མང་ཐོས་ཀླུ་སྒྲུབ་རྒྱ་མཚོ།
མང་ཐོས་ཀླུ་སྒྲུབ་རྒྱ་མཚོ།
[རྩོམ་སྒྲིག]མཁས་དང་གྲུབ་པའི་བདག་ཉིད་ཆེན་པོ་འདི་ཉིད་སྟོད་ཟང་ཟང་བྱང་རྒྱུད་ཀྱི་ལུང་པ་འབྲོང་ཞེས་བྱ་བའི་ནང་ཚན་ཤེལ་ལུང་དུ་ཡབ་ལྷ་མོ་ལྔ་དར་དང་ཡུམ་སེམས་ལ་རྒྱལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་ཆུ་ལུག་(༡༥༢༣)ལོར་སྐུ་བལྟམས། མཚན་ཀླུ་རྒྱལ་ནོར་བུ་ཞེས་གསོལ། དགུང་ལོ་ཆུང་དུས་ནས་ཆོས་དང་ཡི་གེ་སྦྱོང་བར་དད་བརྩོན་ཤིན་ཏུ་ཆེ། དགུང་ལོ་བཅུ་བཞི་པ་ལ་ཆོས་འཁོར་གླིང་དུ་གདན་དྲངས་ཏེ་འཇམ་མགོན་བླ་མ་དང་མཇལ་བ་ཡོངས་འཛིན་དུ་བསྟེན་ནས་བཤད་གསར་གྱི་གཞུང་འཛིན་དང་ས་གཞུང་ངོ་སྤྲོད་སྦྱོར་བ་སོགས་ཀྱི་དབུ་ཚུགས་ཤིང་། དེ་སྐབས་ཚད་མ་རྣམ་འགྲེལ་གྱི་སྔ་གཞུང་ཕྱི་གཞུང་ཀུན་ཐུགས་འཛིན་གྲུབ། དགུང་ལོ་བཅོ་ལྔ་པར་ལྕགས་ཐང་རབ་འབྱམས་པ་བྱམས་པ་བསོད་ནམས་ཀྱིས་མཁན་པོ་དང་། པཎ་གྲུབ་བཟང་པོ་བཀྲ་ཤིས་ཀྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་། མཚན་ཀླུ་སྒྲུབ་རྒྱ་མཚོ་ཞེས་གསོལ། དགུང་ལོ་ཉི་ཤུར་ཕེབས་སྐབས་ཆོས་འཁོར་གླིང་དུ་འཇམ་མགོན་བླ་མ་ཕྱོགས་ལས་རྣམ་རྒྱལ་བའི་དྲུང་དུ་ལེགས་བཤད་ཆོས་ཀྱི་བདུད་རྩི་མཐའ་ཡས་པ་ཐུགས་ལ་བཟུང་། རྣམ་འགྲེལ་ལེའུ་བཞི་པ་ལ་ཟིན་བྲིས་གནང་། དགུང་ལོ་ཉེར་གསུམ་སྐབས་ཚར་ཆེན་གྱི་དྲུང་དུ་ས་ལུགས་ཀྱི་ཆོས་ཟབ་མོ་མང་དུ་གསན། དེ་ནས་འཇམ་མགོན་བླ་མ་དང་ལྷན་དུ་མང་མཁར་ཁའི་ཕུའི་གྲོག་ཕུག་ཏུ་ཕེབས་ཏེ་ཐུགས་དམ་ལ་གཞོལ་བ་ནས་བཟུང་རླུང་ཟིན་པའི་ཉམས་སྣང་རྒྱུན་དུ་བྱུང་། དགུང་ལོ་ཉེར་དྲུག་པར་ཇོ་ནང་ཀུན་དགའ་གྲོལ་མཆོག་གི་དྲུང་དུ་ཆོས་ཕུར་ཕེབས་ཏེ་དབང་ལུང་མན་ངག་མང་པོ་ཞུ་གནང་མཛད། དགུང་ལོ་ཉེར་བདུན་པར་ར་པ་མཚལ་གུང་མཁས་གྲུབ་དཔལ་འབར་རྒྱལ་མཚན་གྱི་དྲུང་ནས་དབང་བཀའ་མང་པོ་ཞུས་ནས་དྭགས་ཤངས་བཀའ་བརྒྱུད་གདམས་པའི་ཉིང་ཁུ་རྣམས་ཐུགས་སུ་བསྐྱིལ། ལྷག་པར་སེམས་འཛིན་འཕྲུལ་འཁོར་བསླབ་སྦྱང་ཤིན་ཏུ་འཕེལ། དགུང་ལོ་སུམ་ཅུ་པར་ཆོས་གླིང་གི་སློབ་དཔོན་མཛད། ལོ་འདིའི་ངམ་རིང་ཆོས་སྡེའི་དགུན་ཆོས་སྟེང་མཁན་ཆེན་བཟང་པོ་བཀྲ་ཤིས་ཀྱིས་མཁན་པོ་དང་། འཇམ་དབྱངས་བླ་མ་ཕྱོགས་ལས་རྣམ་རྒྱལ་གྱིས་ལས་སློབ་མཛད་དེ་བསྙེན་པར་རྫོགས། དགུང་ལོ་སོ་གསུམ་ནས་དགུང་ལོ་ང་གཅིག་བར་ས་ག་ཆོས་སྡིངས་ཀྱི་སློབ་དཔོན་མཛད་རིང་ཕར་ཚད་གཉིས་དང་། འདུལ་མཛོད་ཟུང་། དབུ་སྡོམ་