Jump to content

མགྲིན་ཆུད་

ཡོང་ཁུངས་Wikipedia

མགྲིན་ཆུད་ཅེས་པ་ནི་རུས་སྦལ་ཞར་བའི་མགྲིན་པ་གཉའ་ཤིང་གི་བུ་གའི་ནང་དུ་ཞུགས་པའི་དཔེ་སྟེ། སེམས་ཅན་འདས་པ་མེད་པའི་འཁོར་བ་ནས་དལ་འབྱོར་གྱི་མི་ལུས་ཐོབ་པའི་དཀའ་བ་མཚོན་བྱེད་ཀྱི་དཔེ་རིས་ཤིན་ཏུ་གྲགས་ཅན་ཞིག་ཡིན།

དཔེ་དོན།

[རྩོམ་སྒྲིག]

རྒྱ་མཚོ་ཆེན་པོའི་དཔེ། ཡང་དག་པར་ལྡན་པའི་ལུང་ལས། "དགེ་སློང་དག་ས་ཆེན་པོ་འདི་རྒྱ་མཚོ་ཆེན་པོར་གྱུར་ཅིང་། དེ་ན་གཉའ་ཤིང་བུ་ག་གཅིག་པ་ཞིག་ཡོད་པ་རླུང་གིས་གཡེངས་ཤིང་འདི་ནས་བསྐྱོད་པ་དང་། རུས་སྦལ་ལོང་བ་གཅིག་ཡོད་ལ་རུས་སྦལ་ཡང་ལོ་བརྒྱ་བརྒྱ་ཞིང་མགྲིན་པ་འདེགས་པར་གྱུར་ན་དགེ་སློང་དག་ཇི་སྙམ་དུ་སེམས། རྒྱ་མཚོ་ཆེན་པོའི་གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཆུད་པ་དེ་རྙེད་པར་སླ་བ་ཡིན་ནམ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་དུ་མི་ཉིད་ཤིན་ཏུ་ཐོབ་པར་དཀའ་བ་ཡིན་ནོ། །"ཞེས་གསུངས་པ་ལྟར་རྒྱ་མཚོ་ཆེན་པོ་ལ་རླུང་གིས་ཕྱོགས་ཀུན་དུ་གཡེང་བའི་གཉའ་ཤིང་བུ་ག་གཅིག་པ་ཡོད་ལ། རུས་སྦལ་ཞར་བ་ལོ་བརྒྱ་རེའི་རིང་ལ་ལན་རེ་ཆུ་ཡི་སྟེང་དུ་ཡར་ལངས་ཏེ་དེའི་མགྲིན་པ་གཉའ་ཤིང་གི་བུ་གར་ཞུགས་སྲིད་དོ། །

རྒྱུ་མཚན་བཤད་པ། "རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་བཅོམ་ལྡན་འདས་ཀྱིས་རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི་བུ་གར་རུས་སྦལ་མགྲིན་ཆུད་ལྟར་མི་ཉིད་ཤིན་ཏུ་ཐོབ་དཀའ་བར་གསུངས།"[] ཞེས་གསུངས་པ་ལྟར་རྒྱ་མཚོ་རྒྱ་ཆེ་ཞིང་གཉའ་ཤིང་ལ་སེམས་མེད་ཅིང་རུས་སྦལ་ལ་མིག་མེད་པ་ལ་སོགས་པའི་ཕྱིར་ན་ཤིན་ཏུ་དཀོན་པ་ལྟར། ངན་འགྲོའི་སྡུག་བསྔལ་ལས་ཐར་ནས་དལ་འབྱོར་གྱི་མི་ལུས་ཐོབ་པ་དེ་བས་ཀྱང་ཤིན་ཏུ་ཐོབ་པར་དཀའ་བ་ཡིན།

དོན་གཙོ་བོ།

[རྩོམ་སྒྲིག]

མི་ལུས་ཐོབ་པའི་དཀའ་བ། "དུས་ཕྱིས་དལ་འབྱོར་ཐོབ་པ་ཤིན་ཏུ་དཀའ་སྟེ་ཚེ་འདིར་དགེ་བ་དག་ཀྱང་མ་བྱས་ལ་སྡིག་པ་དག་ཀྱང་ཉེ་བར་བསགས་ན་བསྐལ་པ་བྱེ་བ་བརྒྱར་ཡང་ནི་བདེ་འགྲོའི་སྒྲ་ཡང་ཐོས་པར་མི་འགྱུར་བའི་ཕྱིར་རོ། །"[]ཞེས་གསུངས་པ་ལྟར་ད་ལྟ་དལ་འབྱོར་ཚང་བའི་སྐབས་སུ་དགེ་བ་མ་བྱས་ཤིང་སྡིག་པ་བསགས་ན། ཕྱི་མ་ངན་འགྲོར་སྐྱེ་ནས་བསྐལ་པ་དཔག་ཏུ་མེད་པའི་རིང་ལ་བདེ་འགྲོའི་སྒྲ་ཙམ་ཡང་ཐོས་པར་མི་འགྱུར།

