མགོ་ལོག་ཨ་སྐྱོང་།

ཡོང་ཁུངས་Wikipedia

ཨ་སྐྱོང་ཞེས་པའི་མིང་འདི་ཐོག་མར་བྱུང་ཚུལ། ཨ་སྐྱོང་ཞེས་པ་ཐོག་མར་མི་ཞིག་གི་མིང་ཡིན་པ་ནས་རིམ་བཞིན་རུས་རྒྱུད་ཅིག་གི་མིང་དུ་གྲུབ། དེ་ཡང་ཕ་རྒྱུད་འབྲུ་དང་མ་རྒྱུད་གཉན་ལས་ཆད་པའི་མགོ་ ལོག་ཨ་སྐྱོང་ཟེར་བ་འདིའི་མིང་ཐོགས་ནས་ད་ལྟའི་བར་དུ་ལོ་ངོ་ལྔ་བརྒྱ་ཕྲག་གི་རིང་མིའི་རིགས་ལ་བཙན་གནོན་བྱེད་པའི་ཧམ་སེམས་ཅན་གྱི་ཚོ་ཁག་མང་བོར་ དཔའ་རྩལ་འགྲན་ནས་རང་མགོ་གཞན་ལ་མ་ཤོར་བར་མི་རབས་སྔ་མ་ལས་ཕྱི་མ་བཟང་བའི་ཚོད་ཙམ་གྱིས་མངའ་འབངས་ལ་བྱམས་སེམས་དང་རིགས་རྒྱུད་ ལ་གཅེས་སྤྲས་བྱས་ནས་ད་ལྟ་མི་མིང་དཔོན་ལ་ཐོགས། དཔོན་མིང་སྡེ་ལ་ཐོགས་པ་འདི་བྱུང་བ་རེད། དེ་ཡང་ཞིབ་མོར་བཤད་ན། སྤྱི་ལོའི་དུས་རབས་བཅོ་ ལྔ་བའི་དུས་དཀྱིལ་དུ་འཁྲུངས་བའི་གཉན་མོའི་ཕག་ཐར་གྱི་བུ་ཆེ་བ་རྡོ་རྗེ་འབུམ་ལ་འབུམ་ཕྱུག་རྒྱལ་དང་དབང་ཆེན་འབུམ། ཟེར་བའི་བུ་གཉིས་ཡོད་པ་ལས་ འབུམ་ཕྱུག་རྒྱལ་ལའང་བུ་གཉིས་སྐྱེས་པའི་ཆེ་བའི་མིང་ལ་ཨེ་ཆུང་དང་ཆུང་བའི་མིང་ལ་དཔོན་ལོག་རྒྱལ་མཚན་ནམ་རིན་ཆེན་འབུམ་ཟེར། ཨེ་ཆུང་གིས་སའི་ ཆ་མགོ་ལོག་ཡ་རུ་ཐང་དུ་མཁར་བརྩིགས་ཏེ་གཉན་བཟའ་མཚོ་མོ་ཟེར་བ་ཆུང་མར་བླངས། མཁར་གྱི་རྒྱབ་ཕྱོགས་སུ་བྲག་རི་བྱ་ཁྱུང་དང་འདྲ་བ་ཞིག་ཡོད་ པས་མི་དང་སའི་མིང་མཉམ་དུ་འབོད་པ་སྟེ་ཨེ་ཁྱུང་ངམ་ཨ་ཁྱུང་ཟེར་བ་རྗེས་ནས་ཨ་སྐྱོང་དུ་བསྒྱུར། སྐབས་དེའི་ཁོའི་བདག་ཐོབ་ཀྱི་ས་ཆ་ནི། སྟེ་ལོ་ འཕྲང་ཆུང་མན་ཆད་དང་སྨུག་ཆུང་མདའ་ཐད་ཡན་ཆད་ཡིན། ཁོ་ལ་སྔ་ཕྱིར་མ་མི་གཅིག་པའི་བུ་བརྒྱད་སྐྱེས་པ་ལས་ཁོ་རང་གི་ཁང་ཁྱིམ་དང་ཐོབ་ཐང་གི་ བདག་པོ་ནི་ཁོའི་ཟུར་ཁྱིམ་ཇི་བཟའི(འཇུ་བཟའ)བུ་སྙིང་བུ་རྒྱལ་ཡིན། ཨ་སྐྱོང་གི་བུ་བརྒྱད་ཀྱི་མི་རྒྱུད་དེད་ན། ད་ལྟའི་ཡར་ཐང་མཁར་བ་ཚང་།མང་བཟའ་ཚང་། ཆོས་སྐོར་གྱི་རྗེ་རིགས། མུ་ཡངས་ཀྱི་རྗེ་རིགས། སྔར་གྱི་རབ་ ཁའི་མགོ་ལོག འགྲམ་མགོ་ལོག་རྣམས་ཡིན། སྙིང་བུ་རྒྱལ་ནི་དམག་ དོན་ལ་མཁས་ཤིང་དཔའ་མཛངས་ལྡན་པ་ཞིག་ཡིན་པས་ཝ་དོང་བརྐོས་ནས་སོག་དམག་ལ་འཐབ་སྟེ་གཡུལ་ལས་རྒྱལ་བས་མཚན་སྙན་ཧ་ཅང་རྒྱས། དེའི་བུ་ མགོ་ལོག་ཤཱཀྱ་འབུམ་ཡིན། དེའི་བུ་ཚེ་དབང་འབུམ་དང་བསྟན་འཛིན་དར་རྒྱས་གཉིས་ཡིན། གཉན་མོའི་ཕག་ཐར་ནས་བཟུང་འདི་བར་གྱི་མི་རབས་དྲུག་ དང་ལོ་ངོ་སུམ་བརྒྱ་ཙམ་གྱི་རིང་དུ་རྨ་འཛི་རྡོ་གསུམ་གྱི་སའི་ཆར་དགྲ་འདུལ་གཉེན་སྐྱོང་གི་བྱ་བས་མི་རྒྱུད་སྤེལ་ཏེ་དུས་རབས་བཅོ་བརྒྱད་པར་སླེབས། ཨ་ སྐྱོང་བསྟན་འཛིན་དར་རྒྱས་ལ་དམག་ཟོར་མགོན་པོ། བསོད་ནམས་ནོར་བུ། བསོད་ནམས་དཔལ་མགོན། མགོན་པོ་དར་རྒྱས། བུ་མོ་ལྷ་མོ་རྒྱལ། སྐལ་བཟང་སྒྲོན། རིག་འཛིན་ལྷ་མོ་བཅས་བུ་བུ་མོ་བདུན་སྐྱེས།




ཨ་སྐྱོང་བསྟན་འཛིན་རྒྱ་མཚོ།


(༡) སྐུ་ན་ཕྲ་བའི་དུས་ཀྱི་མཛད་སྤྱོད་རགས་ཙམ་གླེང་བ། ཨ་སྐྱོང་དཔོན་སྤྲུལ་བསྟན་འཛིན་རྒྱ་མཚོ་ནི་རབ་བྱུང་བཅོ་ལྔ་བའི་ཆུ་གླང་སྤྱི་ལོ༡༩༡༣ལོར་རྨ་ཀླུང་གཡང་གི་ར་བར་ཨ་སྐྱོང་གོང་མ་ཚང་གི་སྤྱི་དཔོན་ཀརྨ་མཐུ་ སྟོབས་དང་ཝ་བཟའ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་གྱི་ཐོག་མདོ་སྨད་འཛམ་ཐང་གཙང་བ་ཚང་གི་སྒྲུབ་རྒྱུད་འཛིན་པའི་རྡོ་རྗེ་སློབ་དཔོན་ ངག་དབང་ཆོས་འབྱོར་རྒྱ་མཚོའི་ཡང་སྤྲུལ་དུ་ངོས་འཛིན་མཛད་ནས་ལོ་དེར་སྒྲུབ་ བརྒྱུད་བསྟན་པའི་འབྱུང་གནས་གསང་ཆེན་ཆོས་ཀྱི་རོལ་མཚོ་ཤར་འཛམ་ཐང་དུ་ གདན་དྲངས་ཏེ་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་རྒྱ་ཆེར་སྤེལ་ནས་མཚན་ངག་དབང་བསྟན་འཛིན་རྒྱ་མཚོར་གསོལ། དེར་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་དང་བསྟན་པའི་འཇུག་སྒོ་ སྐྱབས་སུ་འགྲོ་བ་ནས་བཟུང་ལམ་གྱི་རིམ་པ་འཐུས་ཚང་བར་བྱས་ཏེ། སྔ་ཕྱིར་རྟོགས་པའི་དབང་ཕྱུག་ཆེན་པོ་ཨ་མགོན་ངག་དབང་བསྟན་པ་ གསལ་བྱེད་དང་། འཛམ་དངོས་ཀུན་དགའ་ངག་གི་དབང་བོ། ངག་དབང་ཚོགས་ གཉིས་རྒྱ་མཚོ་སོགས་ལེགས་པར་བསྟེན་ནས་དུས་འཁོར་རྫོགས་རིམ་རླུང་སྦྱོར་གྱི་ དམིགས་གནད་སྦྱོར་བ་ཡན་ལག་དྲུག་སོགས་བསྐྱེད་རྫོགས་གང་མང་ཚད་འགྲོ་ གནད་སྨིན་དང་། གཞན་ཐུན་མོང་དང་ཐུན་མིན་གྱི་རིག་གཞུང་ཀུན་ལ་དཔེ་ གཟིགས་ཡུན་རིང་མཛད་སྐབས་རྣམ་དཔྱོད་ཧ་ཅང་ཆེ་བས་བླ་མ་འཛམ་དངོས་དང་ཚོགས་གཉིས་རྒྱ་མཚོ་ཟུང་གིས་སྤྲུལ་སྐུ་འདིས་དཔེ་གཟིགས་རྒྱུན་སྐྱོང་བྱས་ན་འཇུ་མི་ ཕམ་ཚང་ལྟ་བུ་ཞིག་འོང་རྒྱུ་རེད་ཅེས་ཁོང་གི་མཁྱེན་རྩལ་ལ་གདེང་འཇོག་མཐོན་པོ་བྱས། མཚམས་རེར་བྱིས་པའི་སྤྱོད་ཚུལ་གྱིས་རྩེད་མོར་ཅུང་རེ་གཡེང་ནའང་སླར་ འཆད་རྒྱུགས་ཕུལ་བའི་ཚེ་ན་འཛིན་གྲྭའི་ཡང་རྩེར་སླེབས། དེ་ལྟར་བསྟུད་མར་ལོ་ མང་བོའི་རིང་ལ་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་དབང་ཁྲིད་རྒྱབ་བརྟེན་མཐའ་ཡས་པ་གསན། ཞར་དུ་སྒྲུབ་མཆོད་མང་བོའི་ཕྱག་ལེན་དང་དབྱངས་རོལ། གཏོར་ མའི་བཅའ་བཟོ་སོགས་ཆོ་གའི་ཡན་ལག་ཀུན་ཀྱང་གསན་བཞེས་མཛད་པ་སོགས་ དགོན་དེའི་བཤད་སྒྲུབ་ཕྱག་བཞེས་ཀྱི་རིམ་པ་མཐའ་དག་ཐུགས་ཉམས་སུ་བསྟར། རིམ་གྱིས་ཐོས་དོན་རྒྱུད་ལ་སྦྱར་ནས་བསམ་བྱུང་དང་སྒོམ་བྱུང་གི་ཤེས་རབ་ནང་ ནས་བརྡོལ་ཏེ་མཁས་པའི་གོ་ས་ཐོབ། ཕྱིས་སུ་ཕ་ཡུལ་དུ་ཕེབས་ཏེ་བསྟན་འགྲོར་ ཕན་བདེ་རྒྱ་ཆེར་སྤེལ་ཚུལ་འོག་ཏུ་གསལ། (༢) ཁོང་གིས་དགུང་ལོ་བཅོ་ལྔ་ཙམ་ནས་ཡུལ་ཁམས་ཀྱི་ཟིང་འཁྲུག་ ཞི་འཇགས་སུ་བཏང་བས་མཚན་སྙན་ཕྱོགས་སུ་རྒྱས་ཚུལ། དེ་ཡང་བར་སྐབས་ཤིག་ལ་འཛི་གཞུང་ན་མདའི་སྡེ་ནང་དུ་དབལ་ཤུལ་གྱི་དམག་འོང་སྟེ་འཁྲུག་རྐྱེན་སློང་བར་ཨ་སྐྱོང་བསྟན་འཛིན་རྒྱ་མཚོ་བར་འབུད་དང་འགྲིག་ མཐུན་གྱི་དཔང་བོར་ཕེབས། སྐབས་དེར་ཁོང་དགུང་ལོ་བཅོ་ལྔ་ལས་མིན་ནའང་ ཕྱོགས་གཉིས་ཀྱི་འཁོན་པ་བསྡུམ་པའི་ཐབས་འཕྲུལ་དང་ཡུན་རིང་བོར་འགྲིག་ མཐུན་དགོས་པའི་བློ་བཀོད། སྨྲ་བརྗོད་ལ་རང་དབང་ཐོབ་པའི་ཁྱད་ཆོས་བཅས་ལ་ཀུན་ངོ་མཚར་བར་གྱུར་ཏེ། ཕྱོགས་གཉིས་ཀྱིས་ཁོང་གི་བཀའ་དང་ལེན་དང་ གསུང་བརྩི་འཇོག་བྱས་པས་འཛི་གཞུང་སྟོད་སྨད་བར་གསུམ་དུ་མཚན་སྙན་གྱིས་ ཁྱབས། ཡང་ཁོང་ཉིད་དགུང་ལོ་ཉི་ཤུའི་ཐོག་འཛམ་ཐང་གཙང་བའི་བླ་འཚབ་ ཀྱིས་ཨ་སྐྱོང་གོང་མ་ཚང་གི་གསོན་གཤིན་གྱིས་གང་ཕུལ་རྣམས་ས་ག་ཟླ་བའི་སྤྱི་རྫས་སུ་ཁྱེར་ཏེ་མར་འགྲོ་བའི་ལམ་བར་དུ་རྔ་བའི་ཕྱོགས་ནས་ཇག་བཅོམ་བྱས་སོང་བར་ འཛམ་ཐང་གཙང་བའི་སེར་དམག་བུད་དེ་སོང་ནའང་གྱོད་མ་འགྲིག་པའི་སྐབས་ དེར། གཙང་བ་སེ་སྤྲུལ་སྐུ་དང་ཨ་སྐྱོང་མཆོག་སྤྲུལ་འདི་བ་གཉིས་ཕེབས་ནས་གཟུ་ བཤད་ཀྱི་དཔང་བོ་བྱས། དེ་ཡང་ལེགས་ཉེས་ཀྱི་ཤན་འབྱེད་པའི་སྲུང་མ་ཡེ་ཤེས་ཀྱི་ སྤྱན་ལྡན་རྣམས་ནི་བསྟན་འགྲོ་ལ་གང་ཕན་བསྒྲུབ་པ་རྣམས་ཀྱི་དཔུང་གྲོགས་ཡིན་ སྟབས་ཨ་སྐྱོང་མཆོག་སྤྲུལ་དང་བླ་མ་གཙང་བའི་གྲྭ་ཚང་ལ་ཆོས་སྐྱོང་རང་ཆས་སུ་ ཡོད་སྟབས། འཕྲོག་བཅོམ་བྱེད་པའི་ཕྱོགས་ཁག་གི་མི་ཕྱུགས་གཉིས་ལ་རྟགས་ མཚན་མང་བོ་ཐོན་ཏེ། མཐར་ཁོང་ཚོར་ཐབས་ཟད་ནས་ངོ་རྒོལ་གང་ཡང་བྱེད་མ་ནུས་པར་མ་ཟད། མཆོག་སྤྲུལ་འདི་བའི་འཇོན་ཐང་དང་གཟི་བརྗིད་ལ་གུས་བཀུར་ཚད་མེད་ཐོབ། སྐབས་དེར་ཁོང་གི་གསུང་བཤད་ལ་རྔ་སྟོད་སྨད་བར་གསུམ་གྱི་བླ་ དཔོན་རྣམས་ཧ་ལས་ནས་ཨ་སྐྱོང་བསྟན་འཛིན་རྒྱ་མཚོ་ནི་ལུགས་གཉིས་དང་སྤྱོད་ ཡོན་གང་ཐད་ནས་ངོ་མཚར་བའི་ཚད་དུ་འཛིན་དགོས་པའི་ཁས་ལེན་བྱས། དེ་ནི་བླ་མ་གཙང་བ་ཚང་མ་ཟད་མགོ་ལོག་ཨ་སྐྱོང་གི་ཡུལ་དགོན་གཉིས་ཀྱི་དགེ་མིང་སྣ་ དང་མི་རབས་དུ་མར་གླེང་ཆོག་པའི་མཚན་སྙན་ཞིག་ཏུའང་བརྩི་ཆོག་འདུག (༣ ) དམ་པ་འདི་བས་སྔ་ཕྱིར་མི་ལོ་སུམ་ཅུ་ལྷག་གི་རིང་ལ་ཨ་སྐྱོང་གོང་མ་ཚང་གི་ཆོས་སྲིད་གཉིས་ཆར་ཐུགས་ཁུར་ཟབ་བཞེས་གནང་བ། དེ་ལྟར་མཆོག་སྤྲུལ་ཁོང་ཉིད་དགུང་ལོ་གཞོན་པའི་དུས་སུ་ཡང་འཆད་ཉན་དང་ཐོས་བསམ་མང་བོ་མཛད་པའི་ཞོར་དུ་ཡུལ་སྡེ་མང་ བོའི་འཁྲུག་སློང་བཅོས་ནས་ཞི་མཐུན་དུ་གནས་པར་བྱས་པ་སོགས་སྐུ་ཡོན་དང་མཛད་པ་གཞན་ལས་ཆེ་བས་སྨྲ་རོལ་དང་མགོ་ལོག་ཕྱོགས་སུ་རིམ་གྱིས་མཚན་སྙན་ཆེ་བར་གྱུར། དཔོན་སྤྲུལ་འདི་བ་ཨ་པང་གཏེར་སྟོན་དཔའ་བོ་ཆོས་དབྱིངས་རྡོ་རྗེའི་ཆོས་བདག་གཙོ་བོ་བཞིའི་ཡ་གྱལ་དུ་ལུང་བསྟན་ཐོབ་པ་དང་ཁོང་ཉིད་གླིང་དུས་ཀྱི་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་སྐྱེ་སྲིད་ཡིན་པར་ཡང་ཞལ་བཞེས་གནང་མྱོང་། ཁོང་གི་བརྩམ་ཆོས་ལ། སྒྲོལ་མའི་ཆོས་སྐོར་དང་འཛམ་གླིང་གེ་སར་རྒྱལ་བོའི་བསྐུལ་བ་དབང་དྲག་མེ་ཡི་འཕྲུལ་འཁོར། ཤང་ཤང་སྨན་རྫོང་། ཧོར་ཕར་འདུལ་སོགས་སྒྲུང་དཔེའི་སྐོར་དུ་མ་བཅས་ཡོད་ཅིང་། ཐབས་ལམ་བདེ་བ་ཆེན་པོ་སོགས་གསུང་ཆོས་མང་བོ་ཞིག་དུས་གཟར་སྐབས་འབྱུང་བའི་དབྱིངས་སུ་ཐིམ། དགུང་ལོ་སུམ་ཅུའི་སྟེང་ཆོས་བཟའ་རྟ་མགྲིན་དབང་མོ་ཁབ་ཏུ་བཞེས་ནས་སྲས་སྲས་མོ་གསུམ་འཁྲུངས། སྐབས་དེ་དག་ཏུ་ཕྱོགས་ཡར་མར་གྱི་སྡེ་དགོན་དང་མི་སྒེར་སོགས་ཀྱི་འགལ་བ་ མང་བོ་བསྡུམ་ནས་གཞན་ཕན་གང་མང་བསྒྲུབས། རབ་རྒྱལ་ཆུ་འབྲུག་སྟེ་སྤྱི་ ལོ༡༩༥༢ལོར་གོང་མ་ཚང་གི་སྤྱི་དཔོན་དུ་བཞུགས་པའི་ཁོང་གི་སྤུན་མགོན་པོ་ལྷ་ཆེན་དགོངས་པ་རྫོགས། དེ་དུས་མཆོག་སྤྲུལ་འདི་ཉིད་དགུང་ལོ་བཞི་བཅུ་ལ་བསླེབས་ཡོད། ལོ་དེར་ཁོང་གིས་ཨ་སྐྱོང་གོང་མ་ཚང་གི་ཕ་ཇུས་གྲུ་བཞི་གཅིག་ གི་བདག་པོ་བྱས་ཏེ་རྟག་བརྟན་ཨ་ཡིག་གིས་མཚོན་པའི་རྒྱལ་ཐམ་མཐོང་བ་ཟིལ་གནོན་བདག་གིར་བཞེས་ཤིང་། མངའ་འབངས་བདེ་སྐྱིད་ལ་འགོད་པའི་ཁྲིམས་ཡིག་ཤེལ་གྱི་མེ་ལོང་ཕྱག་ཏུ་བསྣམས་ནས་ཡུལ་མགོ་ལོག་ཨ་སྐྱོང་གི་ལྷ་འབངས་རྣམས་ཉམ་ཆུང་གི་གནས་ལས་བསྐྱབ་པའི་དཔུང་གཉེན་དུ་ལྷ་གཉན་མོ་ཕག་ཐར་གྱི་སྐུ་ཚ་ཁོང་གིས་ཡང་བསྐྱར་སྤོབས་སེམས་མཐོ་རུ་བཏེགས་ཏེ་སྡེ་དོན་བསྒྲུབས། ཁོང་གིས་སྲིད་དོན་ཕྲག་ཏུ་ཁུར་བའི་ལོ་དེའི་བོད་ཟླ་གསུམ་པའི་ནང་ཨ་སྐྱོང་གོང་མ་ཚང་གི་འདུས་ཆེན་འཚོགས་ནས་སྡེ་འབངས་རྗེ་བློན་རྣམས་ མཉམ་དུ་འཛོམས་ཐོག་ཁོང་གིས་ཞལ་བཀོད་འདི་ལྟར་བཞག སྔོན་ཆད་བདག་གི་སྤུན་བཟང་བོ(མགོན་ལྷ)ཆོས་སྲིད་གནམ་སའི་བཀར་ཤིང་ཞལ་བཞུགས་སྐབས། བློ་གྲོས་ཡོད་ཤེས་ཅན་བསམ་བཟང་རྣམས་ས་རྨ་ཡུལ་ལུང་དམར་ནང་ནས་ཨ་སྐྱོང་གོང་མ་ཚང་གི་སྲིད་དོན་དུ་འཚོགས་ཡུན་ཟླ་བ་གཅིག་གི་རིང་ལ་མཉམ་དུ་འཛོམས་ཏེ། སྡེ་ཨ་སྐྱོང་གོང་མ་ཚང་གི་སྔོན་དཔེ་གང་ལེགས་དང་གནའ་སྲོལ་གང་བཟང་རྣམས་ཉམས་རྒུད་དང་འཐོར་ཞིག་ཏུ་འགྲོ་བཞིན་པ་ཐབས་ཅི་དྲགས་ཀྱི་སྒོ་ནས་ལེགས་བཅོས་དང་དག་སྒྲིག་བྱས་ཏེ། སྤྱིར་བསྟན་ འགྲོ་དང་སྒོས་ཨ་སྐྱོང་གི་མངའ་རིས་རྣམས་འདི་བདེ་ཕྱི་སྐྱིད་འོང་བའི་ཐུགས་རེ་མཛད་པ་བཞིན། བཀའ་གསུང་གི་ནོར་བུ་ཞལ་ཆེམས་ཀྱིས་བརྒྱན་ཏེ་ང་ཚོའི་བགོ་སྐལ་དུ་བཞག་ཡོད་པ་འདོར་མི་ཉན་པའི་ཚུལ་དང་། དེ་ཡང་གཙོ་བོ་རང་ཅག་གི་སྔོན་གྱི་མི་རབས་ལྔའི་ཡར་སྔོན་དུ་མི་དབང་གྲགས་པ་རྒྱལ་མཚན་གྱིས་ང་ཚོའི་སེམས་ལ་སྤྱི་སེམས་འཛིན་རྒྱུ་དང་། སྤྱོད་པ་སྤྱི་དོན་བསྒྲུབ་རྒྱུ། ཀུན་ལ་འགྲིག་མཐུན་དགོས་པ་བཅས་རང་ཅག་གི་བསམ་པའི་འཁྱེར་སོ་བསྟན་པའི་རིག་གཞུང་གཏན་ལ་ཕབས་ཏེ་རྫོགས་ལྡན་གྱི་བསྐལ་བ་མངོན་དུ་བྱས་པ་ཇི་བཞིན། ད་ལྟ་ང་ཚོས་ཀྱང་རིག་གཞུང་དེ་ཉིད་ལ་གཞི་བྱས་ནས་དམ་པའི་ལྷ་ལུགས་དང་འཇིག་རྟེན་མི་ལུགས་གང་ཐད་ནས་ལུགས་སྲོལ་སྔར་དང་བསྟུན་པར་མཛད་དེ་ཀུན་ལ་གང་ཕན་བསྒྲུབ་རྒྱུའི་ཞལ་བཞེས་གནང་། དེ་ལྟར་དཔོན་སྤྲུལ་ཁོང་གིས་མི་དབང་གྲགས་པ་རྒྱལ་མཚན་གྱི་ལུགས་སྲོལ་སྔ་ན་མེད་པ་དེར་བསྔགས་བརྗོད་དང་ཡིད་ཆེས་མཛད་པ་བཞིན། དོན་དངོས་ཀྱི་ལག་ལེན་དུའང་བསམ་པ་གཞན་ཕན་ཁོ་ནས་སྤྱོད་པ་གཞན་དོན་རྐྱང་རྐྱང་བསྒྲུབ་སྟེ། དམ་པར་གུས་ཤིང་དམན་པར་བརྩེ་བའི་མཛད་སྤྱོད་ལྷུར་བཞེས་གནང་མུར། ཡུལ་ཁམས་ཕུང་དཀྲུག་ལ་སྦྱོར་ཞིང་མི་སེམས་ཞེ་སྡང་གིས་བསླུ་བའི་འགལ་བ་གང་མང་ཞིག་ཁོང་གི་ བློ་གྲོས་དང་ཐབས་རྩལ་ལ་བརྟེན་ནས་ལུས་བདེ་སེམས་སྐྱིད་ཀྱི་གནས་སུ་བཀོད། དེ་ཡང་དཔེར་མཚོན་ཙམ་ཞིག་བརྗོད་ན། དཔོན་སྤྲུལ་འདི་བས་སྲིད་བཟུང་སྐབས། སྔོན་ལྷ་སྡེ་དང་གོང་མ་ཚང་གཉིས་ཀྱི་བར་མི་ཤ་མང་བོ་ཡོད་པ་ཐག་གཅོད་མ་ཐུབ་པར་ཐ་ན་མི་ཐོག་འགའ་རེ་སོང་ཡོད་པ་ལོ་རྒྱུས་ཀྱིས་གཏན་ནས་བརྗེད་མི་སྲིད། དེ་བས་ལོ་ཞིག་ལ་ལྷ་སྡེའི་དབུས་མཇལ་བ་མང་བོ་ཞིག་ཁོ་ སྟོད་ཀྱི་ལུང་དཀར་ནང་ནས་གོང་མ་ཚང་གི་དམག་གིས་བཀག དེ་དུས་དཔོན་ སྤྲུལ་འདི་བས་གཙོ་འགན་བླངས་ཏེ། སྔོན་ལྷ་སྡེ་དང་གོང་མའི་བར་གྱི་མི་ཤ་མང་བོ་ཞིག་ཁབ་ཀྱིས་མ་བཟོས། ཨབ་ཀྱིས་མ་མནན་པར་བཞག་ཡོད་ལུགས་གསུངས་ནས་སྔར་དཔེ་དང་ཆེ་བཙན་གོང་བསྒྲིགས་ཏེ། མི་ཤ་ཉི་ཤུ་རྩ་ནང་ཞིག་གི་འགོ་བཀུག་ལ་རྟ་བོའུ་མང་བོ་བླངས་ནས་མི་རིང་བར་སྟོང་འཇལ་སྤྲད་དེ་གྱོད་རྔ་གསུབ་རྒྱུའི་ཁས་ལེན་བྱས་པ་དང་། ལྷ་སྡེའི་དབང་རྒྱལ་ཐོད་སྐོ་བརྒྱུད་ནས་དོམ་ཚའི་བཀའ་བློན་དོམ་འཇིགས་ལ་ཕོ་རབ་མི་ཤ་དགུ་སྐོར་ཞིག་གི་སྟོང་འཇལ་བླངས་བར་མ་ཟད། སྟོང་རྔ་ཆོས་གཞུག་དང་བཅས་པ་བསྒྲུབས་ནས་ཚོ་སྡེ་ གཉིས་ཀྱི་བར་འགྲིག་མཐུན་ཡོང་རྒྱུའི་ཁ་ཆད་བྱས། འདི་ནི་དཔོན་སྤྲུལ་ཁོང་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་རེའི་མཛད་རྗེས་ཡིན་པ་ལས། མི་དགེས་དྲེགས་ཤིང་ལས་འབྲས་ལ་རྨོངས་བའི་སྐྱེ་བོ་རྣམས་ཀྱི་སྲོལ་ལུགས་དང་བསྟུན་ན་སྐབས་དེར་གོང་དམག་གིས་ལྷ་སྡེ་ལ་དམག་ལས་བྱས་ནས་ཡང་སྐྱར་མི་རབས་དུ་མར་བརྗེད་མི་ཐུབ་པ་དང་རང་སྡུག་གཞན་གནོད། འདི་ཕྱི་གཉིས་འཕུང་། མི་མེད་རྒྱུ་མེད་ཅིག་མི་བྱེད་པའི་ངེས་པ་གཏན་ནས་མེད་ནའང་མི་དབང་འདི་བས་ཐབས་འཕྲུལ་དང་བྱམས་བརྩེ་ཡིས་གནོད་པ་ཞི་འཇགས་དང་འཐབ་འཁྲུག་གཞི་མེད་དུ་གྱུར། དེ་ཡང་ཇི་སྐད་དུ། རང་དང་གཞན་གྱི་དོན་སྒྲུབ་ན༎ འཇམ་རྩུབ་ཇི་ལྟར་བྱས་ཀྱང་རུང་༎ ཐབས་ལ་མཁས་པའི་སྤྱོད་པ་ལ༎ གཡོ་རྒྱུ་ཐུབ་པས་མ་གསུངས་སོ༎ ཞེས་པ་ལྟར། ཁོང་གིས་ཡུལ་ཁམས་ཀྱི་འཁོན་པ་བསྡུམ་པའི་ཚེ་ན་ཡུལ་མཆོག་དམན་སུ་ཡང་རུང་སྟེ། ཁེངས་དྲེགས་ཀྱིས་མགོ་འཕང་མཐོ་བ་རྣམས་ཁོང་གིས་སྙིང་ལ་གཟན་པའི་རྩུབ་མོའི་ཚིག་གིས་སྨྲ་བྱེད་ཀྱི་རང་དབང་འཕྲོག་སྟེ་སྤ་བཀོང་བར་བྱེད་པ་དང་། གཉོམ་ཆུང་གི་བརྟུལ་ཞུགས་འཛིན་པ་རྣམས་ཁོང་གི་བརྩེ་སེམས་ཀྱི་ཀློང་ནས་བརྡོལ་བའི་དྭངས་གཙང་གི་ཚིག་འབྲུ་རེ་རེས་ཡིད་ལ་དགའ་བ་བསྐྱེད་དེ་གུས་པར་བྱེད་པའི་ཐབས་དང་ལྡན་པ་ལས་བཙན་པོའི་སྟོབས་དང་དཔའ་བོའི་དཔུང་ལ་སྐྲག་སྟེ། ལས་འབྲས་འཆོལ་བར་སྤྱོད་པ་དང་། ཡང་ན་རང་ལ་རྙེད་བཀུར་ཐོབ་ཆེད་དུ། ཕ་རོལ་བསླུ་བར་བྱེད་པའི་ལྐོག་ཇུས་ཀྱི་གཡོ་ཟོལ་དང་གཏན་དུ་བྲལ་བ་ནི་མི་དབང་བསྟན་འཛིན་རྒྱ་མཚོའི་ཐུན་མོང་མིན་པའི་མི་གཤིས་དང་འཇོན་ཐང་དུ་སེམས་པར་རིགས། (༤) མཆོག་སྤྲུལ་འདི་བའི་མཁས་པའི་ཡོན་ཏན་གྱི་ཆ་ལ་རྒྱུས་ལོན་ཙམ་བྱས་པ། དམ་པ་འདི་ཉིད་སྐུ་ན་ཆུང་བའི་དུས་ནས་འཛམ་ཐང་གཙང་བ་གྲྭ་ཚང་གི་ཆོས་གྲལ་དུ་ཞུགས་ཏེ་མི་ལོ་བཅུ་ཕྲག་ལྷག་གི་རིང་ངག་དབང་ཚོགས་གཉིས་རྒྱ་མཚོ་དང་འཛམ་དངོས་རྡོ་རྗེ་འཆང་སོགས་སློབ་དཔོན་དུ་བསྟེན་ནས་ཐོས་བསམ་བླ་མེད་མཛད་པས་མདོ་རྒྱུད་བཀའ་གཏེར་གྱི་རིམ་པ་དང་བདེན་གཉིས་ཀྱི་རྣམ་དབྱེ། མདོ་སྔགས་ཀྱི་བཞེད་དགོངས། ས་ལམ་གྱི་རྣམ་བཞག