མངོན་བརྗོད་རྩོམ་རིག་གི་བྱུང་བ།

ཡོང་ཁུངས་Wikipedia

མངོན་བརྗོད་རྩོམ་རིག་གི་བྱུང་བ།


བེ་རི་འཇིགས་མེད།

༡ མངོན་བརྗོད་ཇི་ལྟར་བྱུང་བ།

ཤེས་བྱ་རིག་པའི་གནས་བཅུའི་ནང་ནས་མངོན་བརྗོད་རིག་པ་འདི་ཉིད་འཇིག་རྟེན་འདིར་ཇི་ལྟར་བྱུང་བའི་རིམ་པ་ནི། ཆེས་ཐོག་མ་གང་ལས་བྱུང་བའི་ཁུངས་ཤར་གླིང་གི་འཇིག་རྟེན་འདི་ན་ལྟ་བ་དང་གྲུབ་མཐའ་ཡོངས་ཀྱི་ཆུ་བརྒྱའི་འབྱུང་ཁུངས་དང་ཤིང་བརྒྱའི་རྩ་བ་ལྟ་བུ་མུ་སྟེགས་གྲངས་ཅན་པའི་གྲུབ་མཐའ་བྱུང་བ་དེ་ནས་སྣོད་བཅུད་ཀྱི་འཇིག་རྟེན་འདིར་རང་བློས་ལྕོགས་ཚད་དང་ནུད་ཚད་ཀྱིས་ཚད་དཔག་བྱས་ཏེ། འཇིག་རྟེན་འདིར་ལེགས་ཆ་ཡོངས་རྫོགས་ལྷ་ཡིས་བྱས་པ་དང་། ཉེས་པ་ཡོངས་རྫོགས་འདྲེས་བྱས་པའི་ལྟ་གྲུབ་ཀྱི་གཞི་འཛིན་བྱེད་ས་རིག་བྱེད་ཀྱི་གཏམ་བརྒྱུད་དག་ལ་བརྟེན་ནས་བྱུང་། སྔོན་དུས་རིག་བྱེད་གསུམ་དང་ཕྱིས་ནས་སྲིད་སྲུང་བཅས་བཞི་ཚངས་པའི་ཞལ་ནས་བྱུང་རབས་ཀྱི་བཤད་སྲོལ་ནས། སྒྲའམ་སྙན་ཚིག་གི་རིག་བྱེད་བྱུང་རབས་བཤད་པ་དེའི་ཁོངས་སུ་མངོན་བརྗོད་དང་སྡེབ་སྦྱོར་ཡང་ཚུད་པ་ཡིན་ལ། རིག་བྱེད་ཀྱི་གཏམ་བརྒྱུད་ནི་དྲང་སྲོང་གྲོག་མཁར་བ་སོགས་སྔོན་གྱི་སྐྱེས་བུ་ཆེན་པོ་དག་གི་གསུངས་རྒྱུན་ཏུ། ལྷ་ཆེན་པོ་བརྒྱད་དང་ཀླུ་ཆེན་པོ་བརྒྱད། འཇིག་རྟེན་སྐྱོང་བ་བཞི། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པའི་ལྷ་འཁྲུག་ཀླུ་འཛིངས་ཀྱིས་མཚོན་པའི་ངག་རྒྱུན་ཡ་མཚན་པ་དུ་མ་བྱུང་བའི་བརྒྱུད་རིམ་ཁྲོད་ནས། ཉི་མ་དང་ཟླ་བ། དབང་ཕྱུག་དང་ཚངས་པ། བརྒྱ་བྱིན་དང་ཁྱབ་འཇུག ཚོགས་བདག་གླང་སྣ་དང་གཞོན་ནུ་གདོང་དྲུག རཱམ་དང་ར་ཝཱཎ་སོགས་གཏམ་རྒྱུད་ཡ་མཚན་པ་རེའི་ཁོག་པ་ནས་དེ་འབྲེལ་བྱ་དངོས་རིགས་སྣ་ཚོགས་པར་མིང་གི་རྣམ་གྲངས་མི་འདྲ་དུ་མ་རེ་རང་བཞིན་གྱིས་གྲུབ་ཅིང་། དུས་རབས་དང་ལོ་རབས། མི་རབས་དང་མི་རབས་དུ་མར་བརྒྱུད་པའི་ལྷ་སྒྲུང་ཀླུ་སྒྲུང་དང་། དགག་བཞག་ལྟ་གྲུབ་ཇེ་མང་དང་ཇེ་རྒྱས་སུ་སོང་བ་དེ་དང་ཆབས་གཅིག་ཏུ། མིང་གི་མངོན་པར་བརྗོད་པའི་རྣམ་གྲངས་ཀྱང་ལོ་ཟླའི་དུས་ཡུན་དང་མིའི་བསམ་བློའི་ཤུགས་ཚད་ལ་བསྟུན་ནས་ཇེ་མང་ནས་ཇེ་རྒྱས་སུ་སོང་སྟེ། དུས་རབས་བདུན་བརྒྱད་ཡན་མན་དུ། ནམ་མཁའི་ཉི་མ་གཅིག་པོར་མིང་བརྒྱ་དང་ཉི་ཤུ། ཟླ་བར་མིང་བརྒྱ་དང་བཅོ་ལྔར་ཆགས་པ་སོགས་འཕགས་པའི་ཡུལ་དུ་གཙུག་ལག་རིག་གནས་དང་། དགག་སྒྲུབ་ལྟ་གྲུབ་སྤྱིའི་འཕེལ་རིམ་ལྟ་ཅི། མིང་གི་འབྱོར་ཕྱུག་ཀྱང་སྐད་ཡིག་གཞན་གྱིས་ཆ་ཙམ་ཡང་བསྐྲུན་དུ་མི་ནུས་པའི་འཕེལ་ཁ་རྒྱ་ཆེར་ཕྱིན། ཆུ་བོ་གངྒ་གང་ལས་བྱུང་བ་དང་།་ཇི་ལྟར་བྱུང་བ།་འབྱུང་བའི་རྒྱུ་རྐྱེན། བྱུང་རྗེས་ཀྱི་གཏམ་བརྒྱུད་ཡ་མཚན་པ་དུ་མ་རིག་བྱེད་ཀྱི་ཀྱི་ལྷ་སྒྲུང་ལས་བྱུང་བ་དེ་དག་ལ་གཞིར་བཅོལ་ནས་མིང་གི་རྣམ་གྲང་མང་པོ་བཟོས་ཏེ། ། པཎྜི་ཏ་འཆི་མེད་སེངྒེས་མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད་ལས། གཾགཱ་ཁྱབ་འཇུག་རྐང་པ་དང་། ། ཛ་ཧྣུའི་བུ་མོ་ལྷ་ཡི་ཆུ། ། ཤིང་རྟ་བུ་མོ་ལམ་གསུམ་འགྲོ ། ། རྒྱུན་གསུམ་འཇིགས་བྱེད་བུ་མོ་དང་། ། ཞེས་འབྱུང་བའི་ཐད་ཀྱི་འགྲེལ་བ་འདོད་འཇོར་ཡང༌། དྲང་སྲོང་གི་རྒྱལ་པོ་ཛ་ཧྣུས་ངེས་པའི་མཆོད་སྦྱིན་ལ་བབས་པས་འཐུངས་ཏེ་སྐྱུགས་པས་བུ་མོར་ཡང་གྲུབ་པའི་ཕྱིར་དེའི་བུ་མོའོ། །བྷཱ་གཱི་ར་ཐི། སྐལ་ལྡན་ཤིང་རྟའི་རྒྱུད་དེ། རྒྱལ་པོ་སྐལ་ལྡན་ཤིང་རྟས་འཇིག་རྟེན་འདིར་ཕབ་པའི་ཕྱིར་དེའི་བུ་རྒྱུད་དོ། །ཏྲི་པ་ཐ་གཱ། ལམ་གསུམ་འགྲོ་སྟེ། མཐོ་རིས་དང་ས་འོག་གི་ལམ་གསུམ་དུ་འགྲོ་བའི་ཕྱིར་རོ། །ཏྲི་སྲོ་ཏཱ། རྒྱུན་གསུམ་པ་སྟེ་ཚངས་པའི་འཇིག་རྟེན་ནས་རྒྱུན་གསུམ་གྱིས་བབས་པའི་ཕྱིར་ཏེ་དོན་གཞན་གྱི་བསྡུ་བའོ། །བྷཱིཤྨ་སཱུཿ། འཇིགས་བྱེད་སྐྱེས་ཏེ། ཤཱནྟ་ནུའི་བཙུན་མོར་གྱུར་ནས་འཇིགས་བྱེད་སྐྱེས་པའི་ཕྱིར་རོ། །ཞེས་འབྱུང༌། རྒྱུ་མཚན་དེ་རྣམས་ལ་བརྟེན་ནས་ཆུ་བོ་གངྒཱ་ལ་མེས་པོའི་རལ་ཀླུང་དང་ལམ་གསུམ་བགྲོད་ཅེས་ཀྱང་བྱའོ། །ཞེས་དང་། དེའི་རྗེས་སུ་བྱུང་བའི་མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་བ་ལས།

