་པ་དང་སྦྱིན་པ་ལ་སོགས་པའི་དགེ་རྩ་བསགས་པ་ནི་དངོས་པོ་ཆུང་ངུ་དང་དུས་ཡུན་ཐུང་ངུའི་སྒོ་ནས་བྱས་པ་ཡིན་ཀྱང་འབྲས་བུ་རྒྱུ་ཆེན་པོ་དང་ཡུན་རིང་པོའི་བར་དུ་འབྱུང་བའི་རྒྱུར་གྱུར་པའི་དགེ་བ།"[] ཞེས་གསུངས་པ་ལྟར་ཞིང་ཁྱད་པར་ཅན་ལ་ཆུང་ངུ་ཞིག་བྱས་ཀྱང་འབྲས་བུ་ཆེན་པོ་འབྱུང་ངེས། "དུས་ཀྱི་ཁྱད་པར་རྟག་ཏུ་བྱེད་པ་དང་། བསམ་པའི་ཁྱད་པར་མངོན་ཞེན་ནམ་འདུན་པ་དྲག་པོས་ཀུན་ནས་བསླང་བ་དང་། གཉེན་པོའི་ཁྱད་པར་བྱང་ཆུབ་ཀྱི་སེམས་དང་དེ་ཁོ་ན་ཉིད་ སྒོམ་པ་སོགས་གཉེན་པོ་ཆེན་པོས་ཟིན་པའམ་ཀུན་ནས་བསླང་བ་ཉིད་དང་། ཞིང་གི་ཁྱད་པར་ཡོན་ཏན་གྱི་ཞིང་དཀོན་མཆོག་གསུམ། ཕན་བཏགས་པའི་ཞིང་ཕ་མ་དང་མཁན་སློབ། སྡུག་བསྔལ་བའི་ཞིང་ནད་པ་དང་མགོན་མེད་རྣམས་ལ་སྦྱིན་པ་ལ་སོགས་ པ་བྱས་པ་ན་ཆུང་ངུ་ལས་མ་བྱས་ཀྱང་དེའི་དགེ་བ་དེ་ནི་བསོད་ནམས་ཀྱི་ལས་གཞལ་དུ་མེད་པར་འགྱུར་བ་ཡིན་ནོ། །"[] ཞེས་གསུངས།

མི་དགེ་བའི་ལས་དང་འབྲེལ་བའི་མངོན་ཞེན།

[རྩོམ་སྒྲིག]

འདོད་པའི་ཡུལ་ལ་ཞེན་ཆགས། "བདག་ནི་འདོད་པའི་ཡུལ་ལྔ་པོ་དེ་ལ་མངོན་པར་ཞེན་ཅིང་ཆགས་ནས་དེའི་དོན་དུ་སྡིག་སྡུག་སོགས་གང་ལའང་མི་འཛེམ་པར་དཀའ་ཚེགས་ངལ་དུབ་ཆེན་པོ་ཁྱད་དུ་བསད་ནས་བླ་མའི་སྟེ་རང་གི་རྩ་བའི་བླ་མ་དང་འཇིག་རྟེན་གསུམ་གྱི་བླ་མ་སངས་རྒྱས་བཅོམ་ལྡན་འདས་སྲས་དང་བཅས་པའི་བཀའ་དང་འགལ་བར་བྱས་ཏེ་འདི་ཕྱི་གཉིས་ཕུང་བྱེད་པ་ཡིན།"[༡༠] ཞེས་གསུངས། ཞེན་ཆགས་ཀྱིས་འགྱོད་པ་སྐྱེ་བ། "བདག་ནི་ལོངས་སྤྱོད་དེ་ལ་མངོན་པར་ཞེན་ནས་བླ་མའི་བཀའ་དང་འགལ་བར་བྱས་པ་ནི་མི་རིགས་པས།"[༡༡] ཞེས་གསུངས་པ་ལྟར་ཞེན་ཆགས་ཀྱིས་བླ་མའི་བཀའ་དང་འགལ་བར་བྱས་པ་ལ་འགྱོད་པ་སྐྱེ་བ་ཡིན།

ཚོར་བ་རྟོག་པས་བཏགས་པའི་ངོ་བོ།

[རྩོམ་སྒྲིག]

"བདེ་སྡུག་གི་ཚོར་བ་རྟོག་པས་མངོན་པར་ཞེན་ཅིང་བཏགས་པ་ཙམ་ཉིད་ཡིན་ཞེས་བྱ་བར་གྲུབ་པ་མིན་ནམ་སྟེ་གྲུབ་པར་ཐལ།"[༡༢] ཞེས་གསུངས་པ་ལྟར་བདེ་སྡུག་གི་ཚོར་བ་ཆུད་ཟ་བ་ནི་རྟོག་པས་མངོན་པར་ཞེན་ཅིང་བཏགས་པ་ཙམ་ཉིད་ཡིན། "ཚོར་བ་བདེ་བ་དང་། སྡུག་བསྔལ་དང་། དེ་དག་ལས་གཞན་པ་ཡིན་ཏེ། གཞན་དངོས་པོའི་བདེ་བ་ལ་སོགས་པའམ། བདེ་བ་ལ་སོགས་པའི་རྒྱུ་ཡོད་པ་མ་ཡིན་ནོ། །"[༡༣]ཞེས་གསུངས།

བསྡུས་དོན།

[རྩོམ་སྒྲིག]

མངོན་ཞེན་ཞེས་པ་ནི་ཞེན་ཆགས་ཤིན་ཏུ་དྲག་པོ་ལ་ཟེར་བ་ཡིན། དགེ་བའི་ལས་སྒྲུབ་པའི་སྐབས་སུ་དུས་རྟག་ཏུ་བྱེད་པ་དང་། འདུན་པ་ཤུགས་དྲག་པོ་སྐྱེ་བ། ཉོན་མོངས་པའི་གཉེན་པོ་ཡིས་ཀུན་ནས་བསླངས་པ། ཞིང་གསུམ་ལ་བརྟེན་ནས་བྱས་པ་ནི་དགེ་བ་ཆེན་པོར་འགྱུར། ལྷག་པར་ཞིང་ཡོན་ཏན་ཅན་དཀོན་མཆོག་གསུམ་དང་ཕན་འདོགས་པའི་ཞིང་ཕ་མ་སོགས། སྡུག་བསྔལ་བའི་ཞིང་ནད་པ་སོགས་ལ་ཆུང་ངུ་ཞིག་བྱས་ཀྱང་འབྲས་བུ་ཆེན་པོ་འབྱུང་ངེས། ཡང་འདོད་པའི་ཡུལ་ལ་མངོན་ཞེན་སྐྱེ་ན་བླ་མའི་བཀའ་དང་འགལ་བར་བྱེད་ཅིང་སྡིག་པ་ཆེན་པོ་བསགས་ནས་འགྱོད་པ་བྱེད་དགོས། ཚོར་བ་ཆུད་ཟ་བ་ནི་རྟོག་པས་མངོན་ཞེན་གྱིས་བཏགས་པ་ཙམ་ཉིད་ཡིན་པར་འགྲེལ་བཤད་བྱེད།

ལུང་ཁུངས།

[རྩོམ་སྒྲིག]
  1. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  2. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  7. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  8. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  9. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  10. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  11. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  12. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  13. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།