གཞི་ལམ་འབྲས་བུའི་རྣམ་བཤད་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་སྒོ་ཀུན་ལ་མཁྱེན་དཔྱོད་ཤིན་ཏུ་ཡངས་ཤིང་བློ་གྲོས་ཀྱི་འཇུག་སྒོ་ཐུན་མོང་མ་ཡིན་པ་ཡོད་པའི་ཁར་བཤད་སྒྲུབ་ཀྱི་རིམ་པ་ཀུན་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་མཛད་པས་སྐབས་དེར་ཧ་ལས་དགོས་པའི་ཚོད་དུ་སྣང་། གཞན་ཡང་གྲུབ་མཐའ་རེས་མེད་ཀྱི་བཤེས་གཉེན་མང་བོ་ལས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐིལ་ཕྱིན་མཛད་པར་མ་ཟད། སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་ལྟ་གྲུབ་བཞེད་ཚུལ་མཐའ་དག་ཐུགས་ལ་མངའ་བས་རྟོགས་པའི་ཀློང་རྡོལ། ལྷག་པར་དུ་གསོ་བ་རིག་པ་དང་རྩིས་དཀར་ནག བོད་ཀྱི་བརྡ་སྤྲོད་རིག་པ། སྙན་ངག ཡི་གེའི་འབྲི་རྩལ་སོགས་ལ་སྐབས་དེར་ཨ་སྐྱོང་གོང་མ་ཚང་གི་སྡེ་གླིང་དུ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པར་མ་ཟད། ཡུལ་འདིའི་མཁས་པའི་ཡང་རྩེར་སླེབས་ཡོད། ལྷག་པར་དུ་ཁོང་སྐུ་ན་གཞོན་པའི་དུས་སུ་རྔ་བ་དང་འཛམ་ཐང་བར་གྱི་གྱོད་གཞི་འདུམ་སྒྲིག་ཅིག་གི་ཆེད་དུ་ཕེབས་ཏེ་བཀའ་གསུང་གནང་སྐབས་དམ་པ་འདིའི་མཁྱེན་དཔྱོད་དང་བློ་རྩལ་གྱིས་རྔ་ཡུལ་སྟོད་སྨད་བར་གསུམ་དང་འཛམ་ཐང་སྒར་བ་ཁག་གསུམ་ཀུན་ངོ་མཚར་གྱི་གནས་ལ་བཀོད་དེ། གཏམ་རྒྱུད་ཕྱི་རབས་ལ་གྲགས་པ་ཞིག་བཞག་པ་དེས་ནི་དམ་པ་འདིའི་ལྷན་སྐྱེས་དང་ཐོས་བརྩོན་གྱི་ཤེས་རབ་འགྲན་ཟླ་བྲལ་བ་ཞིག་ཡིན་པ་དེ་མི་མཚོན་ནམ། སྤྱིར་དམ་པ་འདིའི་གཏམ་གྱི་སྒྱུ་རྩལ་གྱི་ཆ་ནས་མཁས་པ་རྣམས་ཀྱི་ཐུགས་ལ་ངོ་མཚར་འཁྲུངས་བ་དང་བླུན་པོ་རྣམས་ཀྱི་སེམས་ལ་དད་པ་འཕེལ་བར་བྱེད་བའི་ཁྱད་ཆོས་མང་བོ་ཡོད་པ་དང་། ལྷག་པར་དུ་རང་མཐོང་དང་ང་རྒྱལ་ཅན་ལ་ཟུར་ཟ་བྱེད་པའི་རྩོམ་ལ་རྣོ་མྱུར་གྱི་ཁྱད་ཆོས་གཞན་དང་མི་མཚུངས་བ་ཡོད་པ་ནི་དཔེར་ན། བཅོས་བསྒྱུར་སྐབས་སུ་ཁོང་ལ་བརྙས་བཅོས་བྱས་པའི་མི་ཞིག་ལ་ཁོང་གིས་དེ་མ་ཐག་འདི་སྐད་དུ། ཉི་མས་བཞུས་པའི་གངས་ཀྱི་བང་རིམ་ན༎ འབྱུང་བས་རྒུད་པའི་སེང་གེ་བཀྲེས་པོ་ལ༎ རྩྭ་ཡིས་བརྒྱག་པའི་རི་བོང་ཐལ་མདོག་གིས༎ ཅོ་འདྲི་བྱེད་ན་གཞན་དག་ལྟ་ཅི་སྨོས༎ ཞེས་སྨྲས་པ་འདི་ལྟ་བུའི་རྩོམ་ཉམས་ལ་དཔག་ན་དམ་པ་ཁོང་ནི་རིག་པའི་འཆར་སྒོ་ཡངས་ཤིང་ཚིག་རྒྱན་གྱིས་སྤུད་པའི་རྩོམ་རྩལ་ཡིད་དུ་འོང་བ་འདོན་ཐུབ་པའི་སྙན་ངག་སྨྲ་བ་ཞིག་ཡིན་པས་མི་ཚད། རྒྱོབས་ཟེར་ན་ཨ་ཕའི་མགོ་དང་། རྒྱུགས་ཟེར་ན་གཤིན་རྗེའི་འཕྲང་ལའང་རྒྱུགས་ཐུབ་པའི་སྐབས་དེ་ལྟ་བུ་ཞིག་ལ། འདི་འདྲའི་ཀུ་རེ་དང་འབྲེལ་བའི་ཟུར་ཟའི་ཚིག་གིས་གཞན་གྱི་ང་རྒྱལ་བཅོམ་པར་བྱས་པ་འདིས་ནི། ཡུལ་དུས་གང་འདྲ་ཞིག་ཡིན་ཀྱང་ཉམ་ང་དང་བག་ཚ་ཅི་ཡང་མེད་པའི་ཁོང་གི་ཐུན་མིན་གྱི་རང་གཤིས་དང་སྙིང་སྟོབས་དེ་ཡང་མཚོན་པར་བྱས་ཡོད། སྤྱིར་ཁོང་གི་སྐུ་ཚེའི་སྟོད་ལ་མགོ་ལོག་ཨ་སྐྱོང་གོང་མ་ཚང་གི་ཆོས་སྲིད་རིག་གནས་གང་ཐད་ལ་ཐུགས་བསམ་ཞིབ་མོ་བཏང་སྟེ། མགོ་ལོག་ཨ་སྐྱོང་གི་སྲིད་ཁྲིམས་སྔོན་མ་དག་ལ་ཁ་གསབ་དང་བསྒྱུར་བཅོས་བྱས་ནས་ལས་དང་བྱ་བ་ཀུན་ལ་དྲང་བདེན་གཙོ་བོར་འཛིན་དགོས་པའི་གཞི་རྩའི་ཐོག་ནས་དམ་པའི་ཆོས་དང་མཐུན་ཞིང་འཇིག་རྟེན་གྱི་ལུགས་སྲོལ་མི་ཉམས་པའི་ཁྲིམས་སྲོལ་གྱི་རིག་གཞུང་ཡ་རབ་ཀྱི་མིག་ལྟོས་ཕེར་བ་ཞིག་མཛད་ཡོད་པ་ནི། ཨ་སྐྱོང་དཔོན་སྤྲུལ་འདིའི་རྣམ་དཔྱོད་ཀྱི་འོད་སྣང་ལས་ཐོན་པ་མ་གཏོགས། སྔོན་གྱི་ལུགས་སྲོལ་ལ་བསྒྱུར་བཅོས་ཅི་ཡང་མ་བྱས་ན་ནི། ཡ་ང་བའི་ཁྲིམས་སྲོལ་གྱི་ལག་ལེན་གང་མང་ཞིག ད་ལྟའི་ཤེས་རིག་འཕེལ་བའི་སྤྱི་ཚོགས་སུ་གཏན་ནས་མཐུན་ཐབས་མེད་པ་སྙོན་དུ་མེད། དཔོན་སྤྲུལ་འདིའི་དུས་སུ་འཆད་ཉན་གྱི་ཐད་ནས་རང་དགོན་སྟོང་སྐྱབས་བསྟན་གཉིས་དར་རྒྱས་གླིང་དུ་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཀྱིས་རབ་རྒྱལ་མེ་ཡོས་ལ་མཚན་ཉིད་ཆོས་གྲྭ་བཙུགས་སྐབས་དཔོན་སྤྲུལ་འདི་ཉིད་དགུང་ལོ་བཅོ་ལྔ་ལས་མིན་ནའང་ཕྱིས་སུ་ཁོང་གིས་དགོན་པ་ཞིག་ལ་མཚོན་ན་མཚན་ཉིད་གྲྭ་ཚང་འདི་ནི་མེད་དུ་མི་རུང་བ་ཞིག་ཡིན་ཚུལ་གསུངས་ནས་མཚན་ཉིད་གྲྭ་ཚང་ལ་ཡོན་སྦྱར་བ་སོགས་ཀྱིས་མཐུན་རྐྱེན་གང་མང་བསྒྲུབས་ཏེ། སྐབས་དེར་གྲྭ་ཚང་འདི་ཇེ་རྒྱས་སུ་བཏང་བར་རྒྱབ་སྐྱོར་བླ་མེད་གནང་མྱོང་ཞེས་ད་ལྟ་ཞལ་བཞུགས་པའི་མཁན་རིན་པོ་ཆེ་བློ་བཟང་སྙན་གྲགས་ཚང་གིས་ཀྱང་ཡང་ཡང་གསུངས་འདུག དེར་མ་ཟད་སྐབས་དེར་ཞལ་བཞུགས་པའི་སྐྱེས་ཆེན་གང་མང་ཞིག་གི་འཆད་རྩོད་གསུམ་གྱི་བྱ་བར་གདེང་འཇོག་དང་བརྩི་བཀུར་སྒོས་རང་ཡུལ་གྱི་གྲྭ་བ་མང་བོ་ཕྱོགས་ཀྱི་གྲྭ་ས་ཆེ་ཁག་ཀུན་ལ་དཔེ་གཟིགས་སུ་གཏོང་བར་རོགས་རམ་རྒྱ་ཆེར་གནང་སྟེ། མ་འོངས་བར་ཡང་དར་བསྟན་པའི་ཉི་གཞོན་གསར་དུ་བཞད་ཚེ་ལུགས་གཉིས་ཀྱི་རྣམ་བཞག་ལ་མཁས་པའི་དམ་པ་མང་བོས་རང་ཡུལ་གྱི་བསྟན་འགྲོར་ཕན་བདེ་སྤེལ་ཏེ། ཕྱི་རབས་པའི་ཁྲོད་དུ་བླང་དོར་ལ་མི་རྨོངས་པའི་སྐྱེས་བུ་མང་བོ་འབྱུང་བའི་ཐུགས་རེ་བཏོན་པ་བཞིན། ད་ལྟའང་རང་རེ་མགོ་ལོག་གི་ཡུལ་ཀུན་ཏུ་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་བུ་མང་བོས་བསྟན་འགྲོའི་བདེ་དཔལ་རྨང་ནས་གསོས་ཏེ་ལུགས་གཉིས་ཀྱི་སྤྱོད་སྒོ་གང་ཐད་ནས་ཡར་ཚེས་ཟླ་བའི་དཔལ་ལ་འགྲན་བཞིན་པ་འདི་ནི་མི་དབང་བསྟན་འཛིན་རྒྱ་མཚོའི་ཐུགས་སྨོན་དཔུང་གྲོགས་དང་ཁ་འབྲལ་ཐབས་མེད་པར་མ་ཟད།སྐུ་སྐྱེས་བསྟན་དོན་ལ་བྱོན་ན། ། བཤད་སྒྲུབ་ལག་རྗེས་ཤིག་འཇོག་དགོས་གསུངས་པ་ནི་འདི་འདྲ་ལ་གོ་དགོས་པ་མིན་ནམ་སྙམ། སྤྱིར་དཔོན་སྤྲུལ་འདི་ཉིད་སྐུ་ཚེ་འདིར་རྟེན་ཁྱིམ་པའི་ཚུལ་དུ་བཞུགས་ཡོད་པའི་ཁར། སྲིད་ཀྱི་བྱ་བར་བརྩོན་པ་བར་མེད་དུ་བྱེད་དགོས་པ་དང་གཅིག