ཛ་ཧཱུའི་བུ་མོ་རྒྱུན་གསུམ་མ། །

སྐལ་ལྡན་ཤིང་རྟ་ལམ་གསུམ་འགྲོ། ། ཁྱབ་འཇུག་རྐང་པ་འཇིགས་བྱེད་སྐྱེས། ། ཆོས་ཀྱི་ཁུ་མ་ཆུ་སྦྱིན་མ། ། དྲག་པོའི་ཐོད་གསེར་ལྡན་མའོ། ། ཞེས་གངྒའི་མིང་གི་རྣམ་གྲངས་བཅུ་གཅིག་ཙམ་བྱས་པ་དང་། པཎྜི་ཏ་གནས་བརྟན་དཔལ་རིགས་མཆོག་དཔལ་ཡེ་ཤེས་ཀྱིས་སྒྲ་གཅིག་དོན་མང་ནོར་བུའི་ཕྲེང་བ་ལས། ཏྲི་ཤྲོ་ཏ་ས་ནི། ལྷའི་ཆུ་ཀླུང་། ། ཛ་ཧྣུའི་བུ་མོ་མཐོ་རིས་འདབ། ། ཞེས་ཏྲི་ཤྲོ་ཏ་སའི་མིང་གཅིག་ཉིད། ལྷའི་ཆུ་བོ་དང་། གངྒཱའི་ཆུ་བོ། མཐོ་རིས་འདབ་གསུམ་ལ་འཇུག་པ་བཤད་པས་ཀྱང་མཚོན་ཏེ། དེ་དག་ལ་བརྟེན་ནས། མངོན་བརྗོད་མང་པོ་ཞིག་གི་མགོ་ཁུངས་ནི་རིག་བྱེད་ཀྱི་གཏམ་བརྒྱུད་དག་ལ་བརྟེན་ནས་བྱུང་བའི་གནས་ལུགས་དེ་ཉིད་ཤེས་ནུས་པ་ཞིག་ཡིན། མིང་གི་མངོན་པར་བརྗོད་པའི་འཕེལ་རྒྱས་ཀྱི་རླབས་རྒྱུན་དེ་དང་འགྲོགས་པའི་མངོན་བརྗོད་ཀྱི་གཞུང་ལུགས་ཀྱང་རིམ་པར་བྱུང་སྟེ། དུས་ཕྱིས་པཎྚི་ཏ་མཆི་མེད་སེང་གེས་འཕགས་ཡུལ་གྱི་རིག་བྱེད་དང་ལྟ་གྲུབ་ཆོས་ལུགས་ཡོངས་ཀྱི་གཞུང་ལུགས་ནས་གྲགས་པའི་མིང་གི་མངོན་བརྗོད་གང་རྙེད་ཕྱོགས་གཅིག་ཏུ་བསྒྲིགས་ཏེ། མངོན་བརྗོད་འཆི་མེད་མཛོད་ཅེས་པ་གསར་རྩོམ་མཛད་པ་ནས། གཞུང་དེ་ཉིད་ཕྱི་ནང་གི་ལྟ་གྲུབ་རིས་སུ་མ་ཕྱེ་བ་ཀུན་གྱིས་ཐུན་མོང་དུ་འཛིན་པའི་མངོན་བརྗོད་ཀྱི་གཞུང་ལུགས་གྲ་རྒྱས་ཤོས་དང་འཐུས་ཚང་ཤོས་སུ་གྱུར། ད་ལྟའི་བར་དུ་རྒྱ་གར་བའི་སློབ་གཉེར་ཁང་ཆེ་ཕྲ་དུ་མའི་སློབ་ཚན་དུའང་བཞག་སྣང་ཞིང་འཆད་ཉན་གྱི་རྒྱུན་མ་ཆད་པར་གནས། གཞུང་ལུགས་འདི་མཛད་ནས་ཡུན་རིང་མ་ལོན་པར་འགྲེལ་བ་ཡང་དུ་མ་བྱུང་སྣང་། བོད་དུ་མངོན་བརྗོད་རིག་པའི་སྲོལ་ཐོག་མར་འབྱེད་མཁན་ནི་འཇམ་མགོན་ས་སྐྱ་པཎྚི་ཏ་ཡིན་ཏེ། འཇམ་མགོན་ས་པཎ་ནི། སྐུ་ན་ཆུང་དུས་ནས་རང་གི་ཞང་པོ་ས་སྐྱ་བསོད་ནམས་རྩེ་མོ་དང་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་དུ་མ་ནས་བཟུང་ཐུན་མོང་དང་ཐུན་མོང་དང་མ་ཡིན་པའི་གཞུང་ལུགས་དུ་མར་བསླབ། དགྲ་འདུལ་དབང་པོའི་ཐ་སྙད་ལོ་རྒྱུས་ལས། མངོན་བརྗོད་ཀྱི་རིམ་པ་ཡང་བོད་དུ་ཡོངས་སུ་གྲགས་པའི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིར་གསུངས་པའི་མིང་གི་ཚོགས་མཐའ་ཡས་པ་དང༌། དེ་དག་ཀྱང་འདོད་རྒྱལ་དང༌། རྗེས་གྲུབ་འདྲ་འབྲེལ་སོགས་སོ་སོར་ཕྱེ་ཞིང༌། བཀས་བཅད་ཐོག་མཐའ་བར་གསུམ་དུ་གྲགས་པ་ལྟར། བརྡ་གསར་རྙིང་གི་བྱེ་བྲག་ཐམས་ཅད་ལེགས་པར་ཕྱེད་ཅིང༌། ལྷག་པར་མཁས་པ་ཆེན་པོ་དགེ་འདུན་དཔལ་ལས་མངོན་བརྗོད་ཀྱི་བསྟན་བཅོས་ལས་ཡི་གེ་རེ་རེའི་མངོན་བརྗོད་གསན་ཅིང་བསྒྱུར། ཨ་མ་ར་ཀོ་ཥ་དང༌། སྣ་ཚོགས་གསལ་བའི་འགྲེལ་པ་དང་བཅས་པ་གསན་ཅིང༌། དེ་དག་སྡེ་གསུ མ་མམ་བཞིར་འདུ ས་ཤིང༌། རྟགས་གསུ མ་གྱི་རྣམ་དབྱེ་ལེགས་པར་ཕྱེད་པའི་སྒོ་ནས་རིག་གནས་འདིའི་སྲོལ་ཆེར་བཏོད་པ་ཡིན་ཏེ། ཉིད་ཀྱི་གསུང་ལས། བྱང་ཕྱོགས་འདི་ན་ཚིག་ལ་མཁས་པ་མེད། །ལེགས་པར་ཤེས་ནས་འཆད་པ་ཁོ་བོ་ཙམ། །རྟགས་ཀྱི་དབྱེ་བ་ཕལ་ཆེར་འདིར་མི་འཇུག།འོན་ཀྱང་བོད་ལ་མཁོ་བ་ཙམ་ཞིག་བསྡུ།། ཞེས་གསུངས་ཤིང༌། བསྟོད་པ་མཛད་པས་ཀྱང༌། ཏིང྄་སུཔ྄་མཐའ་དང་རྟགས་ཀྱི་རྣམ་དབྱེ་སོགས། །སོ་སོར་མ་འདྲེས་སྣ་ཚོགས་མངོན་བརྗོད་དག།འཆད་མཁས་མཐའ་ཡས་མིང་ལ་མ་རྨོངས་པས། །འཆི་མེད་སེང་གེའི་ཁེངས་པ་ཐུང་ངུར་མཛད།༥༡ ། ཅེས་གསུངས་སོ།། ཆེར་སྐྱེས་པ་དང་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱོངས་སྟོབས་ཀྱི་ཡོན་ཏན་ཟུང་དུ་འབྲེལ་བའི་བློ་གྲོས་ཀྱི་རྩལ་གཞན་ལས་ཕུལ་དུ་བྱུང་བས་འཕགས་ཡུལ་ན་གྲགས་པའི་མངོན་བརྗོད་ཀྱི་གཞུང་ལུགས་དུ་མར་ལེགས་པར་བསླབས། འདིའི་ཕྱོགས་ལ་འགྲན་དུ་མེད་པའི་མཁས་པའི་གོ་འཕང་བརྙེས་ཏེ། ཁོང་གིས་མཛད་པའི་ས་པཎ་ང་བརྒྱད་མའི་རང་འགྲེལ་ལས། མངོན་བརྗོད་འཆད་ལ་འགྲན་མེད་ང་༌། །ཞེས་སྨྲས་པ་ཡང་མཁས་པ་རྣམས་ལ་གྲགས་པའི་མིང་གི་རྣམ་གྲངས། བརྡ་སྤྲོས་པ་རྣམས་ཀྱི་སྒྲས་ལེགས་པར་བསྒྲུབས་པའི་འཆི་མེད་མཛོད་དང༌། སྣ་ཚོགས་གསལ་བ་ལ་སོགས་པ་ནས་ཇི་ལྟར་འབྱུང་བའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་མཚན་གྱི་རྣམ་གྲངས་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། རིག་པ་འཛིན་པ་དང༌། དྲང་སྲོང་དང༌། ཕྱོགས་ཀྱི་གླང་པོ་བརྒྱད་དང༌། ཕྱོགས་སྐྱོང་བ་བཅུ་དང༌། གཟའ་དང༌། རྒྱུ་སྐར་དང༌། སྤྲིན་ལ་སོགས་པའི་མིང་དང༌། འབྱུང་བ་བཞི་དང༌། རིན་པོ་ཆེ་སྣ་ཚོགས་དང༌། ལྗོན་པ་དང༌། མེ་ཏོག་དང༌། འབྲས་བུ་དང༌། སྨན་ཐམས་ཅད་ཀྱི་མིང་དང༌། སྐད་ཅིག་དང༌། ཐང་ཅིག་དང༌། ཡུད་ཙམ་དང༌། ཐུན་དང༌། ཐུན་བཞི་དང༌། ཞག་དང༌། དེ་དག་གིས་བསྒྲུབས་པའི་མིག་འཛུམས་པ་དང༌། ཆུ་སྲང་དང༌། དབྱུ་གུ། འཕོ་བ། ཟླ་ཕྱེད། ཟླ་བ། ལོ། རྫོགས་ལྡན། སུམ་ལྡན། གཉིས་ལྡན། རྩོད་དུས། བར་བསྐལ། བསྐལ་པ་ཆེན་པོ་ལ་སོགས་པ་སྤྱི་དང་བྱེ་བྲག་གི་མིང་དང༌། རྒྱལ་པོ་དང༌། བློན་པོ་དང༌། སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་དང༌། མ་ནིང་དང༌། ཁྲོམ་དང༌། དམག་དང༌། དཔུང་དང༌། དཔུང་བུ་ཆུང་དང༌། དཔུང་ཚོགས་དང༌། མཚོན་ཆ་དང༌། གོ་ཆ་དང༌། འཐབ་བསྡུམས་ལ་སོགས་པའི་མིང་དང༌། གླང་པོ་དང༌། རྟ་དང༌། རྔ་མོང་དང༌། བོང་བུ་དང༌། ར་དང༌། ལུག་དང༌། མ་ཧེ་དང༌། བ་ལང་དང༌། སེང་གེ་དང༌། སྟག་དང༌། དོམ་དང༌། དྲེད་དང༌། །བསེ་ཁ་སྒོ་དང༌། ཤ་བཀྲ་ལ་སོགས་པའི་རི་དྭགས་ཀྱི་རིགས་དང༌། རྨ་བྱ་ལ་སོགས་པ་བྱའི་ཚོགས་དང༌། སྦྲང་བུ་དང༌། བུང་བ་དང༌། ཕྱི་མ་ལེབ་དང༌། སྲིན་བུའི་རིགས་རྣམ་པ་སྣ་ཚོགས་དང༌། རོ་ཧི་ཏ་དང༌། མཏྐུ་ར་དང༌། ཏི་མི་དང༌། ཉ་མིད་དང༌། ཆུ་སྲིན་དང༌། མ་ཀ་ར་དང༌། བྱིས་པ་གསོད་དང༌། འཛིན་ཁྲི་དང༌། ན་ཀྲ་ལ་སོགས་པ་ཆུ་ལ་སྤྱོད་པ་རྣམ་པ་སྣ་ཚོགས་པ་དང༌། ཡི་དྭགས་དང༌། དམྱལ་བའི་བར་འཁོར་བ་དང༌། མྱ་ངན་ལས་འདས་པས་བསྡུས་པ། ཕོ་དང༌། མོ་དང༌། མ་ནིང་དང༌། རྟགས་གསུམ་པའི་རྟགས་ཀྱིས་ཕྱེ་བ་ཁམས་གསུམ་གྱི་ལུས་དང༌། ལོངས་སྤྱོད་དང༌། ཀུན་ཏུ་སྤྱོད་པ་མཁས་པ་རྣམས་ལ་ཉེ་བར་མཁོ་བའི་མིང་གི་རྣམ་གྲངས། སྙན་ཅིང་འཇེབས་ལ་བརྡ་འཕྲོད་པ། བླུན་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་སོ་སོ་ཡང་དག་པར་རིག་པ་བཞིའི་རྒྱུར་འགྱུར་བའི་མིང་གི་རྣམ་གྲངས་ཕྱིན་ཅི་མ་ལོག་པར་ཤེས་པས་མངོན་བརྗོད་འཆད་ལ་འགྲན་མེད་ང༌། །ཞེས་སྨྲས་སོ། ། ཁོང་གིས་འཕགས་པའི་ཡུལ་གྱི་མངོན་བརྗོད་གཞུང་གི་ལེགས་ཆ་གཅིག་ཏུ་བསྡུས་པའི་ཐོག་གངས་ཅན་པའི་བརྡ་སྐད་དུ་མས་ཀྱང་ཟུར་རྒྱན་ཏེ། མངོན་བརྗོད་ཀྱི་བསྟན་བཅོས་ཚིག་གི་གཏེར་ཞེས་པ་མཛད། འདི་ནི་གངས་ཅན་པའི་ལོ་རྒྱུས་ན་བོད་པ་རང་གིས་མཛད་པའི་མངོན་བརྗོད་ཀྱི་གཞུང་ལུགས་ཐེངས་དང་པོ་དེ་ཡིན། དེའི་རྗེས་གཉན་ཐང་གི་བློ་བློ་བརྟན་བཞི་པས་ཚིག་གཏེར་གྱི་འགྲེལ་བཤད་མཛད། དེ་ནི་བོད་རང་གིས་བརྩམས་པའི་མངོན་བརྗོད་ཀྱི་གཞུང་ཐེངས་དང་པོ་དེ་ཡིན། ཚིག་གཏེར་གྱི་གཞུང་ལས་བྱུང་བའི་བསྟན་དོན་རེ་རེ་བཞིན་ལེགས་པར་བགྲོལ་བས། གངས་ཅན་པའི་ལྗོངས་སུ་མངོན་བརྗོད་རིག་པའི་གཞུང་ལུགས་ཀྱི་རྩ་བ་བརྟན་པོ་ཚུགས། སྤྱི་ལོའི་དུས་རབས་བཅུ་བཞི་པའི་ནང་ཡར་ཀླུང་པ་གྲགས་པ་རྒྱལ་མཚན་གྱིས་འཆི་མེད་མཛོད་བོད་སྐད་དུ་བསྒྱུར། དེ་ནི་ལོ་རྒྱུས་ཐོག་མངོན་བརྗོད་ཀྱི་འགྱུར་གཞུང་དང་པོ་དེ་ཡིན། གང་དུ་བསྒྱུར་བའི་གནས་ནི། གཞུང་དེའི་མཇུག་བྱང་དུ། པཎྚི་ཏ་ཆེན་པོ་ཀཱིརྟཱི་ཙནྡྲའི་ཞལ་སྔ་ནས། ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས། བལ་ཡུལ་ཡཾ་བུའི་གྲོང་ཁྱེར་དུ་བསྒྱུར་པའོ། །ཞེས་འབྱུང་བ་ལྟར་ཡིན། ལོ་ཆེན་གྲགས་པ་རྒྱལ་མཚན་ནི་ལོ་ཆེན་བྱང་ཆུབ་རྩེ་མོའི་རུས་དཔོན་ཡིན་ཞིང༌། ཉིད་ལ་ཇི་ལྟར་མངའ་བའི་ཆོས་ཐམས་ཅད་ཐུགས་སུ་ཆུད་ཅིང༌། ཨེ་དང་གྱམ་གྱི་གདན་སར་བཞུགས་ཏེ་མདོ་རྒྱུད་རིག་གནས་ཀྱི་བཤད་པ་རྒྱ་ཆེར་སྩལ་བས། སློབ་མ་མཁས་པར་གྱུར་པ་གྲངས་ལས་འདས་པ་ཞིག་ཐོན། སྲས་ཀྱི་མཆོག་ནི་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་སོགས་བྱོན། བསྟན་པ་སྤྱི་དང་ཡང་དགོས་བོ་དོང་པ་ལ་བཀའ་དྲིན་ཆེ་ཞིང་། རིག་གནས་སྤྱི་དང་ལྷག་པར་མངོན་བརྗོད་དང་སྙན་ངག་བཀའ་དྲིན་ཆེ། དེ་ནས་རིམ་པ་བཞིན། དེའི་འགྲེལ་བ་སྣ་ཚོགས་གསལ་བ་དང་། སྒྲ་གཅིག་དོན་མང་ལ་འཇུག་པའི་མངོན་བརྗོད་གཉིས་རྗེ་ཞྭ་དམར་ཆོས་གྲགས་རྒྱ་མཚོའི་སྐབས་ཞྭ་ལུས་བོད་སྒྱུར་བྱས། འཆད་ཉན་གྱི་སྲོལ་ཡང་སྤེལ། དུས་རབས་བཅུ་དྲུག་པའི་ནང་རི་སྤུངས་ངག་གི་དབང་ཕྱུག་འཇིག་རྟེན་གྲགས་པའི་སྡེས་མངོན་བརྗོད་མཁས་པའི་རྣ་རྒྱན་མཛད། འདི་ལ་རྩ་བའི་ས་བཅད། དང་ཡན་ལག་གི་ས་བཅད་བརྒྱད་ཕྱེས་ནས་འཕགས་ཡུལ་གྱི་མངོན་བརྗོད་འཆི་མེད་མཛོད་སོགས་དང་ས་པཎ་གྱི་ཚིག་གཏེར་སོགས་ཀྱི་སྙིང་དོན་གཅེས་བཏུས་ཀྱིས་བསྒྲིགས་པའི་མངོན་བརྗོད་ཀྱི་བསྟན་བཅོས་འདི་འདྲ་གྲ་རྒྱས་པ་དང་ཁོག་འགྲིགས་པ་འཕགས་ཡུལ་དུའང་བྱུང་མྱོང་མ་བའི་ཚོད་ཀྱིས་ཁུངས་དང་ལུང་དྲང་ས་རྩ་ཆེ་ཤོས་སུ་གྱུར། དུས་ཕྱིས་དངུལ་ཆུ་ཆོས་བཟང་གིས་འདིའི་དོན་གྱི་སྙིང་པོ་གཅེས་བཏུས་ཀྱི་མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས་དང་། རྒྱུད་སྡེ་དང་བཻ་དཀར་ལས་བྱུང་བའི་གྲངས་ཀྱི་མངོན་བརྗོད་ཀྱི་བརྡ་འགྲེལ་སོགས་མཛད་པས། ད་ལྟའི་བར་ཡུལ་དུས་གནས་བབ་ལ་བལྟས་པའི་མང་ཉུང་རྒྱས་བསྡུས་འཚམ་པས། མངོན་པརྗོད་ཀྱི་བསྡུས་གཞུང་འདི་དག་རྒྱལ་ཁབ་ཕྱི་ནང་དང་གཞི་བྱེས་གང་སར་འཕྲིན་ལས་ཀྱི་འོད་སྣང་གཞན་ལས་གསལ་བའི་སྐབས་སོ༎ འཕགས་བོད་ཀྱི་མངོན་བརྗོད་གཞུང་ལུགས་བོད་ཡིག་ཐོག་ཡོད་པ་རྣམས་ཀྱི་མཚན་གཞུང་ནི་འོག་ཏུ་གསལ། མངོན་བརྗོད་ཀྱི་མིང་གི་དབྱེ་བ།

