མགྲོན་གཉེར་
མགྲོན་གཉེར་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་བདེ་བ་དང་གནས་སྐབས་ཀྱི་མཐོ་རིས་ཀྱི་བདེ་བ་སྤྲོད་རྒྱུར་བསམ་པ་ཐག་པས་དམ་བཅས་ཤིང་མཐུན་པའི་སྦྱོར་བ་ལག་ལེན་མ་བྱས་ན་རྒྱལ་བ་སྲས་དང་བཅས་པ་དང་འགྲོ་བ་ཐམས་ཅད་རྫུན་གྱིས་བསླུས་པར་བྱས་པ་ཡིན་པས་ཆེད་དུ་གཉེར་ནས་སེམས་ཅན་གྱི་དོན་ཁོ་ན་བྱེད་ཅེས་པའི་དོན་ནོ། །
སྒྲ་བཤད།
[རྩོམ་སྒྲིག]མགྲོན་ཞེས་པ་ནི་འཁོར་བའི་སེམས་ཅན་ཐམས་ཅད་དང་དེ་དག་ལ་བདེ་བ་སྤྲད་རྒྱུར་ཆེད་དུ་བྱ་བའམ་དོན་དུ་གཉེར་བས་ན་མགྲོན་གཉེར་ཞེས་བྱའོ། །
མཚན་ཉིད།
[རྩོམ་སྒྲིག]སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་བདེ་བ་དང་གནས་སྐབས་ཀྱི་མཐོ་རིས་ཀྱི་བདེ་བ་སྤྲད་རྒྱུར་བསམ་པ་ཐག་པས་དངོས་སུ་སྒྲུབ་པར་འདོད་པའི་དོན་གཉེར་གྱི་བློ་ཞིག་གོ །
ནང་དོན།
[རྩོམ་སྒྲིག]"བླ་ན་མེད་པའི་སངས་རྒྱས་ཀྱི་བདེ་བ་ཆེན་པོ་ལ་རང་གིས་ཁ་ཙམ་མ་ཡིན་པར་བསམ་པ་ཞེ་ཐག་པས་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་བའམ་བོས་ནས་ཇི་ལྟར་ཁས་བླངས་བ་བཞིན་དུ་སྦྱོར་བ་ལག་ལེན་གྱི་སྒོ་ནས་སངས་རྒྱས་ཀྱི་གོ་འཕང་དེ་བསྒྲུབ་པར་མ་བྱས་པའམ་མ་བྱིན་ན་རྒྱལ་བ་སྲས་དང་བཅས་པ་དང་འགྲོ་བ་ལྷ་དང་ལྷ་མིན་ལ་སོགས་པ་དེ་ཐམས་ཅད་རྫུན་གྱིས་བསླུས་པར་བྱས་པ་ཡིན་པས་ན།"[༡] ཞེས་གསུངས་པས་སེམས་ཅན་ཐམས་ཅད་ལ་བདེ་བ་སྤྲོད་ཅེས་དམ་བཅས་པ་ཞིག་ཡིན། དེ་ཡང་ཚིག་ཙམ་གྱི་དམ་བཅའ་མིན་པར་སྙིང་ནས་བསམ་པ་ཞེ་ཐག་པས་སེམས་ཅན་ཚང་མ་མགྲོན་དུ་གཉེར་བའི་འཇུག་སེམས་ལ་གོ འོན་ཀྱང་དམ་བཅའ་འདི་བླངས་རྗེས་ལག་ལེན་དངོས་སུ་མ་བྱས་ན་སེམས་ཅན་ཐམས་ཅད་རྫུན་གྱིས་བསླུས་པར་བྱས་པ་ཡིན་པས་རང་ཡང་བདེ་འགྲོར་མི་སྐྱེ་ཞེས་པ་ཡིན། "བླ་ན་མེད་པའི་སངས་རྒྱས་དང་གནས་སྐབས་ཀྱི་བདེ་བ་ལ་སེམས་ཅན་ཐམས་ཅད་བསམ་པ་ཐག་པས་མགྲོན་གཉེར་ནས་འགྲོ་བ་ཐམས་ཅད་བསླུས་བྱས་ན་བདེ་འགྲོར་ཅི་ག་འགྲོ་འགྱུར་རམ་སྟེ་མི་འགྱུར་རོ། །"[༢]ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བདེ་བ་དང་གནས་སྐབས་ཀྱི་མཐོ་རིས་ཀྱི་བདེ་བ་སྤྲད་རྒྱུར་སྙིང་ནས་སེམས་བརྟན་པར་བྱས་པ་ལ་གོ ཚིག་ཙམ་གྱི་དམ་བཅའ་མིན་པར་དངོས་སུ་བསྒྲུབ་པའི་་སེམས་དང་ལྡན་པ་ཞིག་དགོས་སོ། །
དམ་བཅའ་མ་བསྒྲུབ་པ།