ཡུལ་མགོ་ལོག་གི་སྤྱི་དགྲ་མ་དམག་བདུད་ཀྱི་རུ་དཔུང་ལ་རྒོལ་ལན་སྤྲད་དེ་འབངས་མི་ཉེར་འཚེའི་སྡུག་བསྔལ་ལས་བསྐྱབ་དགོས་པ་ཁོང་ཡབ་སྲས་ཀྱི་འོས་འགན་ལྟ་བུར་ལྷགས་ཡོད་པ་དང་གཉིས། བར་དུ་མི་ལོ་བཅུ་ཕྲག་ཙམ་གྱི་རིང་སྲིད་ཀྱི་འཕེལ་ཕྱོགས་མི་རྟག་མི་བརྟན་པས་ཉིན་མཚན་ཀུན་ཏུ་བྲེལ་བྲེལ་ཟིང་ཟིང་གིས་གཞན་གྱི་ངོ་འཛིན་བྱེད་དགོས་པ་དང་གསུམ། སྐུ་ཚེའི་སྨད་ལ་ཕལ་ཆེར་ཁོང་གི་མི་ཚེའི་བཞི་ཆའི་གཅིག་ཙམ་གྱི་དུས་ཡུན་ལ་བཙོན་ཁང་དུ་བཞུགས་ནས་སྐུ་ཚེའི་འདུ་བྱེད་རྫོགས་དགོས་བྱུང་བ་དང་བཞི་བཅས་ཀྱིས་དམ་པ་འདིའི་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ལ་བར་ཆད་ཆེན་པོ་བཟོས་ཡོད་པ་ནི་ང་ཚོ་ཕྱི་རབས་པའི་གྱོང་གུད་ཡིན་པར་བསམ་ན། ཤེས་ལྡན་སུ་ཞིག་ཅིའི་ཕྱིར་ཕངས་སེམས་མི་སྐྱེ། ཡིན་ནའང་ཕྱིའི་ཆ་ནས་ཁོང་ལ་འགོག་རྐྱེན་ཇི་འདྲ་མང་ཡང་། ཇི་སྐད་དུ། སྙིང་རྗེ་ཆེ་ཞིང་དཀའ་སྤྱད་བཟོད།། ཕར་ཕྱིན་དགེ་སྦྱོང་མི་འཕྲོགས་པའི༎ མོས་པ་མང་བོས་སེམས་ཅན་དོན༎ རྐྱེན་ གྱིས་འཕྲོགས་པར་མི་བྱེད་པའོ༎ ཞེས་ཨ་སྐྱོང་གི་མི་རྗེ་ཁག་ལ་གདམས་པའི་བསྟན་བཅོས་ནང་བཞིན་དུས་འཁྲུག་དང་སྡེ་གཟར། སྲིད་དོན་དང་གཞན་དབང་གང་ གིས་ཀྱང་འགོག་རྐྱེན་ཆེར་མ་ཐེབས་པར་དམ་པའི་རང་རྟགས་མཆོག་ཏུ་གསལ་བ་ནི་སྒྲ་གཅན་གྱིས་མ་ཟིན་པའི་ཟླ་བ་དང་རླུང་ནག་གིས་མ་གཟིམས་པའི་མར་མེ་བཞིན་ངོ་མཚར་ལས་ཀྱང་ཆེས་ངོ་མཚར་གྱི་གནས་ཡིན་པར་སེམས། གཞན་ཡང་དམ་པ་འདིས་ཨ་སྐྱོང་གོང་མ་ཚང་གི་སྲིད་ཁྲི་བདག་གིར་བྱེད་རིང་ལ་དབང་འོག་ཏུ་འདུས་པའི་སྡེ་འབངས་སུ་ཞིག་ཡིན་ཀྱང་སྲོག་ཁྲིམས་གཅོད་པ་ལྟ་ཅི། ཐ་ན་ལུས་ཐོག་གི་ཆད་པ་ཙམ་ཡང་བཅད་མྱོང་མེད་པར་མ་ཟད། མགོ་ལོག་ཨ་སྐྱོང་གི་བཙོན་ཁང་ཟེར་བ་ཞིག་ཀྱང་གཏན་ནས་མེད་པ་སོགས་ནི་དུས་སྐབས་དེའི་མི་ད་ལྟ་མངོན་སུམ་དུ་ཡོད་པ་འདི་དག་གིས་བདེན་དཔང་བྱེད་ཐུབ། འོ་ན་སྐབས་དེར་ཁྲིམས་མེད་ལུགས་མེད་ཅིག་ཡིན་ནམ་ཞེ་ན་མ་ཡིན་ཏེ། འབངས་མངའ་རིས་ཀྱི་ཁྲོད་ནས་དཔོན་བློན་ལ་རྒྱབ་འགལ་བྱེད་པ་ལྟ་ཞོག མི་སེར་དཀྱུས་མའི་ཁྲོད་ནས་ཆག་སྒོ་ཚབས་ཆེན་སློང་མཁན་ཙམ་ཡང་མ་བྱུང་བར། མི་དབང་བསྟན་འཛིན་རྒྱ་མཚོ་ཟེར་ན་མགོ་ལོག་ཁག་གསུམ་ཙམ་མ་ཟད། སྨད་རྔ་རོང་སྡེ་བཞི་ཡན་ཆད། ལྷོ་ར་བཞི་སྒང་དྲུག་ཚུན་ཆད། ཁྱོ་ཁོ་ཁག་གསུམ་དང་ཕྱི་འབྲོག་གླིང་གསུམ་ཀུན་ན་དཔོན་བཙན་གྲགས་ཆེ་ཞིང་སྡེ་འབྱོར་ཕྱུག་འཛོམས་པའི་ཚོད་དུ་གླེང་བ་ནི་མི་རྗེ་འདི་ཉིད་ཆོས་སྲིད་ལུགས་གཉིས་ཀུན་ལ་མཁྱེན་རྒྱ་ཡངས་ཤིང་། མདོ་རྒྱུད་རིག་གནས་ཐམས་ཅད་ཐུགས་སུ་ཆུད་པའི་ངེས་དོན་གྱི་དཔའ་བོ་ངོ་མ་ཞིག་ཡིན་པ་བདེན་དཔང་བྱས་ཡོད། རྗེས་སོར་ལོ་རབས་ལྔ་བཅུ་བའི་ནང་ཡུལ་མགོ་ལོག་ཏུ་གུང་ཁྲན་ཏང་གི་སྲིད་དབང་གསར་འཛུགས་བྱེད་པའི་གོ་རིམ་གྱི་ཐོག་མཐའ་ཀུན་ཏུ་མི་རྗེ་འདི་བས་འབངས་མི་སེར་ལ་ཁ་ཏ་སློབ་གསོ་དང་གོ་རྐོན་བློ་འགུགས་གང་མང་བྱས་ནས་ཚོགས་པ་དང་འགོ་གཙོ། མི་སྒེར་སོགས་ཡུལ་འདིའི་སྐྱེ་བོ་མང་བོའི་བློ་སེམས་བདེ་ལ་བཀོད་དེ། སེམས་ཅན་སྤྱི་མཐུན་གྱི་ལས་དབང་བཟློག་དཀའ་བ་དང་། དུས་དང་བསྐལ་བའི་འཕེལ་འགྱུར་དབང་བཙན་པ་སོགས་ཀྱི་གནས་ལུགས་རྒྱུ་མཚན་དཔེ་དང་བཅས་པ་ཀུན་ལ་བརྡ་འཕྲོད་པར་བྱས་པས་སྲིད་དབང་གསར་འཛུགས་ཀྱི་གོ་རིམ་ཁྲོད་མི་བསད་ཁྲག་ཁྲག་བཞུར་གྱི་དོན་རྐྱེན་ཇེ་ཉུང་དུ་གཏོང་བའི་ཐད། དམ་པ་འདིས་ནུས་ཁྱད་གཞན་ལས་ལྷག་པ་ཐོན་ཡོད་པ་ནི་མཁས་པ་གཅིག་གིས་རྒྱལ་ཁམས་བདེ་ལ་བཀོད་པའི་དཔེ་རུ་སོང་ཡོད། ལྷག་པར་དུ་དམ་པ་འདི་ཉིད་རབ་རྒྱལ་ས་ཁྱི་ལོ་ནས་བཟུང་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་དུ་བཞུགས་སྐབས་སྲིད་གཞུང་རིམ་པས་བོད་ཡིག་གི་གསར་འགྱུར་དང་ཚགས་པར་ཐོན་པ་ཚོར་བོད་ཀྱི་བརྡ་སྤྲོད་དང་མི་མཐུན་པའི་སྐྱོན་ཅི་ ཡོད་ཁོང་གིས་སྐབས་དང་སྐབས་སུ་དག་སེལ་དང་ནོར་བཅོས་བྱས་པས་གོང་རིམ་པས་ཀྱང་ཁོང་ལ་གཟིགས་བཟོས་དང་ཁས་ལེན་ཐོབ་སྟེ་བྱ་དགའ་སྤྲད་མྱོང་ཡོད། དེར་མ་ཟད་བཙོན་ཁང་ནས་བོད་ཀྱི་ཟློས་གར་བསྟན་བཅོས་མང་བོའི་ནང་དོན་དང་འགྲོ་བ་མིའི་བདེ་སྡུག་ནི་གར་མཁན་གྱིས་གར་འཁྲབ་པ་དང་ཆོས་མཚུངས་པའི་ཚུལ་གནའ་དེང་གི་ལོ་རྒྱུས་མང་བོར་སྦྱར་ཏེ་གསུངས་གནང་མཛད། གཞན་ཡང་བཙོན་གྲོགས་དག་ལ་དུས་རྒྱུན་གསུངས་རྒྱུར། འུ་ཅག་གིས་གུང་ཁྲན་ཏང་གི་ཐོག་ལ་ཁོང་ཁྲོ་མི་རིགས། ད་ལྟ་བཙོན་དུ་འདུག་དགོས་བྱུང་བ་འདི་ནི་རང་རེ་ལ་རྐྱེན་ངན་གྲོགས་སུ་ཤར་བ་ཡིན་པ་དང་། འདིས་ནི་རང་ཅག་གི་ཚེ་རབས་མང་བོར་བསགས་པའི་ལས་ངན་རྣམས་གཙང་ཕྱགས་བྱེད་བཞིན་ཡོད་པས་ངེས་པར་དུ་འདི་ལ་དགའ་བ་བསྒོམ་དགོས་ཞེས་སོགས་གསུངས་བ་དེར་འཁོད་མཆོག་དམན་ཀུན་གྱི་སེམས་གསོར་གྱུར་ཏེ། ཁོང་ལ་དད་གུས་དང་ཡི་རངས་ཚད་མེད་བྱས་པ་ཡིན་ཞེས་ད་ལྟ་དངོས་སུ་ཡོད་པའི་ཁོང་གི་བཙོན་གྲོགས་དག་གིས་གླེང་འདུག