མངོན་བརྗོད་ཀྱི་མིང་གི་དབྱེ་བ་ནི། མིང་གཅིག་དོན་མང་པོ་ལ་འཇུག་པ་དང༌། དོན་གཅིག་ལ་མིང་མང་པོ་འཇུག་པ། གྲངས་ཀྱི་མངོན་པར་བརྗོད་པ་སོགས་དུ་མ་ཡོད་དེ།

[1] མིང་གཅིག་དོན་མང་ལ་འཇུག་པ། དངོས་བཏགས་འདྲ་འབྲེལ་གང་ཞིག་གི་སྒོ་ནསམིང་གཅིག་སྐབས་དང་སྟོབས་ལ་བརྟེན་ནས་དོན་དུ་མ་གོ་ནུས་པའི་མིང་གི་རྣམ་གྲངས་རྣམས་ཏེ། དཔེར་ན། འཆི་མེད་མཛོད་ལས། དབང་ཆེན་གུ་གུལ་འུག་པ་དང་། སྦྲུལ་འཛིན་རྣམས་ལ་ཀཽ་ཤི་ཀཿ། ཞེས་དང་། ཨརྠ་བརྗོད་བྱ་ནོར་ཚིག་དོན། དགོས་པ་དང་ནི་ལྡོག་པ་ལ། །ཞེས་དང་། ཀླུ་སྒྲུབ་ཞབས་ཀྱིས། །ངག་ཕྱོགས་ས་དང་འོད་ཟེར་དང་། །ཕྱུགས་དང་མིག་དང་རྡོ་རྗེ་དང་། །མཐོ་རིས་ཆུ་སྟེ་དོན་དགུ་ལ། །མཁས་པས་གོ་སྒྲ་ངེས་པར་བཟུང་། །ཞེས་པ་ལྟ་བུ་དང་། གཞན་ཡང་མངོན་བརྗོད་མུ་ཏིག་ཕྲེང་བ་དང་། དཔལ་སྒྲའི་སྙེ་མ་སོགས་ནས་མཐའ་ཡས་པ་འབྱུང་བ་ལྟར་ལེགས་སྦྱར་ལ་ཤིན་ཏུ་མང་ཞིང་། བོད་སྐད་ལའང་། གཉིས་སྐྱེས་ཞེས་པའི་མིང་། ཟླ་བ། བྲམ་ཟེ། དགེ་སློང་། བྱ། དབྱངས་ཅན་མ། སོ་སོགས་ལ་འཇུག་པ་དང་། མཁའ་འགྲོ་ཞེས་པ་གྲུབ་པའི་རྣལ་འབྱོར་མ་དང་། ཨོ་རྒྱན་སོགས་ཞིང་སྐྱེས་ཀྱི་མི་མོ། ཉི་མ། འདབ་ཆགས། མདའ་ལའང་འཇུག་པ་བཞིན་ནོ། །སྐད་དོད་གཅིག་གིས་དོན་དུ་མར་འཇུག་པའི་མངོན་བརྗོད་ནོར་བུའི་ཕྲེང་བ་ལས། ཀིཊྚ་སྐྱོན་དང་ངན་གཡོ་དང་། ། དེ་བཞིན་ཏིལ་མར་ཚིགས་མ་དང་། ། སྡིག་སེམས་དང་ནི་བ་ཏུ་རའོ། ། ཀཱ་ཀ། བྱ་རོག་གདན་དང་སྦྲུལ། ། མགོ་བོ་བྱད་གདོང་ངན་པ་དང་། ། ང་རྒྱལ་གླིང་དང་། ཤིང་གི་བར། ། ཀཱ་ཀཱ། བྱ་རོག་བྱིན་པ་དང་། ། བྱ་རོག། གྲལ་དང་བྱ་རོག་ཤིང་། ། ཀཱ་ཀ་མཱ་བྱ་དྲི་མ་འཇོམས། ། བྲག་ཅན་ལ་ཡང་བལྟ་བར་བྱ། ། ཀཱ་ཀཾ་བྱ་རོག་ཚོགས་པ་དང་། ། གཡོ་བ་འཆིང་བར་བྱེད་པ་ལའང་། ། ཞེས་པས་མཚོན། ལེགས་སྦྱར་སྐད་ལ་ཧ་ཅང་མང་། བོད་རང་ལའང་རྗེ་དངུལ་ཆུ་ཆོས་བཟང་པོས། མིང་གཅིག་དོན་མང་པོ་ལ་འཇུག་ཚུལ་བཤད་པ་བློ་གསལ་མགྲིན་རྒྱན་ལས། ཀ་ཀོ་ལ་ནི་སྨན་དེ་དང་། ། དུག་རིགས་བྱེ་བྲག་གཅིག་ལའང་བཤད། ། ཀུན་ཁྱབ་ནམ་མཁའ་ཕྱོགས་ཀྱི་མིང་། ། ཀུན་གསལ་ཞེས་པ་ནམ་མཁའ་དང་། ། པདྨའི་གེ་སར་དག་ལ་འོ། ། ཀོོ་ཤི་ཀ་སྨན་གུ་གུ་ལ། མཛོད་ལྡན་དང་ནི་བརྒྱ་བྱིན་དང་། ། མཁས་པ་རྣམས་ཀྱི་མིང་ལ་འཇུག །དཀའ་ཐུབ་ཅན་ནི་སྤང་སྤོས་དང་། ། ལྷ་ཆེན་དབང་ཕྱུག་དག་ལ་འཇུག །སྐྱེད་བྱེད་ཕ་དང་ས་གཞི་ལའོ། ། སྐྱེས་བུའི་མཆོག་ནི་བླ་མ་དང་། ཁྱབ་འཇུག་ལ་ཡང་བཤད་པ་སྣང་། ། ཞེས་སོགས་གསུང་པ་ལྟར་རོ། དཔེ་མཚོན་ཡང་། གཉིས་སྐྱེས། _བྱ།་སངས་རྒྱས། དབྱངས་ཅན་མ། དགེ་སློང་། བྲམ་ཟེ། སོ། ངན་སེལ། __རྩ་ཀུ་ཤ། ངུར་པ། ཆུ། སྔོ་བསངས་མ། __མ་མཁའ། བུད་མེད། མཚན་མོ། འཇིགས་བྱེད།__སྲིན་པོ/ ལྷ་ཆེན་སྤྱི། གཤིན་རྗེའི་གཤེད། ཆུ་སྐྱེས། __ཟླ་བ། གཟའ་ལྷགཔ། པ་ཝ་སངས། ལྷ་ཡི་དྲང་སྲོང་། པདྨ། ཆུ་འཛིན།__སྤྲིན། བྷ་ག ། རྒྱ་མཚོ། ཆུ་མཛོད། ཆུ་སྲིན་རྒྱལ་མཚན། __འདོད་པའི་ལྷ། ཆུ་གཏེར། མཆེ་བ་ཅན།__གླང་པོ་ཆེ། ཕག །སེངྒེ་། ཆོས་ཀྱི་རྒྱལ་པོ།__སངས་རྒྱས། གཤིན་རྗེ། ཆོས་ལྡན་རྒྱལ་པོ། སྐྱེས་བུ་དམ་པ།

[2] དོན་གཅིག་ལ་མིང་མང་པོ་འཇུག་པ། དོན་གཅིག་ལ་མིང་མང་པོ་འཇུག་པ་ནི། དངོས་པོ་གཅིག་ལ་དངོས་བཏགས་འདྲ་འབྲེལ་ཅི་རིགས་སྣ་ཚོགས་པའི་སྒོ་ནས་མིང་གི་རྣམ་གྲངས་མང་པོ་བཏགས་པའི་མངོན་བརྗོད་དེ། འཆི་མེད་མཛོད་ལས།

ཀུན་མཁྱེན་བདེ་གཤེགས་སངས་རྒྱས་དང་། 

།ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས། ། ཀུན་ཏུ་བཟང་པོ་བཅོམ་ལྡན་འདས། ། བདུད་ཐུལ་རྒྱལ་བ་འཇིག་རྟེན་རྒྱལ། ། མངོན་ཤེས་དྲུག་ལྡན་སྟོབས་བཅུ་པ། ། གཉིས་མེད་གསུང་པ་རྣམ་པར་འདྲེན། ། ཐུབ་དབང་དཔལ་སྟུག་སྟོན་པའོ། ། ཞེས་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་བཅུ་བདུན་དུ་གསུངས་ཤིང་། དེའི་རྗེས་སུ་བྱུང་བའི་སྣ་ཚོགས་གསལ་བ་ལས། སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་དོན་གཉིས་སུ་འཕེལ་རྒྱས་སོང་བ་དང། དེས་མཚོན་ནས་ཉི་མ་ལ་མིང་བརྒྱ་དང་ཉི་ཤུ། ཟླ་བ་ལ་བརྒྱ་དང་བཅོ་ལྔ་ལྟ་བུ་ཤིན་ཏུ་མང་པོ་འབྱུང་ངོ་། །མངོན་བརྗོད་དེ་རྣམས་ཀྱང་ལེགས་སྦྱར་ལ་བྱིངས་ཀྱི་ཁམས་དང་། སྐད་གཉིས་ཀར་མིང་དེའི་དོན་ནམ་རྒྱུ་མཚན་ཀྱང་ཁོང་དུ་ཆུད་པར་བྱ་དགོས་ཏེ། དཔེར་ན་ལེགས་སྦྱར་ལ། བུངྔྷཱཿཞེས་པ་བུངྷི་རྟོགས་པའི་བྱིངས་ལ་དངོས་པོའི་དོན་ཀྟ་རྐྱེན་དུ་སྦྱར་ནས་བསྡུས་པས་གཉིད་དང་བྲལ་བ་ལྟ་བུའི་སངས་པའམ་ཤེས་བྱའི་དངོས་པོ་ཐམས་ཅད་ཇི་བཞིན་དུ་རྟོགས་པའི་དོན་དུ་འགྱུར་བ་དང་། དེ་ཉིད་བོད་སྐད་དུ་སངས་རྒྱས་ཞེས་སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་དོན་ལ་བརྟོན་ནས་བསྒྱུར་པར་མཛད་དེ། དེའང་། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ནི་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །ཞེས་ངེས་ཚིག་དང་སྦྱར་དགོས་པས་མཚོན་ཏེ་རྗེས་སུ་དཔག་བར་བྱའོ། །དཔེ་མཚོན་འགའ་ཞིག་འགོད་ན། ལྷ་ཡུལ། → མཐོ་རིས། ས་བླ། སྐབས་གསུམ་གནས། གསུམ་རྩེན། དལ་འཛིན།

ལྷ་ → ལེགས་བྲིས།  འཆི་མེད།  སྐབས་གསུམ་པ།  མཁར་ཉལ།  ཚིགས་བཟང།  ཚིག་མདའ་ཅན།  མེ་ཞལ།  རྣམ་སད།
བྱ་ཁྱུང་ → སྐྱ་རེངས་ནུ་བོ།  སྐར་མིག་བུ།  མཁའ་འགྲོའི་དབང་ཕྱུག་
མེ་ → འཁྱོག་འབར།  བི་ཤ་ན་རའི་བུ།  རླུང་གི་གྲོགས་པོ།  ལམ་ནག་ཞུགས།  ནོར་ལས་རྒྱལ་
       རླུང་རྟ་ → སྣ་ཚོགས་རྟ་ཅན།  སྟོབས་ཀྱི་ལྷ།  གཡོ་བྱེད་མགོན་པོ་
       རླུང་ → དྲི་གཞོན།  རྟག་འགྲོ།  མ་མོས་འཕེལ།  རྡུལ་གྱི་ཁ་ལོ་
      ནམ་མཁའ་ → ལྷ་ལམ།  སྤྲིན་ལམ།  རྒྱུ་སྐར་ལམ།  ཀུན་གསལ།  ཆུ་མཐོང།  གནམ་དགུང།  ཀུན་ཁྱབ་ 
      སྤྲིན།  →  ཆུ་འཛིན།  སྒྲ་ལྡན།  ཚ་ཟེར་འཇོམས།  ཆུ་ཁུར།  མཁའ་གླང་ 
       གློག།  →  འཇུག་པ་རྒྱ་པ།  གཞི་སྔོན་སྐྱེས།  ལུས་ཕྲ།   བདེ་ཐུང་ 
     འབྲུག་སྐད་ →  སྤྲིན་གྱི་སྒྲ།  དབྱར་སྐྱེས་རྔ།  སྒྲ་བརྒྱ་པ་ 
      ཐོག།  →   མེ་འཆར།  གནམ་ལྕགས།  སྤྲིན་གྱི་འོད།  རི་འཇོམས།  ལྕེ་འབབ་ 
      སེར་བ་ →   སྐྱིན་ཐང།  སྤྲིན་རུས།  ལོ་ཏོག་གཤེད།  རྡོ་ཆར།  ཆུ་མཁྲེགས་ 
        ཆར་པ།  →   གྲུ་ཆར།  སྦྲང་ཆར།  སྤྲིན་བཅུད།  སྤྲིན་གྱི་མེ་ཏོག་
       འཇའ་ཚོན་ →  རླུང་གི་རྒྱན་མཚན།  རྒན་པོའི་ཐིག།  དྲང་འཁྱོག།  གཞའ་རིས་ 
                         བརྒྱ་བྱིནགཞུ།      སོས་ཀ་བཞད་
          ཉི་མ།  →  བཅུ་གཉིས་བདག་པོ།   འོད་སྟོང་ཅན།   ནམ་མཁའ་ནོར་བུ།   པདྨའི་གཉེན།  
                       རྟ་བདུན་བདག་པོ།   རྟ་ལྗང་ཅན།   སྣང་བྱེད།   མེ་ཟླུམ་
         སྐྱ་རེངས་ →  བརླ་མེད།  འོད་སྲུངས།  ཁྱུང་སྔོན་སྐྱེས།  ཉི་མའི་ཁ་ལོ་
           ཟླ་བ།  →   བདེ་འབྱུང་གཙུག་རྒྱན།  རི་བོང་འཛིན།  རྒྱུ་སྐར་རྒྱལ་པོ།  ཀུ་མུད་གཉེན་ 
             གཉིས་སྐྱེས་རྒྱལ་པོ་ བསིལ་སྦྱིན་མཁན།    འོད་དཀར་ཅན།  བཅུ་དྲུག་ཆ།  ཆ་གཏེར་ཀུན་ཕན་ 
          མིག་དམར་ →  ས་སྐྱེས།  འོད་ཟེར་དགུ་པ།  བཀྲ་ཤིས་
          ལྷག་པ་ →  གསལ་ལྡན་ཟླ་བུ།  སྣར་མ་སྐྱེས།  གསེར་ལྡན་ལུས་གཅིག་
          ཕུར་བུ།  →   བློ་ལྡན་དབྱངས་བདག།  མེ་གཞི་སྐྱེས།  ལྷ་ཡི་བླ་མ་
        པ་སངས་ →   ཁུ་བ་དཀར་པོ།  ངན་སྤོང་བུ།  ལྷ་མིན་བླ་མ་
       སྤེན་པ་ →  འོད་ཟེར་བདུན་པ།   གོས་སྔོན་ཅན།  ཚངས་སྐྱེས་ཉི་བུ།