[རྩོམ་སྒྲིག]དམ་བཅའ་མ་བསྒྲུབ་པའི་ཉེས་དམིགས། "དེ་བཞིན་དུ་ཚིག་ཏུ་དམ་བཅས་ནས་སྦྱིན་པར་མི་བྱེད་པ་སེམས་ཅན་དམྱལ་བར་འགྲོ་བར་གསུངས་སོ། །"[༣] ཞེས་གསུངས། དེས་ན་མགྲོན་གཉེར་བ་ནི་ཚིག་ཙམ་གྱི་དམ་བཅའ་མིན་པར་སྐད་གསང་མཐོན་པོས་གུས་པ་ཆེན་པོ་དང་བཅས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པར་དམ་བཅས་ཤིང་དམ་བཅས་པ་བཞིན་མ་བསྒྲུབ་ན་དམྱལ་བར་སྐྱེ་བར་ངེས་སོ། །དམ་བཅའ་མ་སྒྲུབ་པའི་འབྲས་བུ། "ངན་འགྲོ་ལས་བཟློག་པར་ཡང་མི་ནུས་ཏེ་འདི་ལྟར་བདག་གིས་ནི་དགེ་བ་ཆུང་ངུ་དག་ཀྱང་མ་བྱས་ལ་སྡིག་པ་ཆེན་པོ་སྣ་ཚོགས་པ་དག་ཀྱང་ཉེར་ཏེ་ཉེ་བར་བསགས་ན་ཡུན་རིང་པོར་བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང་ནི་ངན་འགྲོར་བརྒྱུད་མར་ལྟུང་བ་ལས་བདེ་འགྲོར་སྐྱེ་བ་ལྟ་ཅི། ཐ་ན་བདེ་འགྲོའི་སྒྲ་ཙམ་ཡང་ཐོས་པར་མི་འགྱུར་རོ། །"[༤]ཞེས་གསུངས། དེ་ཡང་སེམས་ཅན་ཐམས་ཅད་ལ་བདེ་བ་སྤྲད་རྒྱུ་ཞེས་མགྲོན་གཉེར་བྱས་ནས་དངོས་སུ་མ་སྒྲུབ་ན་དགེ་བ་བྱས་པ་མེད་ལ་སྡིག་པ་བསགས་པ་མང་པོ་ཡོད་པས་བསྐལ་པ་བྱེ་བ་ཕྲག་བརྒྱར་ངན་འགྲོར་ལྟུང་ནས་བདེ་འགྲོའི་སྒྲ་ཙམ་ཡང་ཐོས་པར་མི་འགྱུར་ཞེས་པ་ཡིན།
ཉོན་མོངས་པའི་གནོད་པ།
[རྩོམ་སྒྲིག]"ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་ཆོམ་རྐུན་ལྟ་བུའི་ཚོགས་འདི་ཡིས་ནི། དཔེར་ན་ཆོམ་རྐུན་གྱིས་འགྲོན་པོ་ལྟ་བུ་ལ་སོགས་པ་ལ་དང་པོ་ཐུབ་བམ་མི་ཐུབ་བརྟགས་ནས་གླགས་ལྟ་ཞིང་ཐུབ་ན་དུས་ཉིན་མཚན་ནམ་དགའི་སྐབས་ཚོལ་བར་བྱེད་པ་ལྟར་ཡང་དང་ཡང་དུ་རང་རྒྱུད་ལ་གླགས་ལྟ་ཞིང་གནོད་པའི་སྐབས་ཚོལ་བར་བྱེད་པ་སྟེ་ཆོམ་རྐུན་དང་འདྲ་བར་བསྟན་ཏེ་ནམ་ཆགས་སྡང་སོགས་ཉོན་མོངས་པས་རང་རྒྱུད་ལ་གླགས་རྙེད་པར་གྱུར་ནས་རྒྱུ་དགེ་བའི་ནོར་བསགས་པ་རྣམས་འཕྲོག་པར་བྱེད་ཅིང་འབྲས་བུ་བདེ་འགྲོའི་སྲོག་ཉིད་ཀྱང་འཇོམས་པར་བྱེད་དེ་བདེ་འགྲོའི་གོ་འཕང་མི་འཐོབ་པས་སོ། །"[༥]ཞེས་གསུངས། མགྲོན་གཉེར་གྱི་དམ་བཅའ་བླངས་ཀྱང་ཉོན་མོངས་པ་ཆགས་སྡང་སོགས་ཀྱིས་རང་རྒྱུད་ལ་གླགས་རྙེད་ན་དགེ་བའི་ནོར་འཕྲོག་ཅིང་བདེ་འགྲོའི་སྲོག་ཀྱང་འཇོམས་པར་བྱེད་པས་ནམ་ཡང་མི་སྒྲུབ་པ་ཆགས་སྡང་གིས་གནོད་པའི་སྐབས་ཚོལ་བཞིན་ཡོད་པས་ཤེས་བཞིན་དུ་བསྲུང་དགོས། "ཤེས་བཞིན་གྱིས་མ་བསྲུངས་ན་ཉོན་མོངས་པའི་ཆོམ་རྐུན་གྱི་ཚོགས་འདི་ནི་དགེ་བའི་ནོར་འཕྲོག་པའི་གླགས་སྐབས་ཚོལ་བར་བྱེད་པ་སྟེ་གླགས་རྙེད་པར་གྱུར་ནས་དགེ་བ་འཕྲོག་ཅིང་དེའི་འབྲས་བུ་བདེ་འགྲོ་དང་ཐར་པའི་སྲོག་ཀྱང་འཇོམས་པར་བྱེད་པས་ཤེས་བཞིན་མེད་པའི་ཉེས་དམིགས་བསམས་ནས་སྒོ་གསུམ་གྱི་གནས་སྐབས་ཇི་ལྟར་གྱུར་སྙམ་དུ་རྟོག་པའི་ཤེས་བཞིན་བསྲུང་བ་ལ་འབད་པར་བྱའོ། །"[༦]ཞེས་གསུངས། དེས་ན་མགྲོན་གཉེར་གྱི་དམ་བཅའ་བླངས་རྗེས་ཉོན་མོངས་པས་གནོད་པར་མི་འགྱུར་བར་ཤེས་བཞིན་དུ་སྒོ་གསུམ་བསྲུང་དགོས།