གཉིས། བྱམས་ཆོས་རིགས་གཏེར་རྣམས་ལ་འཆད་ཉན་རུས་ཐོན་པ་མཛད། དགུང་ལོ་ང་གཉིས་པར་མཉན་ཡོད་བྱ་གཤོངས་ཀྱི་ཁྲིར་ཕེབས་པ་ནས་དགུང་ལོ་རེ་བཞི་བར་ལོ་ཧྲིལ་པོ་བཅུ་གཉིས་གདན་ས་བསྐྱངས། དགུང་ལོ་དྲུག་ཅུ་རེ་གཅིག་པར་འདར་གྲང་ཆེ་ཆོས་འཁོར་ཡང་རྩེའི་ཆོས་ཁྲིར་ཕེབས་ཏེ་གདན་ས་ཉིས་ལྕོགས་ལྟ་བུ་གནང་། དགུང་ལོ་རེ་བཞི་པར་མཉན་ཡོད་བྱ་གཤོངས་ཀྱི་ཁྲི་པ་མཛད། དེ་ནས་རང་གི་གདན་ཚབ་ཏུ་ཆོས་རྗེ་འགའ་རོང་པ་བསྐོ་བཞག་གནང་། ཁྲི་ཐོག་རིང་དགོན་པའི་འཆད་ཉན་ཧ་ཅང་གོང་འཕེལ་བྱུང་ཁར། འདུ་ཁང་གསར་བཞེངས་དང་། ཆོས་གྲྭ་ཉམས་དགའ་བར་བསྐྲུན་པ་སོགས་ཕྱག་རྗེས་ཆེ། དགུང་ལོ་རེ་བརྒྱད་པར་དགོན་པ་སེང་རྫོང་གི་ཕྱོགས་སུ་ཐུགས་དམ་ལ་བཞུགས་ཡུལ་སློབ་བཤད་ནོར་བུའི་གླིང་བསྐྲུན་ཏེ་དེ་གར་དད་འདུས་སློབ་མའི་ཚོགས་ལ་རང་རང་རེ་བའི་ཟབ་ཆོས་ཅི་རིགས་བསྩལ། དགུང་ལོ་བདུན་ཅུ་པར་དཔལ་ངམ་རིང་ཆོས་སྡེའི་གདན་ཁྲིར་ཕེབས། མཁས་གྲུབ་འདི་ཉིད་ཀྱིས་ཀུན་མཁྱེན་ལྕགས་ཐང་རབ་འབྱམས་པ་བསོད་ནམས། པན་ཆེན་བཟང་པོ་བཀྲ་ཤིས། འཇམ་མགོན་བླ་མ་ཕྱོགས་ལས་རྣམ་རྒྱལ། ཚར་ཆེན་བློ་གསལ་རྒྱ་མཚོ། ཇོ་ནང་པ་ཀུན་དགའ་བློ་གྲོས་མཆོག་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ་མང་པོ་བསྟེན་གནང་གིས་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ཕ་མཐར་སོན་པ་མཛད་དེ་འཆད་རྩོད་རྩོམ་གསུམ་དང་། མཁས་བཙུན་བཟང་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་འབའ་ཞིག་ལྷུར་བཞེས་ཤིང་། གསུང་ལས་སྐྱེས་པའི་སློབ་མའི་ཚོགས་ཀྱང་ཆོས་རྗེ་དགའ་རོང་པ་དང་། ཆོས་རྗེ་འབུམ་པ་ཤེར་བློ་བ། ཆོས་རྗེ་ཆ་ལུང་པ་སོགས་ཆོས་རྗེའི་མཚན་ཐོབ་པ་དང་། རབ་འབྱམས་སྨྲ་བ། དཀའ་བཅུ་པ་སོགས་བརྒྱ་ཕྲག་བརྒལ་བ་བྱོན། གསུང་རྩོམ་ལ་མཚོན་ན། 《བསྟན་རྩིས་གསལ་བའི་ཉིན་བྱེད་》《ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་》《ཕྱག་ཆེན་རྩོད་སྤོང་》《ཕྱག་ཆེན་ཡང་ལན་》《རྒྱུད་མན་ངག་གི་བརྒྱུད་འདེབས་》《ཀླུ་སྒྲུབ་ཀྱི་བསྟོད་པ་དང་འགྲེལ་པ་》《རབ་གནས་ཀྱི་རྩ་བ་》《བཟང་དྲུག་གི་ལག་ལེན་》སོགས་ལེ་ཚན་བརྒྱ་ཕྲག་བརྒལ་བ་དཔར་ལ་འཁོད་པ་དང་མ་འཁོད་པ་ཁྱོན་བསྡོམས་པོད་ཆེན་བཅུ་གསུམ་ཡོད་པར་གྲགས། འདི་བར་མཁས་གྲུབ་གང་ཉིད་ དགུང་ལོ་དོན་གཉིས་བར་གྱི་མཛད་རྣམ་རགས་བསྡུས་ཤིག་ཡིན་གྱི་ནམ་ཞི་བར་གཤེགས་པའི་ལོ་དུས་མ་རྙེད། །