མགོན་པོ་
མགོན་པོ་ཞེས་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་གཞུང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པའི་ངང་ནས་བོད་པའི་གཙོ་བོའི་ཐ་སྙད་ཅིག་ཡིན། འདི་ནི་འགྲོ་བ་རྣམས་ཀྱི་སྐྱབས་མགོན་ཡིན་པའི་དོན་དུ་སྤྱད་པ་ཡིན།
ནང་དོན།
[རྩོམ་སྒྲིག]མགོན་པོ་ཞེས་པ་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་ཡིན་པའི་དོན་དུ་སྦྱར་བ་ཡིན། མཆོད་པ་འབུལ་བའི་སྐབས་དང་འགྱོད་པ་དང་བཤགས་པ་རྒྱབ་པའི་སྐབས་སུ་གུས་པས་བོས་ཏེ་སྤྱད་པ་མཇལ།
མཆོད་པ་འབུལ་བའི་སྐབས་སུའི་སྤྱོད་ཚུལ། "ཇི་ལྟར་འཇམ་དབྱངས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཆོད་པར་མཛད་པའི་ཚུལ།"[༡] ཞེས་དང་། "དེ་བཞིན་དུ་བདག་གིས་ཀྱང་དེ་བཞིན་གཤེགས་པ་མགོན་པོ་སྲས་དང་བཅས་པ་རྣམས་ མཆོད་པར་མོས་པའོ། །"[༢]ཞེས་གསུངས་པ་ལྟར།
འདིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མགོན་པོ་ཞེས་གུས་པས་བོད་པ་དང་། ཁོང་རྣམས་ལ་མཆོད་པ་ཕུལ་ཏེ་ཆོ་ག་སྒྲུབ་པའི་ཚུལ་བཤད་ཡོད། "འཇམ་པའི་དབྱངས་དང་། ཀུན་དུ་བཟང་ པོ་དང་། མི་ཕམ་པ་དང་། འཇིག་རྟེན་མགོན་པོ་ལ་སོགས་པ་ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་རྣམས་"[༣]ཞེས་འཇིག་རྟེན་མགོན་པོ་ཞེས་སྤྱིར་བྱང་ཆུབ་སེམས་དཔའི་མཚན་གཞི་ཡང་ཡིན།
འགྱོད་པ་དང་བཤགས་པའི་སྐབས་སུའི་སྤྱོད་ཚུལ། "མགོན་པོ་ཞེས་སྐྱབས་གནས་རྣམས་ལ་བོས་ནས་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་ལ་འཇུག་ལྡོག་ཕྱིན་ཅི་ལོག་ཏུ་བྱེད་པའི་བག་མེད་པའི་དབང་དུ་གྱུར་པ་"[༤]ཞེས་གསུངས་པ་ལྟར།
འདིར་སྐྱབས་གནས་ལ་མགོན་པོ་ཞེས་བོས་ནས་རང་གིས་སྡིག་པ་བྱས་པར་འགྱོད་པ་བྱེད་པའི་ཚུལ་བཤད་ཡོད། "མགོན་པོ་ཞེས་སྡུག་བསྔལ་གྱིས་འོ་དོད་བོས་ཏེ་བླང་དོར་ལ་རྨོངས་ཤིང་རྒྱུ་འབྲས་ཡིད་ཆེས་པའི་དད་པ་མེད་པས་སྒོ་གསུམ་བག་མེད་ཀྱི་དབང་དུ་སོང་བ་ལས་ངན་པོ་བདག་གིས་ནི་འཆི་ཁ་གནད་གཅོད་ཀྱི་འཇིགས་པ། ཤི་ནས་བར་དོའི་འཇིགས་པ་ཕྱི་མ་ངན་སོང་གི་འཇིགས་པ་འདི་འདྲ་ཡོད་པ་མ་འཚལ་ཏེ་མ་ཤེས་ནས་མི་རྟག་པ་སྙིང་པོ་མེད་པ་ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་ཟས་ནོར་ལོངས་སྤྱོད་ཀྱི་ཆེད་དག་ཏུ་སྲོག་གཅོད་པ་ལ་སོགས་པའི་སྡིག་པ་མང་པོ་ཉེ་བར་བསགས་ཤིང་བསྒྲུབས་ན་འཆི་བའི་ཚེ་ཤིན་ཏུ་སྡུག་བསྔལ་གྱིས་གཟིར་ཞིང་ཉམས་ཐག་པར་འགྱུར་"[༥]ཞེས་འཆད་ཡོད།