[3] གྲངས་ཀྱི་མངོན་བརྗོད། གྲངས་ཀྱི་མངོན་བརྗོད་ཀྱི་དགོས་དོན་རགས་ཙམ་ཞུ་ན། དང་པོ་གྲངས་ཀྱི་མངོན་བརྗོད་ཀྱི་མྱུ་གུ་འདི་དག་ཆེས་ཐོག་མར་འཇིག་རྟེན་འདིར་ཇི་ལྟར་འབུས་པའི་ཞིང་ས་ལྟ་བུ་ནི། བྲམ་ཟེ་ཆོས་ལུགས་པའི་གསང་ཚིག་ལས་བྱུང་བ་ཞིག་ཡིན། དེ་ཡང་བྲམ་ཟེ་གསང་ཚིག་ནི་ཤིན་ཏུ་གསང་བའི་མན་ངག་གི་མཐའ་ཐུག་པར་འདོད་པས། དེ་ཉིད་ཕ་ཡིས་བུ་ལ་གནང་བ་ཡང་རང་ཉིད་འཆི་ཁར་མ་གཏོགས་བུ་ལ་མི་སྟེར། ཡིག་ཐོག་བཀོད་པ་སོགས་ནི་དེ་བས་མི་བྱེད། སྐབས་འགའ་ཞིག་ལ་དོན་གནད་ཆེས་ཆེར་ལྡན་པའི་མན་ངག་གསང་བ་དེ་ཉིད་བསྟན་པའི་མིང་ཚིག་དངོས་གནས་དེ་མི་སྤྱོད་པར། དེ་ཉིད་མཚོན་ཐབས་ཀྱི་དངོས་པོ་གཞན་ཞིག་ཚབ་མཚོན་དུ་གཡར་ནས། ཚབ་མཚོན་གྱི་མིང་ཚིག་དེའི་ཁྱད་ཆོས་དང་རྣམ་གྲངས་གང་ཞིག་གི་ཐོག་ནས་བརྗོད་འདོད་པའི་གྲངས་ཀྱི་ངོ་བོ་དེ་ཉིད་སྐབས་སུ་བབ་པའི་སྐྱེ་བོ་དེ་ཁོ་ནས་གོ་བའི་ཐབས་ལམ་སྤྱོད་པ་དེ་ནི། གྲངས་ཀྱི་མངོན་བརྗོད་འཇིག་རྟེན་འདིར་ཐོག་མར་བྱུང་བའི་མགོ་ཁུངས་དང་པོ་དེ་ཡིན། གྲངས་ཀྱི་མངོན་བརྗོད་ཀྱི་ཐ་སྙད་འཇིག་རྟེན་འདིར་གོམ་སྟབས་གཉིས་པ་སྤོས་ས་ནི། ཕྱི་ནང་གི་གསང་སྔགས་རྒྱུད་སྡེ་སྨྲ་བ་རྣམས་ཡིན། གྲུབ་པའི་གོ་འཕང་ལ་འཛེགས་པའི་རྣལ་འབྱོར་པ་དང་གྲུབ་པ་ཐོབ་པའི་སྐྱེ་བོ་དེ་དག་གིས་རང་ཉིད་ལ་ལྡན་པའི་ཆེས་ཟབ་པ་དང་ཆེས་གསང་བའི་ངན་ངག་གམ་གསང་སྔགས་དེ་དག་བསྟན་པའི་ཐ་སྙད་དངོས་དེ་ཐ་ན་གོས་ཀྱི་གོང་བའི་ཕྱི་རོལ་ཏུའང་གོ་བའི་ཚིག་བརྗོད་མི་སྤྱོད་ན། འོ་ན་མན་ངག་དེ་དག་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཐབས་ལམ་གང་ཞིག་ལ་བརྟེན་དགོས་སམ་ཞེས་ན། དེའི་ཆ་ཤས་གསང་སྔགས་དང་འབྲེལ་བའི་རྣམས་གྲངས་ཀྱི་ཆ་ལག་རྣམས་རྣམ་གྲངས་དེ་ལྡན་གྱི་ཐ་སྙད་དངོས་དེ་མི་སྤྱོད་པར། རྣམ་གྲངས་དེ་ཉིད་གོ་ནུས་ལྡན་པའི་བྱ་དངོས་གཞན་ཞིག་ཚབ་མཚོན་དུ་བརྗོད་པའི་སྲོལ་བྱུང་བ་དེ་ནས། གྲངས་ཀྱི་མངོན་བརྗོད་ཀྱི་གོམ་སྟབས་གཉིས་པ་དེ་འཇིག་རྟེན་འདིར་སྤོས་པ་ཡིན། གྲངས་ཀྱི་མངོན་བརྗོད་འདི་ཉིད་འཇིག་རྟེན་འདིར་འཕེལ་རྒྱས་ཀྱི་གཞི་རྒྱ་ཇེ་ཆེར་ཕྱིན་ཏེ་རྒྱ་ཁྱབ་ཏུ་སོང་བའི་འགོ་འཛུགས་ཀྱི་དབུ་ཁྱུད་འབྲི་ས་ནི། འཕགས་ཡུལ་གྱི་རྩོམ་པ་པོ་དང་། སྙན་ངག་པ། ཟློས་གར་བ་ཚོའི་རྣམ་དཔྱོད་ཀྱི་གུར་ཁྱིམ་བརྒྱུད་རྨ་བྱའི་སྒྲོ་སྨྱུག་དང་ཏཱ་ལའི་ལོ་མའི་བར་ནས་བྱུང་ཞིང་འཚར། འཚར་ཞིང་འཕེལ་བ་ཞིག་ཡིན་ཏེ། དེ་ནི་འཕགས་ཡུལ་གྱི་མཁས་པ་ནོར་རྒྱུན་མ་ལ་འཁོན་འཛིན་ཤོར་ཡང་དབྱངས་ཅན་མའི་བྱིན་རླབས་ཀྱི་འཇུག་པའི་ཆུ་ཐིགས་ཀྱིས་འཚོ་བའི་སོར་རྩེ་ན་རྨ་བྱའི་སྒྲོ་སྨྱུག་ཐོགས་པའི་སྨྱུ་རྩེ་ནས་གསང་བའི་བརྡ་ཐབས་དང་ཚོགས་ཀྱི་དབུས་སུ་གང་ཚིག་གི་རོལ་རྩེད། ཉམས་འགྱུར་གྱི་སྒྱུ་རྩལ། ཚིག་གསོན་ཉམས་ལྡན་ལ་དོན་རོ་མངར་ལྡན་པའི་འོད་སྟོང་འབར་བའི་ལོ་མའི་གླེགས་བམ་གྱི་ཁྲོད་ནས་ཉི་ཟླའི་འོད་སྣང་ལྟར་མཐའ་ཀླས་པའི་འཇིག་རྟེན་འདིར་བརྡལ་བ་ནི། གྲངས་ཀྱི་མངོན་བརྗོད་འཕེལ་རྒྱས་ཀྱི་དབུ་ཁྱུད་གང་དུ་འབྲི་སའི་མགོ་ཁུངས་དེ་ཡིན། གྲངས་ཀྱི་མངོན་བརྗོད་འདི་ཉིད་གངས་ཅན་པའི་ལྗོངས་སུ་ཇི་ལྟར་འཕེལ་ཞིང་ཁྱབ་པའི་བརྒྱུད་རིམ་ནི། གོང་དུ་གསལ་བ་དེ་དག་གི་ཁྲོད་ནས་གསང་སྔགས་ཀྱི་བརྡ་ཐབས་དང་གཅིག རྩོམ་རིག་ལས་འཕོས་པའི་གབ་ཚིག་དང་བཞད་གད་སོགས་ཀྱི་ཉམས་འགྱུར་མཚན་ཐབས་དང་གཉིས། རྩིས་གཞུང་ལས་བྱུང་བའི་མུ་མཐའ་མེད་པའི་གྲངས་གནས་དེ་དག་སྟབས་བདེའི་མཚོན་ཐབས་དང་གསུམ་ལ་བརྟེན་ནས། དཔྱིད་ཀྱི་དཔལ་ཡོན་དང་ཁུ་བྱུག་གླུ་སྒྲ་བཞིན་ལྟོས་གྲུབ་རང་བཞིན་ལྡན་པའི་སྒོ་ནས། གངས་རིའི་སུལ་ན་རྣམ་གྲངས་མཐའ་ཡས་པའི་གྲངས་གནས་མཚན་པའི་མིང་གི་མངོན་བརྗོད་ནི་གངས་ལྷ་མེ་ཏོག་བཞིན་བཞད་པའི་མགོ་རྩོམ་པའི་ཐོག བོད་རང་གི་སྒྲུང་ལྡེའུ་བོན་གྱི་རིག་པའི་གཞུང་ལའང་ཆུ་ལུད་དང་མེ་ཏོག་བཞིན་རྒྱུ་འབྲས་ལྟོས་གྲུབ་ཀྱི་སྒོ་ནས་འཕེལ་རྒྱས་རྒྱ་ཆེར་ཕྱིར་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་དེད་ན་ཤིན་ཏུ་རིང་བ་དེ་རྣམས་སྐབས་དོན་མི་སྒྲིབ་པའི་སླད་རྒྱས་པར་མི་སྤྲོ་བར་སྙིང་པོ་ཙམ་བསྡུས་ནས་བརྗོད་པ་ལགས། གྲངས་ཀྱི་མངོན་བརྗོད་ཀྱི་དཔེ་མཚོན་ནི། རྗེ་དངུལ་ཆུ་བས། གྲངས་ཀྱི་མངོན་བརྗོད་ཀྱི་རྣམ་བཤད་ལས། ཟླ་བ་གཟུགས་དང་འོད་དཀར་ཅན། ། བསེ་རུ་རྣམས་ནི་གཅིག་གི་མིང༌། ། ཞེས་པ་སྟེ། རིམ་པ་ལྟར་ཟླ་བའི་ཁང་བཟང་ལ་རི་བོང་གི་གཟུགས་བརྙན་གཅིག་ཡོད་པ་དང༌། གཟུགས་ཀྱི་ཕུང་པོ་གཅིག་ཏུ་ངེས་པ་དང༌། འོད་དཀར་ཅན་ཏེ་ཟླ་བ་གཅིག་ལས་མེད་པ་དང༌། རི་དྭགས་བསེ་རུ་ལ་རྭ་གཅིག་ལས་མི་སྐྱེ་བའི་རྒྱུ་མཚན་གྱིས་ཡིན་ནོ།། ཞེས་འབྱུང་བ་ལྟར་ཡིན། དཔེ་མཚོན་གཞན་ཡང་འགའ་ཞིག་འགོད་ན། • གཅིག་གི་མིང་། བསྲེ་རུ། ཟླ་བ། མགོ ། • གཉིས་ཀྱི་མིང་། འཁྲིག བགྲོད། འཚེམ་མ། ཐབས་ཤེས། རྭ། རྐང་པ། རྣ་བ། ཤིང་རྟ་སྲོལ་འབྱེད། ཡང་འཇུག མིག །ཀུན་རྫོབ། གཤོག་པ། • གསུམ་གྱི་མིང་། དཀོན་མཆོག ། སྐུ། སྐྱབས བསླབ་པ། སྡེ་སྣོད། འཁོར་ལོ། དུས། སྒོ། དངོས་པོ། ཆོས་གོས། མེས་དབོན། འཇིག་རྟེན། མགོ་ཅན། ངན་འགྲོ །བདེ་འགྲོ །སྣོད་ཀྱི་སྐྱོན། དྲག་པོའི་མིག ། དགའ་བྱེད་མདའ། • བཞིའི་མིང་། ཀ་ཆེན། བཀར་བཏགས། རྐྱེན། སྐད། འབྱུང་བ། བསྐལ་པ། ཆུ་བོ། གྲུབ་མཐའ། རྒྱུད་སྡེ། དུས་ཆེན། ཁ་འབབ། ལས། བདུད། དཔུང་ཚོགས། དྲན་པ་ཉེར་བཞག །མཐུན་པ་སྤུན། རིག་བྱེད། འདོགས་ཅན། • ལྔའི་མིང་། ཀུན་འགྲོ །བཀའ་པོད། སྐྱ་བསེང་བུ། མཁའ་འགྲོ རིག་གནས། འགོ་བའི་ལྷ། དབང་པོ། རྟོག་གེ །ལོག་འཚོ། བདུད་རྩི། ཤ །འདོད་ཡོན། མདའ༎རང་འབྱོར། • དྲུག་གི་མིང་། ཕྲ་རྒྱས། གྲོང་ཁྱེར། འགྲོ་བ། མངོན་ཤེས། སྟོན་པ། འདོད་ལྷ། ནུ་གུ། ན་རོའི་ཆོས། རྣམ་ཤེས། ཕར་ཕྱིན། འཛམ་གླིང་རྒྱན། སྦྱོར་ཆོས། རྩ་ཉོན། ཚེ་རིང་། • བདུན་གྱི་མིང་། ཀློང་ཆེན་མཛོད། ཁ་སྦྱོར། རིན་ཆེན། རི། རྒྱ། ཉེ་བའི་རིན་ཆེན། མཚོ། མངོན་པ་སྡེ། མངོན་སུམ་ལྟར་སྣང་། རྣམ་སྣང་ཆོས། བཏད་རབས། ཉི་མའི་རྟ། འཕགས་ནོར། བློ་རིགས། བྱང་ཆུབ་ཡན་ལག །སད་མི། • བརྒྱད་ཀྱི་མིང་། ལྷ། ཀླུ། གྲུབ་པ། བཀྲ་ཤིས། ཚ་དམྱལ། གྲངས་དམྱལ། གླིང་ཕྲན། རྣམ་དབྱེ། དངོས་པོ། མངོན་རྟོགས། མཆོད་རྟེན། ཉམས། ཚངས་པའི་རྣ་བ། རོལ་པའི་མཚོ།། སྒྲུབ་བརྒྱུད་ཤིང་རྟ། འཇིག་རྟེན་ཆོས། རྟོག་གེའི་ཚིག་དོན། མི་ཁོམ་གནས། དུར་ཁྲོད། རྡུལ་རྫས། དབྱིབས། པྲ་ཀ་ར་ཎ་དང་། འཕགས་ལམ། (འདི་དག་གི་སྡོམ་ཚིག་གངས་སུལ་རོལ་དབྱངས་ལ་གཟིགས་དགོས)