རང་གཞན་བརྗེ་བའི་ཕན་ཡོན།
[རྩོམ་སྒྲིག]"རང་ལ་འདོད་པ་དེ་དག་ཉིད་གཞན་སེམས་ཅན་ལ་སྤོ་བར་བྱས་ཏེ་ཕ་རོལ་པོ་མཐོ་བར་འདོད་ན་བདེ་འགྲོར་ཏེ་ལྷ་དང་མི་ཡི་དབང་པོར་སྐྱེས་ཏེ་བཀུར་སྟི་དང་རིམ་གྲོ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །"[༧]ཞེས་གསུངས། དེ་ལ་མགྲོན་གཉེར་ནི་རང་ལ་འདོད་པའི་བདེ་བ་དེ་གཞན་ལ་སྤོ་བར་བྱས་ནས་གཞན་གྱི་བདེ་བ་ལ་འདོད་པ་ལ་གོ འདི་ལྟར་རང་དང་གཞན་བརྗེ་བར་བྱས་ན་ཕྱི་མར་བདེ་འགྲོར་སྐྱེ་ཞིང་ལྷ་དང་མི་ཡི་དབང་པོར་གྱུར་ནས་བཀུར་སྟི་དང་རིམ་གྲོ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར། ཡང་ན་རང་ཉིད་ཙམ་མཐོ་བར་འདོད་ན་ཕྱི་མར་ངན་འགྲོར་སྐྱེ་ཞིང་རིགས་ངན་པ་དང་རྨོངས་པར་འགྱུར་ཞེས་པ་ཡིན། "མཐོ་བར་འདོད་པ་དེ་ཉིད་གཞན་ལ་སྤོས་ཏེ་གོམས་པར་བྱས་ན་ཕྱི་མར་བདེ་འགྲོ་དང་བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །"[༨]ཞེས་གསུངས། དེས་ན་མགྲོན་གཉེར་ནི་རང་གཞན་བརྗེ་བའི་སྒྲུབ་པ་དང་ཤིན་ཏུ་འབྲེལ་བ་ཆེའོ། །
བསྡུས་དོན།
[རྩོམ་སྒྲིག]མགྲོན་གཉེར་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་བདེ་བ་དང་གནས་སྐབས་ཀྱི་མཐོ་རིས་ཀྱི་བདེ་བ་སྤྲོད་རྒྱུར་ཚིག་ཙམ་མིན་པ་སྐད་གསང་མཐོན་པོས་བསམ་པ་ཐག་པས་དམ་བཅའ་འདེབས་པ་ལ་གོ དམ་བཅའ་འདི་མ་སྒྲུབ་ན་སེམས་ཅན་ཐམས་ཅད་རྫུན་གྱིས་བསླུས་པར་གྱུར་པས་བདེ་འགྲོར་མི་སྐྱེ་བར་བསྐལ་པ་བྱེ་བ་ཕྲག་བརྒྱར་ངན་འགྲོར་ལྟུང་ནས་བདེ་འགྲོའི་སྒྲ་ཙམ་ཡང་ཐོས་པར་མི་འགྱུར། དེས་ན་མགྲོན་གཉེར་བྱས་རྗེས་ཉོན་མོངས་པའི་གནོད་པ་ལས་བསྲུངས་ཏེ་དངོས་སུ་སྦྱོར་བ་སྒྲུབ་དགོས། དེ་ཡང་རང་གཞན་བརྗེ་བའི་སྒྲུབ་པ་ལ་བརྟེན་ནས་རང་ལ་འདོད་པའི་བདེ་བ་དེ་གཞན་ལ་སྤོ་བར་བྱེད་ན་ཕྱི་མར་བདེ་འགྲོར་སྐྱེ་ཞིང་བཀུར་སྟི་དང་རིམ་གྲོ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར། འོན་ཀྱང་མ་སྒྲུབ་ན་འཁོར་བའི་མཐོ་དམན་ལ་འཁྱམས་ཏེ་སྡུག་བསྔལ་མཐའ་ཡས་པ་མྱོང་དགོས་པ་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།