སྙིང་རྗེ་དང་སྐྱོབ་པའི་ནུས་པ། "དེ་བས་ན་མགོན་པོ་སྤྱན་རས་གཟིགས་གང་གི་མིང་ཐོས་ཞེས་པ་ནི་འདྲེ་ལ་སོགས་པའོ། །"[༦]ཞེས་གསུངས་པ་ལྟར།
"མགོན་པོ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོས་འགྲོ་བ་ཡི་ཐ་ན་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་ཙམ་ཡང་བསལ་བའི་ཕྱིར་རང་གི་མཚན་ཡང་ཐོས་པ་ཙམ་གྱིས་དེ་ལ་སྐྱོབ་ནུས་སུ་བྱིན་གྱིས་བརླབས་ཏེ། སྡོང་པོ་བཀོད་པར། བདག་གི་མིང་ལན་གསུམ་དྲན་པས་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་མེད་པར་གྱུར་ཅིག་"[༧]ཅེས་གསུངས་སོ། །
འདིར་བྱང་ཆུབ་སེམས་དཔའ་ཞིག་གིས་སེམས་ཅན་གྱི་དོན་དུ་དགེ་བ་བསྔོ་བ་དང་སྨོན་ལམ་གདབ་པའི་སྐབས་སུ་སངས་རྒྱས་རྣམས་ལ་མགོན་པོ་ཞེས་བོད་པའི་ཚུལ་བཤད་ཡོད།
"གང་གི་ཚེ་ཐུབ་པའི་གསུང་རབ་སོགས་བལྟ་བར་འདོད་པའམ་དོན་ལྡན་གྱི་ཡི་གེ་ཅུང་ཟད་འདྲི་བར་འདོད་ན་ཡང་མགོན་པོ་འཇམ་དབྱངས་དེ་ཉིད་ནི་དངོས་སུ་མཐོང་བ་ལ་སྒྲིབ་པར་བྱེད་པའི་གེགས་མེད་པར་ཡང་དེ་མ་ཐག་མཐོང་བར་ཤོག །"[༨]ཞེས་བཤད་པ་ལྟར་རང་དོན་སྨོན་ལམ་གྱི་སྐབས་སུའང་འཇམ་དབྱངས་ལ་མགོན་པོ་ཞེས་བོད་པའི་ཚུལ་བཤད་ཡོད།
བསྡུས་དོན།
[རྩོམ་སྒྲིག]མགོན་པོ་ཞེས་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་ནང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པའི་ངང་ནས་སྤྱད་པའི་ཐ་སྙད་ཅིག་ཡིན། འདི་ནི་ཁོང་རྣམས་འགྲོ་བ་ཐམས་ཅད་ཀྱི་སྐྱབས་མགོན་ཡིན་པའི་དོན་དུ་སྦྱར་བ་ཡིན། མཆོད་པ་འབུལ་བ། འགྱོད་པ་བཤགས་པ། སྨོན་ལམ་གདབ་པ། སོགས་ཀྱི་སྐབས་སུ་གུས་པས་བོས་ཏེ་སྤྱད་པ་ཞིག་ཡིན། ཁྱད་པར་དུ་སྤྱན་རས་གཟིགས་དང་འཇམ་དབྱངས་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་མགོན་པོ་ཞེས་བོད་ཅིང་། ཁོང་རྣམས་ཀྱིས་སེམས་ཅན་རྣམས་ལ་སྙིང་རྗེ་དང་སྐྱོབ་པའི་ལས་ཀ་མཛད་པར་འདོད།
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།