[4 ] མངོན་བརྗོད་ཀྱི་མིང་ཇི་ལྟར་འདོགས་པ།

མངོན་བརྗོད་ཀྱི་མིང་ཇི་ལྟར་འདོགས་ཚུལ་ལ། གོང་དུ་ཞུས་པ་ལྟར་རིག་བྱེད་ཀྱི་གཏམ་རྒྱུད་ལས་བྱུང་བའི་ལྷ་སྒྲུང་དང་། དོན་དངོས་ཀྱི་གཞི་འཛིན་ས་ཡོད་པའི་ལོ་རྒྱུས། ཆོས་ལུགས་པའི་ལྟ་གྲུབ། རྒན་རབས་པའི་བཤད་སྒྲོས། དངོས་པོ་རང་རང་གི་ངོ་བོ་དང་བྱེད་ལ། ནུས་པ་ཁྱད་ཆོས། རྒྱུ་རྐྱེན་དང་འཇུག་འབྲས། ལྟོས་གྲུབ་དང་གཟུགས་དབྱིབས། བྱ་བ་དང་བྱེད་པ། དཔེ་མཚོན། ཚབ་ཅི་རིགས་སྣ་ཚོགས་པའི་སྒོ་ནས་བཏགས་པ་ཡོད་དེ་དཔེར་ན། 1. གཟུགས་དབྱིབས་ཀྱི་སྒོ་ནས་བཏགས་པ། ཉི་མ་ལ་མེ་ཟླུམ། 2. བྱ་བའི་སྒོ་ནས་བཏགས་པ། ཆུ་ལ་ཉལ་འགྲོ མེ་ལ་བསྲེགས་ཟ། རླུང་ལ་དལ་འགྲོ ས་ལས་དབྱིག་འཛིན། བྱ་ལ་མཁའ་འགྲོ 3. རིག་བྱེད་ཀྱི་ལྷ་སྒྲུང་ལ་བརྟེན་ནས་བཏགས་པ། གངྒཱ་ལ་ཚངས་པའི་རལ་ཀླུང་དང་ལམ་གསུམ་འབབ། སྐལ་ལྡན་ཤིང་རྟ། འདོད་ལྷ་ལ་ཆུ་སྲིན་རྒྱལ་མཚན། ལུས་མེད་བདག་པོ། དབང་ཕྱུག་ལ་དྲག་པོ། མིག་གསུམ་པ། རི་མོ་གསུམ་པ། 4. ལོ་རྒྱུས་ཀྱི་བྱུང་བ་ལ་བརྟེན་ནས་བཏགས་པ། བདག་ཅག་གི་སྟོན་པ་ལ་ཟས་གཙང་སྲས། ལྷ་ཡི་ལྷ། ཤཱཀྱའི་རྒྱལ་པོ། 5. བཤད་སྲོལ་ལ་བརྟེན་ནས་བཏགས་པ། བདག་ཅག་གི་སྟོན་པ་ལ་གཽའུཏཱམ། སྤྲེའུ་ལ་ས་ཡི་མཇུག་མ། 6. ཁྱད་ཆོས་ལ་བརྟེན་ནས་བཏགས་པ། ཚངས་པ་ལ་རྣ་བ་བརྒྱད་པ། འདོད་ལྷ་ལ་མདའ་ལྔ་པ། དབང་ཕྱུག་ལ་མིག་གསུམ་པ། གསང་བའི་བདག་པོ་ལ་ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས་ལ་ཕྱག་ན་པདྨོ༎ 7. ལྟོས་གྲུབ་ལ་བརྟེན་ནས་བཏགས་པ། ཉི་མ་ལ་པདྨའི་གཉེན། ཉིན་མོར་བྱེད། ཟླ་བ་ལ་མཚན་མོ་བྱེད། 8. བྱེད་ལས་ཀྱི་སྒོ་ནས་བཏགས་པ། ཉི་མ་ལ་མུན་འཇོམས། རྡོ་རྗེ་ལ་རི་འཇོམས། སྨན་ལ་བདུད་རྩི། 9. དཔེའི་སྒོ་ནས་བཏགས་པ། ཉི་མ་ལ་མེ་ཤེལ། ཟླ་བ་ལ་ཆུ་ཤེལ། སྒྲོན་མེད་ལ་ཁྱིམ་གྱི་ནོར་བུ། ཕག་ལ་ཁྱིམ་གྱི་གླང་ཆེན། ལི་ལི་ལ་ཁྱིམ་གྱི་གཟིགས། སྟག་ལ་ནགས་ཀྱི་ཁྱི། 10. རིན་ཐང་གི་སྒོ་ནས་བཏགས་པ།་གསེར་ལ་རིན་ཆེན་དང་པོ། དངུལ་ལ་རིན་ཆེན་གཉིས་པ། ལྟ་བུས་མཚོན་ནུས་པ་ཡིན། མིང་གཅིག་དོན་མང་ལ་འཇུག་པའི་སྙན་ངག། མིང་གཅིག་དོན་མང་ལ་འཇུག་པའི་སྙན་ངག་ནི། མིང་གི་མངོན་བརྗོད་ལ་བྱང་ཆུབ་ཅིང་དོན་གྱི་རྣམ་གྲངས་དམིགས་བསལ་བ་ཞིག་གསལ་བར་བསྟན་པར་བྱེད་པའི་རྩོམ་རིག་གི་ཆ་ལག་གལ་ཆེ་ཞིག་ཡིན་ལ། ལྷག་པར་གཞད་གད་དང་གབ་ཚིག དེ་བཞིན་གནད་དོན་གལ་ཆེ་རིགས་ཀྱི་གསང་བའི་གོ་བརྡ་སྤྲད་པ་ལ་མེད་ཐབས་མེད་པའི་མིང་ཚིག་གི་རྣམ་གྲངས་ཤིག་ཡིན། འདིར་མིང་གཅིག་དོན་མང་ལ་འཇུག་པའི་སྙན་ངག་གི་དཔེ་མཚོན་འགའ་ཞིག་བགྲང་ན། སྙན་ངག་མེ་ལོང་ལས། ངེས་པ་ཅན་གྱི་སྦྱར་བའི་སྐབས། རལ་གྲི་ཉིད་ལ་ནིསྟྲིཾ་ཤ ། གཞུ་ཉིད་ལ་ནི་འཁྱོག་པོ་ཉིད། ། མི་དབང་འདི་ཡི་མཱརྒ་ཎ། ། མདའ་རྣམས་ཉིད་ལ་གནས་པ་ཡིན། ། ལྟ་བུ་སྟེ། དེའི་ཐད་ཀྱི་ཁམས་འགྲེལ་ལས། ནིསྟྲིཾ་ཤའི་སྒྲ་སྤྱིར་རལ་གྲི་དང་ཁྲོ་བ་གཉིས་ལ་འཇུག་པ་ལས། སྐབས་འདིར་བརྗོད་པར་འདོད་པ་བསྟོད་ཡུལ་གྱི་རྒྱལ་པོ་འདི་བརྩེ་མེད་ཁྲོ་གཏུམ་ཅན་མ་ཡིན་པས་མི་དབང་འདིའི་དབང་དུ་བྱས་ནས་སྒྲ་དེ་འདིར་རལ་གྲི་ཉིད་ལ་ངེས་བཟུང་བྱའོ། །དེ་བཞིན་དུ་བ་ཀྲ་ཏཱ་སྟེ་འཁྱོག་པོའི་སྒྲ་གཞུ་དང་གཡོན་ཅན་གཉིས་ལ་འཇུག་པ་ལས་རྒྱལ་པོ་འདི་རང་བཞིན་གྱིས་དྲང་བའི་ཕྱིར་སེམས་ལ་གཡོ་སྒྱུ་མེད་པས་སྒྲ་དེ་འདིར་གཞི་ཉིད་ཁོ་ན་ལ་འཇུག་གོ །མརྒཱ་ཎ་མདའ་དང་སློང་པོ་གཉིས་ལ་འཇུག་པ་ལས། འདིར་རྒྱལ་པོ་བདག་ཉིད་སློང་བ་པོ་མིན་པའམ། ཡང་ན་བསོད་ནམས་ཆེན་པོ་དང་ལྡན་པས་མངའ་འབངས་སུ་གཏོགས་པ་ལ་ཡང་སློང་བ་པོ་བཀྲེན་པ་མེད་པའི་ཕྱིར་སྒྲ་དེ་འདིར་མདའ་ཁོ་ན་ལ་ངེས་བཟུང་བྱས་པ་སྟེ། འདིར་རྒྱལ་པོའི་དབང་དུ་བྱས་ཏེ་དམན་པ་སྨད་པར་འོས་པའི་ཕྱོགས་དེ་རྣམས་བཀག་ནས་ཅིག་ཤོས་རལ་གྲི་ལ་སོགས་པ་ལེགས་པའི་ཕྱོགས་ཁོ་ན་ལ་ངེས་བཟུང་བྱས་པའི་ཕྱིར་ངེས་པ་ཅན་གྱི་སྦྱར་བ་སྟེ། སྒྲ་སྦྱར་བ་དེ་རྣམས་དོན་གཉིས་རེ་ལ་འཇུག་པ་ལས། འབྲུག་པ་སངས་རྒྱས་རྡོ་རྗེའི་སྙན་ངག་དཔེར་བརྗོད་རྡུལ་མང་བརྩེགས་པའི་ལྷུན་པོ་ལས། (ངེས་པར་སྦྱར།) སྐྱེ་གཉིས་སོ་ཡི་འཕྲེང་བ་ལགས་མོད་ཀྱིས། ། གདན་དུ་བཏིང་ཕྱིར་འོད་ཟེར་བརྒྱ་པར་རིགས། ། དེ་ཡང་མ་ངེས་པད་མཚོར་རྒྱུ་བ་ཡིས། ། འདབ་ལྡན་མ་མའང་མིང་དེ་བོད་པར་མཐོང་། ། གཉིས་སྐྱེས་ཞེས་པ་སོ་ལ་འཇུག་པ་དང་དེ་ནས་ཟླ་བ། ཆུ་བྱ་བཅས་ལ་འཇུག་པ་དག་རིམ་བཞིན་བེད་སྤྱད་བཏང་ནས། སྐྱེ་གཉིས་ནི་སོ་ཡི་འཕྲེང་བ་ཡིན་ཆོག་མོད། དེ་ལྟ་ནའང་ལྷ་རྣམས་ཀྱི་གདན་དུ་བཏིང་བྱ་མཚོ་ལས་བྱུང་བའི་ཟླ་བ་ཡང་ཡིན་ཆོག་ལ། དེ་ཙམ་ཉིད་དུ་ཡང་མ་ངེས་ཏེ། པད་མཚོར་རྒྱུ་བའི་འདབ་ལྡན་ངང་མོ་དག་ལའང་མིང་དེ་བོད་པར་མཐོང་པས་སོ། ཞེས་ཆེས་ཕུལ་དུ་བྱུང་བའི་སྙན་ཚིག་གི་སྦྱོར་བ་ཞིག་གསར་བསྐྲུན་བྱས་པ་ལྟ་བུ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་པར་རྒྱལ་བའི་ལྷའི་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་ལས། ཀེ་ས་དང་རྗེས་འབྲེལ་ཀཎཱི་ཀས།། བརྒྱན་ཅིང་བདུད་རྩིའི་གཏེར་ལས་གཉིས་སྐྱེས་ཕྲེང་།། མཛེས་ལྡན་པདྨ་ཅན་གྱི་ཆོས་དེ་དག། སྙིང་སྡུག་འདི་ཡི་ལུས་ལ་ངེས་པར་གནས།། ལྟ་བུ། འཇམ་མགོན་སི་ཏུ་པཎ་ཆེན་ནམ་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་རྗེ་བླ་མ་ཙོང་ཁ་པ་ཆེན་པོར་བསྟོད་པ་མཛད་པར། གང་གི་མང་ཐོས་ཉིད་ལ་ཤྲུ⁽རིག་བྱེད་⁾ཏི་དང༌། ། སྐྱོན་མེད་བསམ་གཏན་མཆོག་གི་ཡོ་ག⁽གོ་བགོ་བ་⁾སྟེ། ། རྣམ་དཔྱོད་རྒྱས་པ་ཉིད་ལ་པྲ་པཉྩ⁽ ལོག ⁾།། མཐོན་པོའི་སར་གནས་མུརྩི་ཏ་⁽རྨོངས་⁾ཡང་ངོ༌། ། ཞེས་པ་ལྟ་བུ། འདི་ནི་རྗེ་སི་ཏུ་པཎ་ཆེན་གྱིས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ལ་བསྟོད་པ་ཞིག་ཡིན། དེ་ཡང་། མདོ་སྔགས་གསུང་རབ་དགོངས་འགྲེལ་དང་བཅས་པར་མང་དུ་ཐོས་པའི་ཤྲུ་ཏི་ཡིན་པ་ལས་རིག་བྱེད་ཙམ་ཤེས་པའི་ཤྲུ་ཏི་མིན་པ་དང་གཅིག །དཔྱད་འཇོག་ཟུང་དུ་འཇུག་པའི་སྐྱོན་མེད་བསམ་གཏན་མཆོག་གི་ཡོ་ག་ཡིན་པ་ལས། གོ་བགོས་པའི་ཡོ་ག་མིན་པ་དང་གཉིས། བདེན་གཉིས་དཔྱད་པའི་ཕྲ་ཞིབ་རིགས་པའི་རྣམ་དཔྱོད་རྒྱས་པའི་པྲ་པཉྩ་ཡིན་པ་ལས། ལོག་པའི་ལམ་ལ་ཞེན་པའི་པྲ་པཉྩ་ཡིན་པ་དང་གསུམ། ཉམས་དང་རྟོགས་པ་མཐོན་པོའི་སར་གནས་པའི་མུ་རྩི་ཏ་ཡིན་པ་ལས་རྨོངས་པའི་མུ་རྩི་ཏ་མིན་པ་དང་བཞིའི་སྒོ་ནས་རྗེ་བླ་མ་ལ་བསྟོད་པ། ཚིག་སྦྱོར་ཕུན་སུམ་ཚོགས་ལ་དོན་སྙིང་ཧ་ཅང་ལྡན་པའི་ཚོད་མཐོའི་སྙན་ངག་འདི་འདྲ་འབྲི་བ་ལ་མིང་གཅིག་དོན་མང་ལ་འཇུག་པའི་མངོན་བརྗོད་སྐོར་ལ་མཐོང་ཐོས་ཉམས་མྱོང་ངེས་ཅན་ཞིག་མེད་ན་འབྲི་ཐབས་རྩ་ནས་མེད་པའ་ཞིག་ཡིན། འཇམ་མགོན་མི་ཕམ་པས། སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོལས། ཆུ་དང་ལྡན་པའི་པདྨ་གཞོན་ནུ་འདི༎ ཆུ་འཛིན་དབང་པོའི་རྗེས་སུ་མཐུན་བྱེད་ཅིང་༎ ཆུ་ཤེལ་གནས་བཟང་རྣམ་པར་བཀྲ་བ་ན༎ ཆུ་བཅུད་ཆང་གིས་མྱོས་བཞིན་བདེ་བར་ཟིམ༎ བཅུད་དང་ལྡན་པའི་མེ་ཏོག་པདྨ་འདི་ཆུ་འཛིན་ཞེས་ཡར་བཅད་ནས་འདིས་ཆུ་འཛིན་པར་བསྟན་པ་དང་ དབང་པོའི་རྗེས་སུ་མཐུན་ཞེས་མིག་ལ་མཛེས་པ། སྣར་དྲི་ཞིམ་པ། ལུས་ལ་རེག་པས་འཇམ་པ། པདྨའི་སྦྲང་རྩིའི་རོ་མངར་བ། བུང་བ་འཁོར་བའི་སྒྲ་སྙན་པ་སོགས་དབང་པོ་དྲུག་གི་ཡུལ་ལ་རྗེས་སུ་མཐུན་པ་དང་། ཆུ་ཤེལ་གནས་བཟང་སྟེ་ཟླ་བ་ནམ་མཁའ་ལ་རྣམ་པར་བཀྲ་བ་ན། ཆུའི་བཅུད་ཆང་འཐུང་བས་མྱོས་པའམ་བཟི་བའི་མི་བཞིན་དུ་བདེ་བར་ཟིམ་ཞེས་གཟིམ་པའི་དོན་བསྟན་པ་དང་། ཡང་ཆང་གི་གཏམ་རྒྱུད་དང་སྦྱར་ན། སྔོན་ལྷ་ཚངས་པས་བསྒོ་བ་ལྟར། ལྷ་དང་ལྷ་མིན་རྣམས་ཀྱིས་བདུད་རྩིའི་དོན་དུ་འོ་མ་ཅན་གྱི་རྒྱ་མཚོ་བསྲུབས་པ་ན། ཐོག་མར་དུག་གི་སྐྱེས་བུ་ནག་པོ་ཞེས་པ་བྱུང་བ་དེ་ཁྱབ་འཇུག་གིས་མིད་པས་མདོག་ནག་པོར་གྱུར། དབང་ཕྱུག་གིས་འཐུང་བས་མགྲིན་པར་ཆགས་ཏེ་གནས་པས། དབང་ཕྱུག་གི་མགྲིན་པ་སྔོན་པོར་གྱུར། དེ་ནས་ཟླ་ཚེས་བྱུང་བ་དབང་ཕྱུག་གི་མགོ་བོའི་རྒྱུན་དུ་བཅིངས། དེ་ནས་དཔལ་མོ་ཞེས་པའི་བུད་མེད་མཛེས་མ་ཞིག་བྱུང་བ་ཁྱབ་འཇུག་གི་ཆུང་མ་བྱས། དེ་ནས་རྟག་མགྲིན་རིང་བ་དང་ཤིང་ཡོངས་འདུ་སོགས་ལྷ་རྫས་དུ་མ་བྱུང་བ་ལྷ་རྣམས་ཀྱིས་ཁྱེར། དེ་ནས་བུད་མེད་གཞོན་ནུ་མ་པདྨ་ལྟར་ཡིད་དུ་འོང་བ་ཞིག་བྱུང་བ་ལ། ཁྱོད་སུ་ཡིན་ཞེས་དྲིས་པས། ང་ནི་ཆང་ཞེས་བྱ་སྟེ། སུས་འཐུང་ན་མྱོས་པ་དང་། བརྒྱལ་བ་དང་། དྲེགས་པར་འགྱུར་རོ་ཞེས་ཟེར་བ་ན། ལྷ་མ་ཡིན་རྣམས་འཇིགས་ནས་མ་འཐུངས། ལྷ་རྣམས་ཀྱིས་འཐུངས་སོ༎ དེ་ནས་བདུད་རྩི་བྱུང་སྟེ་སྣོད་ཆེན་པོ་བརྒྱད་དུ་བཀང་བ་ལྷ་མིན་རྣམས་ཀྱིས་ཁྱེར་ནས་ལྷ་རྣམས་ཡིད་མུག་པར་གྱུར་ཚེ་བརྒྱ་བྱིན་གྱིས་བརྐུས་པར་གྲགས་སོ༎ དེ་ལྟ་བུའི་ཆང་གི་གཏམ་རྒྱུད་དང་སྦྱར་ཏེ། ཆུ་དང་ལྡན་པའི་རྒྱ་མཚོ་ལས་བྱུང་པའི་བུད་མེད་པདྨ་བཞིན་ནུ་ལྟར་འོང་བའི་ཆང་འདིས་ཆུ་འཛིན་ཏེ་ལྕེ་ཡི་དབང་པོའི་རྗེས་སུ་མཐུན་པར་བྱེད་ཅིང་། དེ་ཡང་ལྕེ་ནི་ཆུ་ཁམས་དང་མཆིལ་མ་དང་ལྡན་པས་ན་ཆུ་འཛིན་ཞེས་བྱ། ཆང་གི་རོས་ལྕེའི་ཡུལ་དུ་རོ་ཞིམ་མངར་དང་ལྡན་པས་དེའི་རྗེས་སུ་མཐུན་ཞེས་དང་། ལྷ་དབང་གི་གཙུག་རྒྱན་ཟླ་ཚེས་དང་། ལྷ་རྣམས་འདུས་པའི་གནས་བཟང་པོ་ཤིང་ཡོངས་འདུ་སོགས་རྒྱ་མཚོ་བསྲུབས་པ་ལས་འཇིག་རྟེན་གྱི་ཁམས་འདིར་ཐོག་མར་བྱུང་བའམ་བཀྲ་བའི་དུས་སུ་ཆང་འདི་ཡང་དེ་དང་ལྷན་དུ་བྱུང་བ་དང་། དེ་ནས་ལྷ་རྣམས་ཀྱིས་བདུད་རྩི་ཐོབ་པའི་དགའ་སྟོན་དུ་ཆང་དེ་འཐུངས་པས། མྱོས་པའི་དགའ་བདེས་མིག་ཟུམ་ཟུམ་བྱེད་ཅེས་པ་དང་སྦྱར་རོ༎ གཞན་ཡང་ཚིགས་སུ་བཅད་པ་འདི། ཆུ་དང་ལྡན་པ་ཞེས་ཀླུ་ཆེན་པདྨ་གཞོན་ནུ་མའི་སྐྱེ་གནས་པདྨ་དང་སྦྱར་བ་དང་། ཁྱབ་འཇུག་གི་ཆུང་མ་དཔལ་མོ་ལ་སྦྱར་བ་དང་། དབང་ཕྱུག་གི་ཆུང་མ་ལྷ་མོ་ཨུ་མ་ལ་སྦྱར་བ་དང་། བུ་མོ་ལོ་བཅུ་གཉིས་མའི་ལང་ཚོ་ལ་སྦྱར་བ་དང་། བུ་མོ་གཞོན་ནུ་རྒྱལ་པོའི་བཙུན་མོར་བསུས་པ་ལ་སྦྱར་བ་དང་། གསང་སྔགས་པའི་གཏུམ་མོ་འབར་འཛག་ལ་སྦྱར་བ་སོགས་ཚིག་རྐང་བཞི་པོ་འདི་ལ་ཚིག་གི་གཅོད་མཚམས་མི་འདྲ་བས་དོན་མི་འདྲ་བ་བཅུ་འབྱུང་བའི་ཚུལ་འཇུ་མི་ཕམ་པས་མཛད་པའི་སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོར་གསུངས་པ་ལྟར་རོ༎ ཡང་སྙན་འགྲེལ་དེ་ལས། ཚིག་རྐང་དང་པོ་ལ་དངོས་བཏགས་ཀྱི་འཇུག་ཚུལ་དང་མཚོན་དོན་གྱི་སྒོ་ནས་དུ་མ་དང་། ཚིག་རྐང་གཉིས་པ་ལ་དོན་གྱི་རྣམ་པ་འགའ་དང་། དཔེར་བྱས་ན་རྒྱ་མཚོ་ལྟར་མི་གཡོ་བ་དང་། སྤྲིན་ལྟར་གཡོ་བ་ལ་སོགས་པའི་རྣམ་པ་དུ་མ་དང་། ཆུ་ཤེལ་གནས་བཟང་ལ་དོན་དུ་མ་དང་། དུས་མཚོན་པར་བྱས་ན་ཟླ་བ་རྣམ་པར་བཀྲ་བའམ་གསལ་བ་དུས་བཞིའི་ནང་ནས་སྟོན་ཀ་དང་། ཉིན་མཚན་གྱི་ནང་ནས་ཉི་འོད་དང་བྲལ་བའི་མཚན་མོ་ལ་སོགས་པ་མཚོན་ཞིང་། ཆང་གིས་མྱོས་པ་དངོས་དང་། འདྲ་བའི་སྒོ་ནས་ཆགས་བདེ་དང་། དྲེགས་པ་དང་། གཉིད་དང་། ཡིད་དགའ་བ་སོགས་དུ་མར་འགྱུར་བས། ད་དུང་སྦྱར་རྒྱུ་མང་པོ་ཞིག་འདུག་ཀྱང་། སྐབས་འདིར་ཚིགས་བཅད་གཅིག་ལ་ངག་དོན་མི་འདྲ་བ་བཅུར་འབྱུང་བ་འདི་བོད་སྐད་དུ་ཚིགས་བཅད་གཅིག་ལ་དོན་དུ་མ་སྦྱར་མི་ནུས་སྙམ་པ་ལ་བློའི་སྒོ་དབྱེ་བའི་ས་བོན་དུ་ཉམས་མཚར་དུ་སྤེལ་བར་བྱས་པ་ལགས་སོ་ཞེས་ཀྱང་གསུངས་སོ༎ སྦྱར་རྒྱན་སྔ་མ་འདི་གཉིས་གཙོ་བོ་སྒྲ་མཚུངས་ལ་སྦྱོར་དགོས་པ་གསུང་རྒྱུན་ལས་བྱུང་ངོ་༎ དེས་ན་སྔོན་བྱོན་མཁས་པའི་རྩོམ་རིག་ཁྲོད་མིང་གཅིག་དོན་མང་ལ་འཇུག་པའི་མངོན་བརྗོད་བེད་སྤྱད་བཏང་ནས་བྲིས་པའི་རྩོམ་ཡིག་ཧ་ཅང་མང་མོད། དེ་དག་གི་གོ་དོན་ལེགས་པར་ཤེས་པ་ལ་མངོན་བརྗོད་འདི་རིགས་ངེས་པར་དུ་ཤེས་དགོས། ད་དུང་རང་ཉིད་ཀྱིས་སྔོན་བྱོན་མཁས་པའི་རྩོམ་རིག་གི་རྗེས་ནས་འཇུག་ནས་འབྲི་ན་མངོན་བརྗོད་འདི་དག་མི་ཤེས་ཐབས་མེད་ཡིན། མིང་གི་མངོན་བརྗོད་ཁོ་ན་བཀོལ་སྤྱད་བྱས་ནས་རྩོམ་པའི་སྙན་ངག་གི་དཔེ་མཚོན་འགའ་ཞིག་བགྲང་ན། རྗེ་ཙོང་ཁ་ཆེན་པོའི་ལེགས་བཤད་གསེར་གྱི་ཕྲེང་བའི་མཆོད་བརྗོད་དུ། པད་དཀར་མིག་དང་རི་འཇོམས་གསེར་གྱི་མངལ། ། ཉ་ཡི་ཏོག་དང་གཱངྒ་འཛིན་པ་སོགས། ། ཆེར་རློམ་རྣམས་ཀྱི་ལམ་ལས་ཆེར་འཕགས་པ། ། རྒྱལ་བའི་ལུགས་བཟང་རིང་དུ་རྒྱལ་གྱུར་ཅིག ། ལྟ་བུ་བརྗོད་གཞི་སངས་རྒྱས་བཅོམ་ལྡན་འདས་ལ་འཇིག་རྟེན་དྲེགས་པའི་ལྷ་དང་ལྷ་མིན་ཀུན་ལས་ཕྱག་ཏུ་ཞུགས་པའི་རྣམ་འདྲེན་བཞི་པའི་རིང་ལུགས་འདི་རིང་དུ་གནས་པའི་ཤིས་སྨོན་བརྗོད་པ་ཞིག་ཡིན། ཚིག་འགྲེལ་ནི། པད་དཀར་མིང་ནི་འཇིག་རྟེན་དྲེགས་པའི་ལྷ་ཆེན་ཁྱབ་འཇུག་དང་། རི་འཇོམས་ནི་བརྒྱ་སྦྱིན། གསེར་གྱི་མངལ་ནི་ཚངས་པ། ཉ་ཡི་ཏོག་ནི་བདུད་དགའ་རབ་དབང་ཕྱུག །གངྒ་འཛིན་ནི་དབང་ཕྟུག །སོགས་ཁོང་ན་ཡོད་པ་ནི་ཉི་མ་དང་ཟླ་བ། ཚོགས་བདག་དང་གཞོན་ནུ་གདོང་དྲུག་སོགས། ལྷ་ཆེན་བརྒྱད་དང་ལྷ་མིན་བརྒྱད། ཀླུ་ཆེན་བརྒྱད། འཇིག་རྟེན་སྐྱོང་བ་བཞི་ལ་སོགས་པ་འཇིག་རྟེན་འདིར་ཆེར་རློམས་རྣམས་ཏེ། དེ་དག་ལས་ཆེས་ཆེར་ཁྱད་པར་འཕགས་པ་རྒྱལ་བའི་རིང་ལུགས་ཏེ་བདེ་བར་གཤེགས་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཉིད་ནམ་ཡང་དར་ཞིང་རྒྱས་པར་གྱུར་ཅིག་ཞེས་པ་དེ་ཡིན། དོན་སྙིང་ཟབ་ལ་ཚིག་སྦྱོར་སྙན་པའི་ཚིགས་བཅད་འདི་ཉིད་ཤིས་པར་བརྗོད་པའི་རྒྱན་གྱིས་བཅིངས་པ་ཡིན་ཡང་། ཚིག་རྐང་རེ་རེ་བཞིན་སྙན་ཆའི་རང་བཞིན་དམིགས་བསལ་ལྡན་པ་ནི་མངོན་བརྗོད་ཁོ་ནས་བསྐྲུན་པ་ལས། ཚིག་རྒྱན་གཞན་གང་ཡང་འདྲེས་མེད། གལ་ཏེ་མིང་གི་མངོན་བརྗོད་ལ་མཐོང་ཐོས་ཉམས་མྱོང་གི་བག་ཆགས་དེ་ཙམ་མི་ལྡན་ན་བརྗོད་ཚུལ་སྟབས་བདེ་ལ། བརྗོད་དོན་གཏིང་ཟབ་པའི་སྙན་ཚིག་འདི་འདྲ་འབྲི་ཐབས་བྲལ་བ་ཡིན། ལྷ་ཆེན་པོ་དེ་དག་གི་མིང་གི་མངོན་བརྗོད་མཛུབ་མོ་རི་བསྟན་ཙམ་ཞུ་ན། མཆི་མེད་མཛོད་ལས། པད་དཀར་མིག་ནི། གམ་ཁྱབ་འཇུག་གི་མིང་བཤད་པའི་སྐབས། दैत्यारिःपुण्डरीकाक्षोगोविन्दोगरुडध्वजः३७ पीताम्बरोऽच्युतःशार्ङ्गीविष्वक्सेनोजनार्दनः३८ རང་སྐྱེས་སྦྱིན་དགྲ་པད་དཀར་མིག། མཁའ་ལྡིང་རྒྱལ་མཚན་གླང་རྫིར་གྲགས། ། མི་འཇིག་གོས་སེར་རྭ་གཞུ་ཅན། ། སྣ་ཚོགས་སྡེ་དང་འགྲོ་བ་འཇོམས༎ཞེས་དང་། དེའི་འགྲེལ་པ་འགྲེལ་པ་འདོད་འཇོའི་བ་མོ་ལས། པད་དཀར་མིག་ནི་ཁྱབ་འཇུག་གིས་དྲག་པོ་མཆོད་པའི་ཕྱིར་པདྨ་དཀར་པོ་སྟོང་གི་གཏོར་མའི་གཟུགས་བྱས་པ་ལ། དྲག་པོས་དེ་ལ་གཅིག་མི་སྣང་བར་བྱས་པ་ན། འདིས་མིག་གཅིག་ཕྱུང་ནས་པདྨ་དཀར་པོའི་གནས་སུ་བཞག་པས་པད་དཀར་མིག་ཅེས་གྲགས་སོ། །ཞེས་འབྱུང་བ་ལྟར་རོ༎ རྗེ་ཙོང་ཁ་པའི་ཐུབ་བསྟོད་བྱིན་རླབས་ཉེར་འཇུག་ལས། སྐབས་གསུམ་པ་དང་དབང་པོའི་དགྲ ། དྲི་ཟ་གདེངས་ཅན་གྲུབ་པའི་གཙོ། ། ཀུན་གྱི་གཙུག་རྒྱན་ནོར་བུ་ཡིས། ། གང་གི་ཞབས་པད་མཛེས་བྱས་པ། ། ལྟ་བུ་སྐབས་གསུམ་པ་ལྷ་སྤྱི་དང་། དབང་པོའི་དགྲ་ལྷ་མ་ཡིན། དྲི་ཟ་ལྷ་བྱེ་བྲག་པ་ཞིག། གདེངས་ཅན་ཀླུ། གྲུབ་པའི་གཙོ དྲང་སྲོང་རྐང་མིག་ལ་སོགས་པ། དེ་དག་ཀུན་གྱི་གཙུག་རྒྱན་ནོར་བུ་ཡིས་གང་གི་ཞབས་པད་མཛེས་བྱས་པ་ཐུབ་པའི་དབང་པོ་ཉིད་ལ་ཕྱག་བ་སྟེ། དམིགས་བསལ་ཚིག་རྒྱན་གཞན་གྱིས་སྤྲས་པ་མི་ལྡན་ཡང་། མིང་གི་མངོན་པར་བརྗོད་པའི་ལམ་ནས་སྙན་འཇེབས་རང་བཞིན་ལྡན་པའི་ངག་གི་སྦྱོར་བ་ཞིག་གསར་བསྐྲུན་བྱས་པ་ཡིན། སྒྲོལ་མའི་ཕོ་བྲང་སེང་ལྡེང་ནགས་ཀྱི་བསྟོད་པ་ཡིད་ཀྱི་ལྕགས་ཀྱུ་ལས། ལེགས་བྲིས་དཔལ་གྱི་བདག་པོ་གསེར་གྱི་མངལ། ། ལྷ་ཡི་བླ་མ་གླང་གདོང་དཔལ་གྱི་མགྲིན། ། པདྨོའི་གཉེན་སོགས་ལྷ་བརྒྱའི་གཙུག་རྒྱན་གྱིས། ། ཞབས་པད་གུས་མཆོད་སྒྲོལ་མའི་ཞབས་ལ་འདུད། ། ལྟ་བུ་ལྷ་སྤྱི་དང་། སྤྱེ་བྲག་ཁྱབ་འཇུག །ཚངས་པ། ཕུར་བུ། ཚོགས་བདག །དབང་ཕྱུག །ཉི་མ་སོགས་ཏེ་གཞོན་ནུ་གདོང་དྲུག་དང་། ཟླ་བ་བཅས་འཇིག་རྟེན་དྲེགས་པའི་ལྷ་བརྒྱད་ཀྱིས་གཙོས་ལྷ་ཚོགས་ཀུན་གྱི་གཟུགས་པོ།འི་ཆ་ཤས་ཀྱི་གཙོ་བོ་མགོའི་རལ་བར་བསྒར་བའི་གཙུག་རྒྱན་གྱིས་གང་གི་སྐུ་ཡི་ཆ་ཤས་དམན་ཤས་ཞབས་ཀྱི་པདྨོ་ལ་གུས་པས་མཆོད་པ་བྱེད་ལྷག་པའི་ལྷ་གཅིག་རྗེ་བཙུན་སྒྲོལ་མའི་ཞབས་ལ་འདུད་དོ། །ཞེས་ཤེས་པར་བརྗོད་པའི་རྒྱན་རང་བཞིན་གྱིས་སླེབས་པ་ལས་ཆེད་ནས་མངགས་ནས་རྒྱན་གྱི་སྤྲས་པ་ལ་མ་འབད་ཀྱང་མངོན་བརྗོད་དུ་མས་བཅིངས་པས་གསོན་ཉམས་དོད་པའི་སྙན་ངག་རང་བཞིན་ཚིགས་བཅད་གཅིག་ཐོན་པ་ལྟ་བུས་མཚོན་ནུས་པ་ཡིན། རྗེ་དངུལ་ཆུ་པས་མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས་ལས།

