མགོན་པོ་རང་བྱོན་
མཐོང་རིས་
མགོན་པོ་རང་བྱོན་(Gonbo Rangjon)
[རྩོམ་སྒྲིག]ཟངས་དཀར་ལུང་སྣའམ་ལུང་ནག་ལུང་པའི་ཕུ་རུ་རྔམ་བརྗིད་ལྡན་པར་ལངས་པའི་མགོན་པོ་རང་བྱོན་ནི། ཟངས་དཀར་གྱི་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ཁྱད་པར་ཅན་ཞིག་དང་། ནང་པའི་དད་ལྡན་ཡོངས་ཀྱི་གནས་རི་རྩ་ཆེན་ཞིག་ཡིན། "མགོན་པོ་རང་བྱོན" ཞེས་འབོད་པའི་བྲག་རི་ཆེན་པོ་འདི་ནི་ལུང་པའི་དཀྱིལ་དུ་གཅིག་པུར་འགྱིངས་ནས་ཡོད་པས། མཐོང་བ་ཙམ་གྱིས་ཡིད་དབང་འཕྲོག་པ་ཞིག་ཡོད། དེ་ལ་མི་ཚོས་མགོན་པོ་རང་བྱུང་ཡང་ཟེར།
༡། མཚན་དོན་དང་ཆོས་ཀྱི་གནད་དོན།
[རྩོམ་སྒྲིག]- མཚན་དོན: ཟངས་དཀར་གྱི་ཡུལ་སྐད་དུ་"མགོན་པོ་རང་བྱོན" དང་བོད་སྐད་དུ་"མགོན་པོ་རང་བྱུང་"ཞེས་འབོད་སྲོལ་འདུག
- མགོན་པོའི་རྣམ་སྤྲུལ: གནས་རི་འདི་ནི་ནང་པ་སངས་རྒྱས་པའི་བསྟན་སྲུང་དཔལ་ཡེ་ཤེས་ཀྱི་མགོན་པོ་ (Mahakala) དངོས་སུ་བྲག་རིའི་རྣམ་པར་གྲུབ་པ་ཡིན་པར་བརྩི་བ་ཡིན། ཡུལ་མི་ཀུན་གྱིས་བཤད་ཚུལ་ལ་བྲག་རི་དེར་མགོན་པོ་དོན་བཅུ་དོན་ལྔ་མཇལ་རྒྱུ་ཡོད་པས་མགོན་པོའི་ཕོ་བྲང་ལྟ་བུ་ཞིག་ཏུ་བརྩི་བ་ཡིན།
- ཚེས་བཟང་དང་དུས་བཟང་སྐབས་བྲག་རི་དེ་ནས་རྔ་དང་རོལ་མོའི་སྒྲ་ཡང་ཐོས་རྒྱུ་ཡོད་པ་བཤད་སྲོལ་ཡོད། དེ་དུས་བྲག་རི་དེའི་ཉེ་འགྲམ་གྱི་འབྲོག་མི་ཚོས་ཕྱག་མཆོད་སོགས་འབུལ་སྲོལ་ཡོད་འདུག
༢། མགོན་པོ་རང་བྱོན་གྱི་ཁྱད་ཆོས།
[རྩོམ་སྒྲིག]- ས་གཤིས་ཀྱི་ཁྱད་ཆོས་ནི། རི་བོ་འདི་ནི་ལུང་པའི་དཀྱིལ་དུ་གཅིག་པུར་མཆོད་རྟེན་བཞེངས་པ་ལྟར་ཡོད་པས། ཤིང་ཁུར་ལའི་ལ་ཁ་ནས་མར་ཡོང་སྐབས་རྒྱང་རིང་པོ་ནས་མཇལ་ཐུབ།
- གཅིག་པུར་འགྱིངས་པ: མདུན་དངོས་ནས་བལྟས་ན་ས་ཆ་གཞན་དང་མ་འབྲེལ་བར་གཅིག་པུར་ལངས་པའི་བྲག་རི་ལྟ་བུ་ཞིག་ཏུ་མཐོང་།
- ཚོན་མདོག་གི་འགྱུར་ལྡོག: ཉི་མ་ཤར་བ་དང་ནུབ་པའི་སྐབས་སུ། ཉི་འོད་བྲག་རིའི་ངོས་སུ་ཕོག་ནས་བྲག་རིའི་ཁ་དོག་གསེར་མདོག་དང་དམར་སེར་དུ་འགྱུར་བ་ནི་ཧ་ཅང་མཛེས་པོ་ཡོད།
༣། གནས་རིའི་འགྲམ་གྱི་འཚོ་བ།
[རྩོམ་སྒྲིག]- གནས་རི་འདིའི་ཞབས་སུ་སྤང་ལྗོངས་ཡངས་པོ་ཡོད་པ་དང་། དེར་དཀར་རྒྱག་གྲོང་གསེབ་ཀྱི་ཡུལ་མི་ཚོས་གཡག་དང་མཛོ་སྐར་སའི་ལྷས་ར་བྱེད་ས་ཞིག་ཀྱང་ཡོད།
- སྐར་ཚོགས་ལྟ་བ།: གནས་འདི་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ ༤,༢༤༠ ཙམ་ཡིན་པ་དང་། མཚན་མོར་སྐར་ཚོགས་དང་དགུ་ཚིགས་སྐྱ་མོ་ (Milky Way) ཧ་ཅང་གསལ་པོ་མཐོང་ཐུབ།
༤། དེང་རབས་ཀྱི་མཐུན་རྐྱེན།
[རྩོམ་སྒྲིག]- སྔོན་མ་མགོན་པོ་རང་བྱོན་དུ་ཡོང་བར་ཉིན་མང་པོ་རྐང་ཐང་ལ་འགྲོ་དགོས་ཀྱང་། ད་ལྟ་ཤིང་ཁུར་ལའི་གཞུང་ལམ་བཟོས་པ་ལ་བརྟེན་ནས་རླངས་འཁོར་ནང་ཡོང་ཐུབ། འོན་ཀྱང་། གནས་རིའི་རྩ་ཆེན་དང་རང་བྱུང་ཁོར་ཡུག་ལ་གནོད་པ་མི་ཡོང་བར་སྲུང་སྐྱོབ་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན།
- ད་ལྟ་བྲག་རི་དེའི་ཉེ་འགྲམ་དུ་སྒར་སའམ་ཚོགས་གུར་མང་པོ་བཙུགས་ཡོད་པས་ཡུལ་སྐོར་བ་ཀུན་ཡང་ཉི་མ་ག་ཚོད་སྡོད་འདོད་ན་སྡོད་ཆོག་པ་ཡོད།