སྡིག་པའི་ཆེ་ཆུང་གི་སྒྲུབ་བྱེད། "སྐད་ཅིག་གཅིག་བྱས་སྡིག་པ་ཞེས་པ་ནི་འགྲེལ་པ་དག་ལས་མཚམས་མེད་པ་ལ་སོགས་པ་ཞེས་འབྱུང་བ་ལྟར་ན་བྱ་རྫོགས་ཀྱི་སྐད་ཅིག་མ་ཉིད་ཡིན་ལ།"[] ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔར་སྐད་ཅིག་རེ་ཙམ་ཞེ་སྡང་བྱས་པས་ཀྱང་བསྐལ་པར་མནར་མེད་དུ་གནས་དགོས་ན། ཐོག་མེད་འཁོར་བར་བསགས་པའི་སྡིག་པ་དཔག་ཏུ་མེད་པ་དག་གིས་བདེ་འགྲོར་མི་འགྲོ་བ་སྨོས་ཅི་དགོས།

སྡིག་པ་རང་ཟད་མི་འགྱུར་བ། "སྔར་གྱི་སྡིག་པའི་འབྲས་བུ་དེ་ཙམ་ཁོ་ན་མྱོང་བར་གྱུར་ནས་དེ་ནི་སྡུག་བསྔལ་ལས་རྣམ་པར་ཐར་པར་མི་འགྱུར་ཏེ། འདི་ལྟར་ནི་མྱོང་བཞིན་དུ་སྡུག་བསྔལ་གྱི་རྒྱུ་སྡིག་པ་གཞན་དག་རབ་ཏུ་སྐྱེ་སྟེ་གསོག་པའི་ཕྱིར་རོ། །"[]ཞེས་གསུངས་པ་ལྟར་ངན་འགྲོར་སྡུག་བསྔལ་མྱོང་བ་ཙམ་གྱིས་སྡིག་པ་ཟད་ནས་ངན་འགྲོ་ལས་ཐར་བར་མི་འགྱུར་སྟེ། སྡུག་བསྔལ་མྱོང་བཞིན་དུ་ཡང་སྡིག་པ་གསར་པ་སྤྱོད་པས་རིམ་པས་འཕེལ་ཏེ་འགྲོ་བའི་ཕྱིར།

དགོས་པ།

[རྩོམ་སྒྲིག]

འདི་ལྟར་མགྲིན་ཆུད་ཀྱི་དཔེས་མི་ལུས་ཐོབ་པའི་དཀའ་ཚེགས་བསྟན་པའི་དགོས་པ་ནི། ད་ལྟ་དལ་འབྱོར་ཚང་བའི་སྐབས་སུ་དགེ་བའི་ལས་ལ་བརྩོན་འགྲུས་བྱེད་པར་སྤྲོ་བ་སྐྱེད་དུ་འཇུག་པ་ཡིན། "དེས་ན་དལ་བ་ཡང་སྟེས་དབང་གིས་བརྙེད། ཆོས་སྒྲུབ་པའི་བློ་ཙམ་དང་ཡང་ལྡན་བཞིན་དུ་ད་དུང་བག་མེད་ཀྱི་སེམས་ཀྱི་དབང་དུ་བཏང་ནས་རང་གིས་རང་ངན་འགྲོར་ཁྲིད་ན་ནི་བདག་གིས་སེམས་འདིས་ཅི་ཞིག་བྱ་སྟེ་སེམས་མེད་པ་ཁོ་ནར་ཟད་པའི་དོན་ཏོ། །"[]ཞེས་གསུངས་པ་ལྟར་ད་ལྟའི་སྐབས་འདི་ནི་མཐའ་ཡས་པའི་འཁོར་བའི་རིང་ལ་ཡང་སླར་རྙེད་པར་ཤིན་ཏུ་དཀའ་བས་ད་ལྟ་ཉིད་ནས་དགེ་སྡིག་གི་འདོར་ལེན་ལ་སྤྲོ་བ་ཆེན་པོ་སྐྱེད་དུ་འཇུག་པ་ཡིན།

དགོས་དོན་གཙོ་བོ།

[རྩོམ་སྒྲིག]

འདི་ལྟར་མགྲིན་ཆུད་ཀྱི་དཔེས་མི་ལུས་ཐོབ་པའི་དཀའ་ཚེགས་བསྟན་པའི་དགོས་པ་ནི། ད་ལྟའི་དལ་འབྱོར་འདི་མཐའ་ཡས་པའི་འཁོར་བའི་རིང་ལ་ཡང་སླར་རྙེད་པར་ཤིན་ཏུ་དཀའ་བས། ད་ལྟ་ཉིད་ནས་དགེ་སྡིག་གི་འདོར་ལེན་ལ་སྤྲོ་བ་ཆེན་པོ་སྐྱེད་ནས་དགེ་བའི་ལས་ལ་བརྩོན་འགྲུས་བྱེད་དུ་འཇུག་པ་ཡིན། དེས་ན་ད་ལྟའི་སྐབས་འདི་ནི་ཆོས་ཀྱི་ཡོན་ཏན་ཐོབ་པར་ནུས་པའི་གོ་སྐབས་རིན་པོ་ཆེ་ཡིན་པས། བག་མེད་ཀྱི་སེམས་ཀྱི་དབང་དུ་མ་བཏང་སྟེ་དགེ་བའི་ལས་ལ་འཇུག་དགོས་པའི་གདམས་ངག་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  3. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  5. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།