གཙུག་ན་ཟླ་བ་རང་བྱུང་པད་དཀར་མིག །

སྤྲིན་ལ་ཞོན་དང་མ་གཉིས་ཀརྟི་ཀ་། མ་ཟླུམ་ཆ་གཏེར་གཙུག་གི་ནོར་བུའི་ཁྲིར། ། ཞབས་སེན་འགོད་མཛད་ཟས་གཙང་སྲས་ལ་འདུད། ། ལྟ་བུ་རྣམས་ཀྱང་ཁྱད་ཆོས་ཀྱི་ར་བ་ལས་མི་འགང་པ་ཤེས་དགོས།

གྲངས་ཀྱི་མངོན་བརྗོད་བཀོལ་སྤྱོད་གནང་སྟངས།

གྲངས་ཀྱི་མངོན་བརྗོད་བཀོལ་སྤྱོད་གནང་སྟངས་ནི། རྩིས་ཀྱི་རྩ་ཚིག་ལས། “འབྲི་བགྲང་སྣོན་པ་རང་གི་གཡས། ། སྒྱུར་བགོད་འཕྲི་བ་གཡོན་ལ་བརྩམ”།། ཞེས་གསུངས་པ་ལྟར། མཐའ་མའི་གྲངས་གནས་སྔོན་ལ་བཀོད་ནས་རིམ་གྱིས་ལུགས་ལྡོག་ཏུ་འདྲེན་དགོས། དཔེར་ན། ཤམྦྷ་ལའི་རིགས་ལྡན་རྒྱལ་བོ་བཅུ་བ་དང་བཅུ་གཅིག་པས་སྲིད་བསྐྱངས་པའི་ཡུན་ནི་བསྡོམས་ན་བཞི་བརྒྱ་དང་གསུམ་ཟིན་པར། ཕྱིས་སུ་རིགས་ལྡན་རྒྱལ་བོ་དེ་གཉིས་ཀྱི་ཁྲི་ལོ་བསྡོམས་གྲངས་མཚོན་བྱེད་དུ། བོད་ཀྱི་རྩིས་པ་ཚོས། མེ་མཁའ་རྒྱ་མཚོ། ཞེས་པའི་ཐ་སྙད་འདི་སྤྱད་པར་བྱས། དེ་ནི་རྒྱ་མཚོ། _༤། མཁའ།__༠། མེ། __༣། དེས་ན། ལོ་༤༠༣ མཚོན་དུ་བགྲངས་དགོས་ཏེ། མེ་ནི་གསུམ་དང་། མཁའ་ནི་ཐིག །རྒྱ་མཚོ་ནི་བཞི་ཡི་མིང་གི་རྣམ་གྲངས་སུ་བཤད་པས། མེ་མཁའ་རྒྱ་མཚོ་བསྡོམས་པས་གྲངས་༤༠༣འཐོབ་པ་ཡིན། གཞན་གྲངས་ཀྱི་མངོན་བརྗོད་ནི་བཟློག་སྟེ་ཀློག་དགོས་པས་༣༠༤ལ་ངོས་འཛིན་མཛད་ན་མི་འགྲིགས། མཁས་གྲུབ་ཆོས་རྗེས་མཛད་པའི་རྗེའི་གནང་རྣམ་ལས། བྱཱ་གྷཱའི་གོང་གི་ཙནྡྲ་ནི། ། མིག་དང་ཟླ་བའི་གྲངས་གསུམ་ལ། ། བགྲོ་བ་མཛད་པའི་ཆུ་འདྲེས་ཆུས། ། ཀ་ལ་ཤ་བཀང་སྟེར་རྩིས་བྱེད། ། དེ་ཡང་བྱཱ་གྷྲ་ནི་སྟག་གི་སྐད་དོད་ཡིན་ལ། དེའི་གོང་ཞེས་པ་གླང་གི་ལོ་གོ་བར་བྱེད་པའོ། །ཙནྡྲ་ནི་ཟླ་བའི་མིང་ཡིན་ལ། མིག་ནི་གཉིས་དང་ཟླ་བ་ནི་གཅིག་ཡིན་ཏེ། གཅིག་གི་བརྡ་ཡིག་གི་འོག་ཏུ་གཉིས་ཡིག་བཞག་པ་ནི་བཅུ་གཉིས་ཡིན་པས་ཟླ་བ་བཅུ་གཉིས་པ་གོ་བར་བྱེད་པའོ། །གསུམ་ལ་ཞེས་བྱ་བ་ནི་ཟླ་བ་དེའི་ཚེས་གསུམ་གྱི་མཚན་མོའོ། །དེའི་ཚེ་རྒྱལ་བ་ཀུན་གྱི་ཡབ་གཅིག་རྗེ་བཙུན་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་སྣང་ཞིང་། དཀྱིལ་འཁོར་གྱི་གཙོ་བོས་རྒྱན་བཟང་པོ་སྣ་ཚོགས་པས་སྤྲས་པའི་རིན་པོ་ཆེའི་བུམ་པ་ཆུས་བཀང་བ་ཞིག་རྗེ་ཉིད་ལ་སྟེར་རྩིས་བྱེད་ཅིང་། ཀ་ལ་ཤ་ནི་བུམ་པའི་སྐད་དོད་ཡིན་ནོ། །  ལྟ་བུ་གྲངས་དང་མིང་གི་མངོན་བརྗོད་ཀྱི་ལམ་ནས་སྤེལ་བའི་སྙན་ཚིག་དང་གབ་ཚིག་འདི་དག་ལ་གྲངས་དང་མངོན་བརྗོད་འདི་དག་མེད་ཐབས་མེད་པ་ཡིན། བརྡ་སྤྲོད་སི་ཏུའི་ཞལ་ལུང་གི་མཇུག་བྱང་དུ། ཤཱཀྱ་སེངྒེའི་བསྟན་ལ་རབ་ཞུགས་ཤིང་།། ལག་པའི་མིག་ལ་དབྱངས་འཇུག་བཞི་བཅུ་དང་།། མཚམས་ཀྱི་བགྲོད་པར་འཕུལ་རྟེན་རྩེ་ཟུང་གིས།། བརྒྱན་པའི་འབོད་བྱ་ལྡན་པ་གང་དེ་ཡིས།། དངུལ་ཆུ་ “ཆོས་བཟང་”ཞེས་འབོད་པ་དེས་གཞུང་འདི་བྱས་སོ་ཞེས་པའོ། སྡེ་བ་ལག་པ(གཉིས་པ་ཅ་སྡེ)འི་ཡི་གེ་མིག(གཉིས་པ་ཆ་)ལ་དབྱངས་བཞི་པ་ན་རོ་དང་། རྗེས་འཇུག་བཅུ་པ་ས་སྦྱར་བས་ “ཆོས”ཞེས་པ་གྲུབ། མིང་གཞི་སྡེ་པ་མཚམས་(དྲུག་པ)ཀྱི་ཡི་གེ་བགྲོད་པ(གཉིས་པ་ཟ་)ར་འཕུར་རྩེ(སྔོན་འཇུག་གསུམ་པ་བ)དང་། མཐའ་བརྟེན་ཟུང་(གཉིས་པ་ང་)གིས་བརྒྱན་པའི་ “བཟང”་གྲུབ་པ་ཡིན་ནོ། ། དཀའ་ཆེན་བློ་བཟང་བཟོད་པས་སུམ་རྟགས་ཀྱི་རྣམ་བཤད་ཐོན་མིིའི་དགོངས་པ་རབ་གསལ་སྣང་བྱེད་ཀྱི་མཇུག་བྱང་ལས། ཡོངས་རྫོགས་བསྟན་ལ་ཞུགས་པའི་སྡོམ་ལྡན་ཞིང༌། ། མཚོ་ཡི་རྩེ་ལ་འདོགས་དབྱངས་རྩེ་མཚོ་དང༌། ། དུས་ཀྱི་རྣ་བར་དབྱངས་འཕུལ་རྟེན་མཚོ་གསུམ། ། མེ་ཡིས་བརྒྱན་པའི་འབོད་བྱ་ལྡན་པས་སྦྱར། ། ཞེས་པ་འགྲེལ་པ་རྩོམ་པ་པོ་བཀྲས་ལྷུན་དཀའ་ཆེན་ “བློ་བཟོད་”ཡིན་ཞེས་བསྟན་པ་སྟེ། མིང་གཞི་སྡེ་པ་མཚོ་(བཞི་པ)ཡི་རྩེ་(ཡི་གེ་གསུམ་པ་བ་)ལ་འདོགས་ཅན་རྩེ(གསུམ་པ་ལ་བཏགས)དང་། དབྱངས་ཡི་མཚོ(བཞི་པ་ན་རོ་)་སྦྱར་བས་ “བློ”ཞེས་གྲུབ། སྡེ་པ་དུས་(དྲུག་པ་ཞ་སྡེ་)ཀྱི་རྣ་བ(ཡི་གེ་གཉིས་པ་ཟ་)ར་དབྱངས་ཡིག་མཚོ་(བཞི་པ་ན་རོ་)དང་། འཕུལ་བརྟེན་མེ(སྔོན་འཇུག་གསུམ་པ་བ་དང་། རྗེས་འཇུག་གསུམ་པ་ད)ཡིས་བརྒྱན་བས་ “བཟོད་”ཅེས་གྲུབ་པ་ཡིན་ནོ། ། ཡང་ན། རི་མཚོ་གཏེར་ཟླའི་བགྲང་བྱ་ཡི༎ བསྲེ་རུ་ཟླ་བའི་ཁམས་ལག་ཉིན༎ དབུས་འགྱུར་རང་དབང་སླར་གསོ་ཡི༎ མཛད་སྒོའི་རྟེན་འབྲེལ་དང་པོ་ཚུགས༎ ལྟ་བུ་སྤྱི་ལོ་ ༡༩༤༧ ཟླ་ ༡ ཚེས་ ༢༦ ཉིན་རྒྱ་གར་རང་དབང་སླར་གསོའི་རྟེན་འབྲེལ་མཛད་སྒོའི་ཐོག་མ་དེ་ཚུགས་སོ༎ ཞེས་པ་ཡིན་ལ། དེ་ཡང་། རི་ནི་༧ དང་། མཚོ་ནི་༤ ། གཏེར་ནི་༩། ཟླ་བ་ནི་༡ སྟེ། འོག་ནས་ཡར་འདྲེན་པས་སྤྱི་ལོ་ ༡༩༤༧ ཞེས་བསྟན་པ་ཡིན། ཡང་བསྲེ་རུ་ནི་༡་དང་། ཁམས་ནི་༦། ལག་པ་ནི་༢ སྟེ། སྤྱི་ཟླ་དང་པོའི་ཚེས་ཉེར་དྲུག་བསྟན་པ་ཡིན། འདི་དག་ལ་དཔེར་བལྟས་ནས་ཤེས་པར་བྱ་དགོས།

[5] བོད་དུ་བྱུང་བའི་མངོན་བརྗོད་ཀྱི་ཐོ་གཞུང་། འདིར་བོད་དུ་མངོན་བརྗོད་ཀྱི་བསྟན་བཅོས་ཐོག་མ་བྱུང་བ་ནས་ས་ཕག་དུས་འགྱུར་བར་གྱི་མངོན་བརྗོད་ཀྱི་བསྟན་བཅོས་རང་ཉིད་ཀྱིས་མཐོང་ཐོས་བྱུང་བའི་མཚན་གཞུང་ཙམ་འགྲང་ན། [བསྒྱུར་གཞུང་] 1. མངོན་བརྗོད་ཀྱི་བསྟན་བཅོས་འཆི་བ་མེད་པའི་མཛོད་ཅེས་བྱ་བ། པཎྜི་ཏ་འཆི་མེད་སེང་གེས་མཛད་པ། པཎྜི་ཏ་ཆེན་པོ་ཀཱིརྟི་ཙནྡྲ་དང༌། ལོ་ཙཱ་བ་ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་བལ་ཡུལ་ཡམ་བུའི་གྲོང་ཁྱེར་དུ་བསྒྱུར་བ། སླད་ནས་ཞ་ལུ་ལོ་ཙཱ་བ་དགེ་སློང་དྷ་རྨ་པཱ་ལ་བྷ་དྲ་ཞེས་བྱ་བས་རྒྱ་དཔེ་དང་འགྱུར་རྙིང་ལ་གཏུགས་ཏེ་དོན་ལ་དཔྱད་དེ་འགྱུར་བཅོས་ཙུང་ཞིག་བྱས་པ་གཉིས་འབིད་ཅན། 2. འཆི་བ་མེད་པའི་མཛོད་ཀྱི་རྒྱ་ཆེར་འགྲེལ་པ་འདོད་འཇོའི་བ་མོ་ཞེས་བྱ་བ་པཎྜི་ཏ་རབ་འབྱོར་ཟླ་བས་མཛད་པ། དཔལ་ཞ་ལུའི་དགེ་སློང་འགོས་ལོ་ཙཱ་བ་གསུམ་པ་དགེ་སློང་དྷརྨ་པཱ་ལ་བྷ་དྲས་ལེགས་པར་བསྒྱུར་བ། 3. མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་བ། སྙན་ངག་མཁན་པོ་པཎྜི་ཏ་དཔལ་ལྡན་དཔལ་འཛིན་སྡེས་མཛད་པ། 4. སྒྲ་གཅིག་དོན་མང་ནོར་བུའི་ཕྲེང་བ། པཎྜི་ཏ་གནས་བརྟན་དཔལ་རིགས་མཆོག་དཔལ་ཡེ་ཤེས་ཀྱིས་འདྲིར་བཅུག་པ་ལྷ་དང་མི་ཡི་ཡོན་གནས་དམ་པ་མཚུངས་མེད་སྤྲུལ་སྐུ་རིན་པོ་ཆེ་ཞྭ་དམར་བཅོད་པན་འཛིན་པ་བཞི་པ། དཔལ་ཕག་མོ་གྲུ་པའི་གདན་ས་རིན་པོ་ཆེ་ཐེལ་གྱི་སྤྱན་སྔ་རིན་པོ་ཆེའི་ཞལ་སྔ་ནས་ཀྱི་བཀའ་བཞིན། ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལ་བྷ་དྲ་ཞེས་བགྱི་བས། སྔ་འགྱུར་གྱི་འཆི་མེད་མཛོད་ལ་སོགས་པ་ལ་བརྟེན་ནས་བོད་སྐད་ལ་མི་མཁོ་བའི་རྟགས་ངོས་འཛིན་པའི་ཚིག་ལ་སོགས་པ་བོར། བཤད་གཞིར་རྒྱ་སྐད་སོར་འཇོག་དགོས་པ་དང༌། སྐད་དོད་མ་རྙེད་པ་རྣམས་སོར་བཞག་སྟེ་བསྒྱུར་ཅིང་ཞུས་ཏེ་དག་པར་བགྱིས་པ། 5. སློབ་དཔོན་སྨྲ་བ་ཆེན་པོས་མཛད་པའི་ཡེ་གེ་གཅིག་པའི་མངོན་བརྗོད་ཀྱི་གཞུང༌། 6. མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད་ཅེས་བྱ་བ་སྐད་གཉིས་ཤན་སྦྱར་སུམ་འབུད་བྱས་པ། [བོད་རྩོམ] 1. སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་པས་མཛད་པའི་འཆི་མེད་མཛོད་ཀྱི་གཞུང་ལ་བརྟེན་ནས་ལེགས་པར་སྦྱར་བའི་སྐད་ཀྱིས་མིང་དང་རྟགས་ཀྱི་འཇུག་པ་གསལ་བར་བྱེད་པའི་བསྟན་བཅོས་ལེགས་བཤད་སྒོ་བརྒྱ་འབྱེད་པའི་ལྡེ་མིག ། 2. མིང་དང་རྟགས་རྗེས་སུ་སྟོན་པའི་བསྟན་བཅོས་འཆི་མེད་མཛོད་ཀྱི་རྒྱ་ཆེར་འགྲེལ་བ་འདོད་འཇོའི་བ་མོ་གཙུག་ལག་ཆོས་ཀྱི་སྣང་བས་མཛད་པའི་སྟོད་ཆ། 3. འཆི་མེད་མཛོད་ཀྱི་འགྲེལ་བའི་སྨད་ཆ། 4. ཡི་གེ་དང་སྐད་གཉིས་སྦྱར་བའི་མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད། 5. ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱི་མངོན་བརྗོད་ཀྱི་རྒྱ་ཆེར་འགྲེལ་བ་དོན་གསལ། 6. འཇམ་མགོན་ས་པཎ་གྱིས་མཛད་པའི་ཚིག་གཏེར། 7. སྙེ་ཐང་པ་བློ་གྲོས་བརྟན་པ་བཞི་པས་སྦྱར་བའི་ཚིག་གཏེར་གྱི་ཊིཀྐ ། 8. ཞ་ལུ་ལོ་ཙཱ་བས་འགྱུར་བཅོས་བྱས་པའི་མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད། 9. པཎྜི་ཏ་དཔལ་འཛིན་སྡེས་མཛད་པའི་མངོན་བརྗོད་ཀྱི་གཞུང་སྣ་ཚོགས་ལས་བཏུས་པ།(དཔེ་མ་མཇལ) 10. དཔལ་ཁང་ལོ་ཙཱ་བ་ཆེན་པོས་མཛད་པའི་མིང་གི་མངོན་བརྗོད་པདྨ་དཀར་པོའི་འཕྲེང་བ། 11. རི་སྤུངས་ངག་དབང་འཇིག་རྟེན་དབང་ཕྱུག་གྲགས་པས་མཛད་པའི་མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན། 12. རི་སྤུངས་པའི་མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན་ལས་ཟུར་བཀོལ་སྒྲའི་འཇུག་ཚུལ། 13. ཟུར་མཁར་བ་བློ་གྲོས་རྒྱལ་པོའི་མིང་གི་མངོན་བརྗོད་མཐོང་བ་དོན་ལྡན། 14. སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པའི་མངོན་བརྗོད་ཉེར་མཁོ་བསྡུས་པ། 15. ངག་དབང་བསྟན་འཛིན་དབང་བོས་མཛད་པའི་མངོན་བརྗོད་ཀྱི་བསྟན་བཅོས་བསམ་འཕེལ་ནོར་བུ། 16. སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱི་མངོན་བརྗོད་བསྡུས་པ། 17. ཚུལ་ཁྲིམས་སེངྒེའི་མངོན་བརྗོད་ཀྱི་ཊཱིཀྐ། 18. ཚུལ་ཁྲིམས་སེངྒེའི་མིང་ཚོགས་གསལ་བར་བྱེད་པ་བློ་གསལ་རྣ་ཆ། 19. དགེ་སློང་ཚུལ་ཁྲིམས་སེངྒེའི་མིང་གི་མཛོད་ཤེས་བྱའི་མདོ་གསལ་བར་བྱེད་པའི་ཉི་འོད་མིང་གཞན་ཀུན་གསལ་བསྐྱེད་པའི་ནོར་བུ་བསམ་འཕེལ། 20. ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱི་མངོན་བརྗོད་འཆི་མེད་མཛོད་ཀྱི་མཆན་འགྲེལ། 21. ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་སྙན་ངག་མངོན་བརྗོད་བརྡ་གསར་རྙིང་གི་རྣམ་བཞག་མདོར་བསྡུས་བློ་གསལ་ཡིད་འཕྲོག་བརྒྱད་པ། མངོན་བརྗོད་ཉེ་བར་མཁོ་བ་ཉུང་བསྡུས། 22. སུམ་པ་མཁན་ཆེན་གྱི་མིང་གི་མངོན་བརྗོད་ཉུང་བསྡུས་ཙནྡན་མ་ཎིའི་དོ་ཤལ། 23. དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་མཛད་པའི་སྙན་ངག་མེ་ལོང་གི་མངོན་བརྗོད་རྣ་བའི་གླིང་བུ། 24. ཀློང་ཆེན་པ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་མཛད་པའི། <<མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་མངོན་བརྗོད། 25. དགེ་སློང་དབང་ཕྱུག་ཆོས་བཟང་གི་གྲངས་ཀྱི་མངོན་བརྗོད་ཀྱི་རྣམ་བཤད། 26. དགེ་སློང་དྷརྨ་བྷདྲའི་མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས། 27. སེང་གྷ་པ་ག་རའི་མིང་གི་མངོན་བརྗོད་མདོར་བསྡུས་ལེགས་བཤད་གསེར་གྱི་ལྡེ་མིག ། 28. སྐལ་བཟང་སྦྱིན་པའི་བོད་ཀྱི་བརྡ་ཡིག་གསར་རྙིང་དང་མངོན་བརྗོད་འགའ་ཞིག 29. མངོན་བརྗོད་ཀྱི་བསྟན་བཅོས་མིང་གི་རྣམ་གྲངས་གསལ་བའི་མེ་ལོང༌། 30. མིང་གི་མངོན་བརྗོད་གསལ་བར་བྱེད་པ་བློ་གསལ་རྣ་ཆ་སྙན་ངག་རྒྱན་གྱི་བསྟན་བཅོས། 31. བྲག་དཀར་བློ་བཟང་དཔལ་བསྟན་འཛིན་སྙན་གྲགས་ཀྱི་མངོན་བརྗོད་བསྡུས་པ་བློ་གསལ་འཇུག་པའི་ཁང་བཟང༌། 32. མིང་གི་མངོན་བརྗོད་མཁས་པ་དགའ་བསྐྱེད། 33. མིང་གི་འདོད་འཇོ་འོད་ཕྲེང་ཅན། 34. མིང་གི་མངོན་བརྗོད་པད་དཀར་འཕྲེང་བ་དང་གྲངས་ཀྱི་མངོན་བརྗོད་ལོའི་མངོན་བརྗོད་རྣམས། 35. གཤེན་མཁས་གྲུབ་ཀྱི་མངོན་བརྗོད། 36. ཧོར་པ་དྲུང་རམ་པ་བསྟན་འཛིན་བློ་གྲོས་ཀྱིས་མཛད་པའི་མངོན་བརྗོད་ཨེར་སངས་བུ་མོའི་མགུལ་རྒྱན། 37. དྲུང་ཡིག་བསྟན་འཛིན་རྣམ་རྒྱལ་གྱིས་མཛད་པའི་རང་བློ་གསལ་བའི་མེ་ལོང་ལས་མངོན་བརྗོད་ཀྱི་བསྟན་བཅོས་བསམ་འཕེལ་ནོར་བུ་སོགས། ཤིན་ཏུ་མང༌།