འདི་དང་འདི་ལྟ་བུའི་ཁོང་གི་མཛད་སྤྱོད་དག་གིས་ཨ་སྐྱོང་དཔོན་སྤྲུལ་འདི་ཉིད་ཡུལ་མགོ་ལོག་གི་ལོ་རྒྱུས་སྟེང་གི་མི་དཔོན་རྣམས་ཀྱི་ཁྲོད། ཐོས་བསམ་སྒོམ་གསུམ་གྱི་ལས་བརྩོན་ཏེ་མཁས་པའི་གོ་འཕང་ཐོབ་པ་ནི་ཁོང་གཅིག་པུ་ཡིན་པ་ཚོད་དཔག་ཙམ་མིན་པར་བཤད་ཐུབ་པོ།། (༥) ཁོང་གིས་སྐུ་ཚེ་འདིར་ཉམས་ལེན་ག་འདྲ་མཛད་ཚུལ་གྱི་སྐོར་མཚོན་ཙམ་བཤད་པ། སྤྱིར་བཤད་ན་མཆོག་སྤྲུལ་འདི་ཉིད་གཙང་བ་བླ་མ་ངག་དབང་ཆོས་འབྱོར་རྒྱ་མཚོའི་ཡང་སྤྲུལ་དུ་ངོས་འཛིན་མཛད་པ་ཇི་བཞིན་སྐྱེ་བ་མང་བོའི་སྔོན་རོལ་ནས་གཞན་དོན་འབའ་ཞིག་ལ་གོམས་པའི་བློ་ལྡན་རྒྱལ་བའི་སྲས་ཀྱི་རོལ་གར་སླར་ཡང་གདུལ་བྱ་རྒྱ་མཚོའི་མགོན་དུ་ཕེབས་པ་ནི་ཇི་སྲིད་ནམ་མཁའ་མ་སྟོང་བར་འབྱུང་སྲིད་པ་ཡིན་པས་སྐྱེ་ལུས་གཅིག་གི་སྦྱང་བརྩོན་གྱི་ཚུལ་ལ་དཔག་ནས་སྐྱེས་བུ་དམ་པ་རེ་ རེའི་ཉམས་རྟོག་གི་ཚད་གླེང་བ་ནི་རིགས་པ་མིན་ནའང་བདག་ཅག་གི་མཐོང་སྣང་ལྟར་གྱི་མཛད་སྤྱོད་ཀྱི་རིམ་པ་ཅི་རིགས་ཤིག་རྣམ་ཐར་རམ་ལོ་རྒྱུས་འབྲི་བའི་ཆ་རྐྱེན་དུ་འོས་སུ་ཆེ་བས་འདིའི་ཚུལ་ཅུང་ཟད་རེ་རྒན་པ་ཚོའི་ངག་རྒྱུན་ལྟར་འགོད་པར་སེམས། དེས་ན་མཆོག་སྤྲུལ་ཁོང་གིས་སྐུ་ཚེ་འདིར་གང་ཉམས་སུ་ལེན་བྱའི་ཆོས་ནི། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་བོའི་རིར༎ ཤེས་རབ་ཕ་རོལ་ཕྱིན་ ཚུལ་བཞིན༎ ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ༎ དེ་བཞིན་གསང་སྔགས་ཚུལ་རབ་བསྟན༎ ཞེས་གསུངས་བ་ལྟར་གདུལ་བྱ་ཐུན་མོང་བའི་སྣང་ངོར་ཤེར་ཕྱིན་གསུངས་བ་དང་དུས་མཉམ་དུ་དཔལ་ལྡན་འབྲས་སྤུངས་སུ་ཤམ་བྷ་ལའི་ཆོས་རྒྱལ་ཟླ་བ་བཟང་བོ་སོགས་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པར་བསྟན་པའི་དུས་འཁོར་རྩ་བའི་རྒྱུད་དེ་གྲུབ་ཆེན་འཇམ་པའི་རྡོ་རྗེ་དང་ཕྱིས་ཀྱི་ཀུན་སྤངས་བ་ཐུགས་རྗེ་བརྩོན་འགྲུས་སོགས་ཀྱི་ཐུགས་བསྐྱེད་ལ་བརྟེན་ནས་འཕགས་བོད་དུ་དར་བ་འདི་ཉིད། དྲུང་རཏ་ན་ཤི་རིའམ་ཆོས་རྗེ་རིན་ཆེན་དཔལ་བས་ཡུལ་གངས་རིའི་ལྗོངས་ཀྱི་མདོ་ཁམས་སྨད་ཀྱི་གདུལ་བྱའི་བགོ་སྐལ་དུ་དྲངས་ནས་འགྲོ་བ་བགྲང་ལས་འདས་པ་ཞིག་གིས་ཟུང་འཇུག་གི་སྐུ་བརྙེས་པའི་ཆོས་རྒྱུན་དེ་ནི་མི་དབང་འདི་བས་བརྩོན་པ་དྲག་པོས་ཐུགས་ཉམས་སུ་བཞེས་པའི་ཆོས་རྒྱུན་གཙོ་བོ་ཡིན། ཚུལ་དེ་ནི་གོང་དུ་ཁོང་གི་ལོ་རྒྱུས་ཀྱི་སྤྱི་ཆིངས་སུ་བཀོད་པ་ལྟར་དམ་པ་འདི་ཉིད་སྐུ་ན་ཕྲ་བའི་དུས་སུ་ཤར་འཛམ་ཐང་ཆོས་ཀྱི་ཕོ་བྲང་གི་རྟོགས་པའི་དབང་ཕྱུག་ཆེན་པོ་ཨ་མགོན་རྡོ་རྗེ་འཆང་གི་དྲུང་དུ་ཕེབས་ནས་རྒྱུད་ཀྱི་རྒྱལ་བོ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་གྱི་རིམ་པ་མཐའ་དག་ཚང་ལ་མ་ནོར་བར་ཐུགས་ཉམས་སུ་བཞེས་ཏེ་མདོ་རྒྱུད་དབང་ལུང་མན་ངག་གི་གསང་མཛོད་དུ་གྱུར། དེ་མིན་དཔལ་གྱི་འཛམ་ཐང་ཆོས་སྡེར་བཤད་སྒྲུབ་ཀྱི་བསྟན་གཞི་འཛིན་པའི་མཁས་གྲུབ་མང་བོའི་མདུན་ནས་དཔལ་ལྡན་རྒྱལ་བ་ཇོ་ནང་བ་ཆེན་པོའི་ཟབ་གསང་བདུད་རྩིའི་རྒྱ་མཚོ་སྤྱི་དང་ཁྱད་པར་དུ་ཉམས་ལེན་གནད་ཀྱི་རིམ་པ་མཐའ་དག་མན་ངག་མྱོང་ཁྲིད་ཀྱི་སྒོ་ནས་སྐྱེས་བུ་འདི་ཡི་བགོ་སྐལ་དུ་ལེགས་པར་ཐོབ། དེ་ནས་བཟུང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། ཤཱཀྱ་སེང་གེའི་བསྟན་པ་ལ༎ མདོ་དོན་གཞན་སྟོང་དབུ་མ་དང་༎ རྒྱུད་དོན་རྡོ་རྗེའི་རྣལ་འབྱོར་ལས།། མཐར་ཐུག་ཆོས་ཚུལ་གཞན་མེད་པ༎ ཡིད་ཆེས་སྐལ་བ་བཟང་ལྡན་ཏེ༎ རྟོགས་ནས་གཞན་ལ་སྟོན་ནུས་པ༎ དམ་པས་སྐྱེས་བུས་ས་སྟེང་ཁྱབ༎ བསྟན་པ་ཡུན་རིང་འབར་གྱུར་ཅིག། ཅེས་གསུངས་བ་བཞིན་མདོ་ཕྱོགས་འཁོར་ལོ་ཐ་མའི་རྗེས་འབྲངས་གཞན་སྟོང་དབུ་མ་ཆེན་པོའི་ལྟ་བ་དང་སྔགས་ཕྱོགས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་གཙོ་བོར་མཛད་པ་སོགས་གྲུབ་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་དང་ལྡན་པའི་ཟབ་ཆོས་ཀྱི་རིམ་པ་མཐའ་དག་ཐུགས་ཉམསུ་བསྟར་ བས་སྔོན་སྦྱངས་ཀྱི་བག་ཆགས་འཕྲོ་སད་ཅིང་རྟོགས་པ་ཀློང་དུ་གྱུར་ཏེ། ངེས་དོན་སྙིང་བོའི་རིང་ལུགས་འཛིན་པའི་རྣལ་འབྱོར་བ་ཆེན་པོར་གྱུར། རྗེས་སུ་ཨ་སྐྱོང་གོང་མ་ཚང་གི་ཆོས་སྲིད་གཉིས་ཀ་མི་དབང་འདི་བས་སྟོབས་ཀྱི་དཔུང་བས་བཏེགས་ཏེ་འཕྲིན་ལས་ཁྱབ་བརྡལ་དུ་སྤེལ་བའི་ཚེ་ན་སླར་ཡང་ཁེར་ཁང་སྐྱབས་མགོན་རིན་པོ་ཆེ་གུས་པས་བཀུར་ཏེ་ཕན་ཚུན་ལ་གྲོགས་བྱེད་པའི་ཚུལ་གྱིས་ངེས་གསང་རྡོ་རྗེ་ཐེག་པའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་འགྲོ་བ་དཔག་ཏུ་མེད་པ་ཞིག་ཐར་བའི་རྒྱལ་སར་བཀོད་དེ། འཕྲིན་ལས་ཀྱི་འོད་སྣང་དཀར་བོ་ད་ལྟའི་བར་དུ་ཕྱོགས་དང་མུ་མཐར་ཁྱབ་བཞིན་པ་འདིའོ༎ གཞན་ཡང་ཁོང་གི་ཚོགས་བསགས་སྒྲིབ་སྦྱོང་གི་ཆ་ནས་ཀྱང་རྒྱལ་བའི་བཀའ་ འགྱུར་ཆེན་མོ་ཚར་གཅིག་ཞལ་ཐོག་ནས་གསུངས་བ་ལྟ་བུས་མཚོན་ཆོས་སྲིད་ཀྱི་བྱ་བས་བྲེལ་བ་ཇི་འདྲ་ཆེ་ནའང་དུས་དང་རྣམ་པ་ཀུན་ཏུ་སྒྲོལ་མ་འབའ་ཞིག་ཞལ་འདོན་གནང་སྟེ་མི་གཞན་དང་ཐུགས་འཕྲད་བྱེད་པའི་ཚེ་ཡང་ཁ་བརྡ་བྱས་ཟིན་པ་དང་མཉམ་དུ་སྒྲོལ་མ་གསུངས་བ་དང་ཡར་མར་ལ་བྱོན་བཞུགས་མཛད་པའི་སྐབས་སུ་ཡང་ལམ་ལ་ཆས་པ་དང་མཉམ་དུ་སྐད་གསེང་ཅུང་མཐོ་བའི་སྒོ་ནས་སྒྲོལ་མ་འབའ་ཞིག་གསུངས་བཞིན་བྱོན་པ་ལས་དོན་མེད་ཀྱི་ངག་འཁྱལ་གཞན་མི་སྨྲ། དེར་མ་ཟད་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་བར་བྱང་ཕྱོགས་མུན་པའི་དོང་དུ་བཞུགས་པའི་སྐབས་སུ་ཡང་རྗེ་བཙུན་སྒྲོལ་མའི་བཟླས་བརྗོད་ཁོ་ནར་བརྩོན་པ་སོགས་སྒྲོལ་བསྟོད་རིང་བོ་བྱེ་བ་གཅིག་ཞལ་ཐོག་ནས་གྲུབ་པར་བྱས། (༦) ཐུན་མོང་གདུལ་བྱའི་བློ་ངོར་སྣང་བའི་གྲུབ་པའི་མཛད་སྤྱོད་ཀྱིས་བསྟན་འགྲོའི་རྒུད་པ་གསོས་ཚུལ། དེ་ཡང་གོང་དུ་བསྟན་པ་བཞིན་སྐུ་ཚེའི་སྟོད་ལ་ངེས་གསང་སྙིང་བོའི་རིང་ལུགས་དྲི་མ་མེད་པ་བདག་གིར་བཞེས་ཏེ་རྟོགས་པས་བདག་རྒྱུད་ཕྱུག་པ་ནས་ཐུགས་བརྩེ་ཚད་མེད་པས་གཞན་རྗེས་སུ་འཛིན་པའི་ཐབས་ལ་བརྩོན་ཏེ་མགོ་ལོག་འབུམ་པ་ཁག་གསུམ་གྱིས་གཙོས་ཕྱོགས་སོ་སོ་ནས་ཁོང་ལ་སྐྱབས་བཅོལ་དང་ཞུ་གཏུག་ཏུ་འོང་བ་རྣམས་ལ་ཐུགས་བརྩེ་ཉེ་རིང་མེད་པར་ཁ་མཆུ་འཁོན་རྩོད་མི་ཤི་རྟ་འགྱེལ། སྡེ་ འཁྲུག་ནང་དམེ། ཕྱི་རྐྱེན་ནང་རྐྱེན། ཟིང་ཆ་ཆག་སྒོ་སོགས་རྒྱུ་དུག་གསུམ་གྱིས་ཀུན་ནས་བསླངས་ཤིང་ལག་ལེན་རང་འཕུང་གཞན་བརླག་བྱས་པའི་འབྲས་བུ་ཚེ་འདིའི་འཚོ་ཆས་དང་ཕྱི་མའི་ལམ་ཆས་གང་ཡང་མེད་པར་དམྱལ་བ་ཆེན་པོའི་གནས་སུ་ལྟུང་བའི་བསམ་སྦྱོར་རྒྱུ་འབྲས་དང་བཅས་པ་ཡོངས་སུ་བཅོམ་ནས་རྒྱལ་ཁབ་བདེ་བར་བཀོད་པའི་མཛད་པ་ནི་སྐྱེས་བུ་ཆེན་པོ་ཁོང་ལྟ་བུའི་གྲུབ་པའི་མཛད་སྤྱོད་ ཡིན་པ་མ་གཏོགས་བསྟན་འགྲོའི་དཔུང་གཉེན་དུ་ཁས་འཆེ་བའི་སྐྱེས་བུ་ཕལ་བ་ཞིག་གིས་འདི་ལ་འགྲན་པའི་གོ་སྐབས་ནམ་ཡང་མ་མཆིས། དེར་མ་ཟད་ཡུལ་མགོ་ལོག་གི་སའི་ཆར་རྒྱལ་བསྟན་རིན་པོ་ཆེའི་རྐང་བཙུགས་ཏེ་འགྲོ་བ་རྣམས་ལ་འདི་ཕྱིའི་ལེགས་ཚོགས་སྒོ་ཀུན་ནས་འཕེལ་བའི་ཐབས་སུ་སྒར་དགོན་སྡེ་བསྐྲུན་པ་དང་ས་གནད་རྣམས་སུ་ཡུལ་ཁམས་སྤྱིའི་སྲུང་རིམ་དུ་བུམ་གཏེར་བཞག་པ་དང་ས་བཅུད་བསྩལ་བ། གནས་རིར་བསྒྲུབས་པ་སོགས་དང་སྐབས་དེར་འཚོ་གཞེས་གནང་བའི་རྟོགས་པས་བདག་གྲོལ་ཞིང་ཐུགས་རྗེས་གཞན་སྨིན་པར་མཛད་པའི་སྐྱེས་ཆེན་དམ་པ་མ་ཎི་བླ་མ་པདྨ་སིདྷི་དང་ཨ་པང་གཏེར་སྟོན་དཔའ་བོ་ཆོས་དབྱིངས་རྡོ་རྗེ། མཚམས་པ་སྨོན་ལམ་བཟང་བོ། ལམ་ཁོའི་མཁན་ཆེན་གསང་སྔགས་བསྟན་འཛིན། མགར་བླ་འཇམ་དབྱངས་ཉི་མ། སྐྱབས་རྗེ་ཤར་འོད་ཚུལ་ཁྲིམས་རྣམ་རྒྱལ་སོགས་ལ་རྗེ་འདི་བས་བཀས་བསྐུལ་མཛད་དེ་མངའ་འབངས་ལ་རྒྱུ་འབྲས་དགེ་བ་བཅུའི་ཆོས་བསྟན་པས་མི་དགེས་དྲེགས་པའི་རྒྱལ་བློན་དང་སྡིག་ལ་རྔམ་པའི་ཤན་པ། ཁྱི་ཁྲིད་མདའ་ཐོགས་ཀྱི་རྔོན་པ། བེའུ་རྟོལ་མུག་གྲིར་གཏོང་བའི་བུད་མེད། ཁྲེལ་དང་ངོ་ཚ་མེད་པའི་མནའ་ཟན། རྟག་དུ་གཞན་ལ་འཚེ་བའི་ཇག་རྐུན། སྡེ་འཁྲུག་ནང་དམེ་བྱེད་པའི་ཉེས་ཅན། དུ་ཆང་ལོངས་སུ་སྤྱོད་པའི་ཁྲེལ་མེད་སོགས་དམུ་རྒོད་ཀྱི་འགྲོ་བ་མང་བོའི་བློ་ཁ་དགེ་ལ་ཕྱོགས་ཏེ་ཐར་བ་ཡང་དག་གི་ལམ་དུ་དཀྲི་བར་མཛད་པ་ནི་མི་དབང་ཁོང་གི་དངོས་ཤུགས་བརྒྱུད་གསུམ་ནས་བསྟན་འགྲོར་ཕན་བདེ་བསྐྲུན་ཚུལ་ཡིན་པ་དཔྱོད་ལྡན་སུས་ཀྱང་ཁས་ལེན་ཆོག་ཆོག་ཡིན་ནོ༎ གཞན་ཡང་དམ་པ་འདི་ཉིད་དཔལ་འཛམ་བྷ་ལའི་ཐང་དུབཤད་སྒྲུབ་ཀྱི་ལས་ལ་གཅིག་ཏུ་བརྩོན་པའི་སྐབས་ཤིག་ན་སྐལ་བཟང་གི་འདྲེན་པ་ཐམས་ཅད་འཚང་རྒྱ་བའི་ཚུལ་སྟོན་པའི་གནས་འོག་མིན་སྟུག་པོ་བཀོད་པ་དང་ཆོས་མཚུངས་བ་དེ་རྒྱ་གར་རྡོ་རྗེ་གདན་གྱི་བྱང་གི་ཆར་བྱང་སེམས་ཉེ་བའི་སྲས་བརྒྱད་དང་ཁྲོ་བོ་བཅུ་ལ་སོགས་པ་རྒྱལ་བོའི་ཚུལ་གྱིས་རྣམ་པར་རོལ་བ་དཔལ་ལྡན་ཤམ་བྷ་ལའམ་དཔལ་ཀཱ་ལ་བའི་གྲོང་ཁྱེར་རྣམས་ཡོད་པ་དེར་ཁོང་ཉིད་དངོས་སུ་ཕེབས་འདུན་གྱིས་རྫས་དང་གྲུབ་པའི་ཆ་རྐྱེན་གཞུང་ནས་བཤད་པ་ལྟར་ཚང་བར་བགྱིས་ཤིང་ཟབ་མོའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བར་བྱས་པ་སྐྱེ་བོ་མང་བོའི་མཐུན་སྣང་དུ་གྲུབ། ཚུལ་དེ་ནི་འཕགས་ཡུལ་གྱི་སློབ་དཔོན་བསོད་སྙོམས་པ་དང་གྲུབ་ཆེན་དུས་ཞབས་པ་ཆེན་པོ་སོགས་རྫུ་འཕྲུལ་གྱིས་བྱང་ཤམ་བྷ་ལར་བསྐྱོད་དེ་རིགས་ལྡན་དངོས་སུ་མཇལ་ནས་རྒྱུད་སྡེ་མང་བོ་འཕགས་ཡུལ་དུ་སྤྱན་དྲངས་བའི་རྣམ་ཐར་གྱི་རྗེས་སུ་འགྲོ་བའི་ལོ་རྒྱུས་ཤིག་ཡིན་པས་འདི་ནི་དམ་པ་ཁོང་གི་མཐུ་ནུས་འགྲན་ཟླ་བྲལ་ཞིང་སྙིང་སྟོབས་ཞུམ་པ་མེད་པའི་སྒྲིབ་བྱེད་ཡང་དག་ཏུ་འཁུམས། སྐབས་དེ་ཙམ་ནས་ཁོང་གིས་འཕོ་བ་གྲོང་འཇུག་གི་གདམས་པ་ཉམས་སུ་བླངས་ནས་འགྲོ་དོན་མཛད་པའི་ཐུགས་འདུན་དེ་རིང་ནས་སྔོན་སྨོན་གྱིས་འབྲེལ་བའི་རྡོ་རྗེའི་མཆེད་པོ་ཞིག་ཚེ་དུས་བྱས་པ་དང་གདུལ་བྱ་དུས་སུ་མ་བབ་པ་སོགས་ཀྱིས་རྐྱེན་དབང་དུ་གྱུར་བ་ནི་རྟེན་འབྲེལ་འཕྲོ་ཅན་དུ་ལུས་སོ༎ ལོ་རྒྱུས་འདི་དག་སྤྲུལ་སྐུ་ཁོང་གི་མཆེད་གྲོགས་གཙང་བ་བླ་ཆུང་གིས་ད་ལྟ་ཞལ་བཞུགས་པའི་དམ་པ་འགའ་རེར་གསུང་འཕྲོས་སུ་བསྩལ་བར་མ་ཟད་གཙང་བའི་རུས་མཛོད་དུའང་འཁོད་ཡོད་པར་གྲགས། ཡང་ལོ་རབས་ལྔ་བཅུ་བའི་ནང་ཨ་སྐྱོང་སྟོད་མའི་སྔོ་ཤུལ་བཀྲ་བསྟན་སོགས་མི་ཁ་ཤས་དང་ལྷན་དུ་ཁོང་ཉིད་མགོ་ལོག་ཁུལ་ཐོག་ཏུ་འཚོགས་འདུ་ཞིག་ལ་སོང་བའི་ལམ་བར་དུ་རྨ་ཆུའི་ཁ་ནས་ཇ་བསྐོལ་བའི་སྐབས་སུ། དཔོན་སྤྲུལ་ཁོང་གིས་རྗེ་འབའ་མདའ་དགེ་ལེགས་རྒྱ་མཚོའི་གསུང་བའི་སེམས་ཁྲིད་ཅིག་ལ་ཞིབ་ལྟ་བྱེད་བཞིན་བཞུགས། དེའི་ཚེ་སྔོ་ཤུལ་བཀྲ་བསྟན་གྱིས་སྤྲུལ་སྐུར་ཁྱེད་ཀྱིས་གསོལ་ཇ་བཞེས། ཁྱེད་རང་སྔོན་གྲྭ་བ་བྱས་ནས་གྲྭ་སར་ཡོད་དུས་ལྟ་དགོས་པ་ལས། ད་ལྟ་ཁྱིམ་པ་བྱས་ནས་ཁྱིམ་དུ་ཡོད་དུས་འདི་དག་ལ་བལྟས་ནས་ཅི་བྱེད་ཅེས་ཀུ་རེའི་ཚུལ་དུ་ཞུས་པ་ན། ཁོང་གི་ཐུགས་ལ་ཅུང་མ་རན་པའི་ཚུལ་གྱིས་དེ་མ་ཐག་ཏུ། ཆུ་རྡོ་ཞིག་བླངས་ནས་དུམ་བུ་གཉིས་བྱས་ཏེ་ཡི་གེ་དེ་ཉིད་ནང་དུ་བཅུག་རྗེས་སྔར་ལྟར་སྦྱར་ནས་ལག་རྒྱངས་གང་གིས་ཕར་གཡུགས་སོང་ཞེས་བཀྲ་བསྟན་གྱིས་གཙང་བ་བསེ་སྤྲུལ་སྐུ་གྲྭ་འཁོར་དང་ཨ་ཁུ་འོད་གསལ་སོགས་ལ་བཤད་འདུག ཡང་ཨ་སྐྱོང་ཧུ་རའི་ནང་གི་ཙ་ངག་མཁྱེན་ཟེར་བ་དེ་སྔོན་འཛམ་ཐང་གི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འབྱོར་རྒྱ་མཚོའི་དངོས་སློབ་ཡིན་པར་མ་ཟད། བླ་མ་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་པས་བླ་སློབ་འབྲལ་མི་ཕོད་པ་ལྟ་བུ་བྱུང་བའི་ཚེ། བླ་མས་ཙ་ངག་ལ་ནམ་ཞིག་དུས་ལ་བབ་པའི་ཚེ་ན་ཁྱོད་ཀྱིས་ང་མ་བརྗེད་དང་ང་རང་ཁྱོད་བསུ་རུ་འོང་ཞེས་ཞལ་བཞེས་གནང་། རྗེས་སུ་ཨ་སྐྱོང་སྤྲུལ་སྐུ་འདི་ཉིད་བླ་མ་ཁྱི་ལོ་མའི་ཡང་སྤྲུལ་དུ་ཐུགས་ཐག་བཅད་པ་དང་ཁོང་རྗེས་སུ་རྟེན་སྐྱ་བོར་བཞུགས་པའི་དུས། ཙ་ངག་གིས་ངའི་བླ་མ་དེ་ཚེ་རབས་སྔོན་མ་དག་ཏུ་ཚུལ་ཁྲིམས་རྣམ་པར་དག་པས་སྐུ་ལ་ཚུལ་ཁྲིམས་ཀྱི་དྲི་ངད་འཐུལ་ཞིང་། འདུལ་འཛིན་བྱེ་བའི་གཙུག་རྒྱན་ལྟ་བུ་ཞིག་ཡིན་པ་ལས་འདི་འདྲའི་གོས་ནག་རལ་ནག་ཅན་ཞིག་མིན་ཞེས་བརྗོད། རྗེས་སུ་ཙ་ངག་ལ་སྙུང་གཞི་ཞིག་གིས་ཐེབས་ནས་སྐུ་འཚོ་དཀའ་བར་གྱུར་བའི་དུས་སུ་ནང་མོ་ཞིག་ལ་ཁོང་གིས་འདི་ལྟར་བཤད། ད་ཐེངས་ང་འཆི་ངེས་ཡིན་ཏེ། བླ་མ་རིན་པོ་ཆེ་བྱོན་ནས་ང་ལ་ཁྱོད་བསུ་རུ་འོང་བ་ཡིན་ཞེས་གསུངས་བ་དང་། དེ་ནས་ཕར་བྱོན་པའི་ཚེ་ཨ་སྐྱོང་སྤྲུལ་སྐུ་ལྟ་བུ་ཞིག་ཏུ་གྱུར་སོང་བས་ངས་ཁོང་ལ་དད་ལོག་བྱས་པ་དེ་མ་འགྲིག ཁོང་ནི་ངའི་བླ་མའི་སྤྲུལ་སྐུ་འཁྲུལ་མེད་ཡིན་ཁོ་ཐག་རེད་གསུངས་བའི་ལོ་རྒྱུས་ཡོད། དེ་མིན་དམ་པ་འདི་བས་གཏེར་ཆེན་བདུད་འཇོམས་གླིང་བའི་གསུང་གི་སྤྲུལ་སྐུ་གཏེར་སྟོན་ཀུན་བཟང་ཉི་མའི་མདུན་ནས་བདུད་འཇོམས་རིན་པོ་ཆེའི་ཆོས་ བཀའ་ཡོངས་རྫོགས་ཀྱི་དབང་ལུང་ནོད་པ་ནས་བཟུང་ཟབ་མོ་གཅོད་ཀྱི་མན་ངག་གིས་འགྲོ་བ་མང་བོར་བྱིན་རླབས་བསྩལ་ཏེ་ནད་གདོན་ལས་ཐར་བ་དང་རྐྱེན་ངན་ལས་གྲོལ་བ་མང་བོ་བྱུང་བའི་ལོ་རྒྱུས་ཡོད་པ་དང་། ཉིན་ཞིག་ཁོང་གི་ཞལ་ནས་ཀྱང་མདང་ནུབ་ངས་གཅོད་མདར་ཁུར་ཏེ་ཁྱིམ་ཚང་ཞིག་གི་སར་སོང་ནས་གཅོད་བཏོན་པས་བུ་བཙའ་མ་ཐུབ་པའི་བུད་མེད་ཅིག་ན་འཆིའི་སྡུག་བསྔལ་ལས་བསྐྱབས་ཐུབ་པའི་རྨི་ལམ་བྱུང་གསུངས་བ་ནི་ཁོང་ལ་རེ་ལྟོས་དང་དད་འདུན་ཆེ་བའི་སྦྱིན་བདག་ཅིག་ཁོང་གིས་ཐུགས་རྗེས་བསྐྱབས་པ་ཡིན་པར་གོར་མ་ཆག ཡང་ཁོང་གིས་རྨི་ལམ་དུ་ང་རང་ཤི་ནས་སྡེ་དགེར་སྦྲང་རྩི་གསོག་པའི་ཁྱིམ་ཚང་ཞིག་གི་བུ་རུ་སྐྱེས་ནས་བྱ་བར་བརྩོན་ཚུལ་སོགས་གསུངས་བ་ལྟ་བུས་མཚོན་དམ་པ་འདི་བས་དངོས་ཉམས་རྨི་ལམ་ཚུན་ཆད་དུ་གཞན་ཕན་ཁོ་ནར་བརྩོན་ཏེ། བསྟན་ལ་གཅིག་ཏུ་སྨན་ཞིང་འགྲོ་ལ་རྟག་པར་བརྩེ་བའི་བསམ་སྦྱོར་སྐད་ཅིག་ཙམ་ཡང་བྲལ་མ་མྱོང་བ་ནི་ ཁོང་གི་མཛད་སྤྱོད་དང་ཐུགས་ཉམས་འདི་དག་གིས་རྗེས་སུ་དཔག་ནུས། ཁོང་གིས་ལྷག་ལྷ་རྗེ་བཙུན་སྒྲོལ་མར་དད་འདུན་རྩེ་གཅིག་གིས་བཟླས་བརྗོད་ལ་བརྩོན་པ་དང་ཐུན་བཞིའི་རྣལ་འབྱོར་ལ་འབད་པ་རྒྱུན་ཆགས་མཛད་པས་རྫེ་བཙུན་སྒྲོལ་མས་ཞལ་གཟིགས་ལུང་བསྟན་ཐོབ་པ་སོགས་དང་། མཚམས་དང་སྒྲུབ་པ་མང་དུ་མཛད་སྐབས་དཀྱིལ་འཁོར་དེ་དག་གི་ལྷ་ཞལ་དངོས་སུ་མཇལ་བའི་ལོ་རྒྱུས་ཡོད་ནའང་གསལ་ཁ་མ་རྙེད་པས་འོལ་ཚོད་དུ་འབྲི་བའི་ངལ་བ་མ་བྱས་སོ༎ ཡང་རབ་རྒྱལ་ཤིང་རྟ་སྟེ༡༩༥༤ལོར་མཆོག་སྤྲུལ་ཁོང་ཉིད་རྨ་གཡང་རྡོ་རྗེ་བྲག་ལ་གནས་སྐོར་དུ་ཕེབས་ཏེ་གནས་དེའི་ས་གནད་རྣམས་སུ་བུམ་གཏེར་དང་གཡང་རྟེན་གང་མང་ཕུལ། སྐབས་དེར་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མཚམས་ཁང་གི་མདུན་ཕྱོགས་མོ་བ་གཏོ་བ་ཟེར་བའི་སར་མཚོ་ཆུང་ཞིག་ཡོད་པ་དེར་མཚོ་གཏེར་འཇོག་སྐབས་འཇའ་ཟེར་གྱི་ཀློང་ནས་མངོན་སུམ་དུ་གཏེར་སྤྱན་དྲངས་བ་སྐྱེ་བོ་མང་བོའི་མཐུན་སྣང་དུ་གྲུབ་པའི་ལོ་རྒྱུས་ཡོད། ཡང་རབ་རྒྱལ་ཤིང་ལུག་སྟེ༡༩༥༥ལོའི་དགུན་ཁར་ཁ་བ་ཆེན་པོ་ཞིག་བབས་པས་ཕྱོགས་སོ་སོ་ནས་མགྲོན་ལམ་ཆད་པ་དང་ཡུལ་སྡེའི་ཕྱུགས་ཟོག་མང་བོ་ཤི་བའི་ཚེ་ན། མཆོག་སྤྲུལ་ཁོང་དང་གཞན་ཨ་སྐྱོང་གི་སྒར་ཁའི་ལོ་མཆོད་དང་ཨ་མཆོད་གཞན་རྣམས་ཀྱིས་ཉིན་རེ་བཞིན་རེས་མོས་ཀྱིས་ཁ་བ་འགོག་རྒྱུ་བྱས་པར་མཆོག་སྤྲུལ་ཁོང་ལ་རེས་འཁོར་བའི་ཉིན་ཁ་བ་གཏན་ནས་འབབ་མི་སྲིད་ཅེས་པའི་བཤད་རྒྱུན་ད་ལྟའི་བར་དུ་ཡོད་པ་ནི་མཆོག་སྤྲུལ་ཁོང་གིས་འབངས་མི་སྤྱིའི་བདེ་སྡུག་གི་ཆེད་དུ་ཐུགས་ཁུར་གནང་བ་ན་དཀར་ཕྱོགས་སྐྱོང་བའི་ལྷ་དང་སྲུང་མ་རྣམས་དང་ལོ་ཟླ་ཞག་དུས་ལ་དབང་བའི་འབྱུང་བོ་མི་མ་ཡིན་རྣམས་ཀྱིས་ཀྱང་ཁོང་ལ་གང་འདོད་ཀྱིས་མཐུན་རྐྱེན་བསྒྲུབ་པ་ལོས་ཡིན་ཏེ། འདི་ལྟ་བུ་ནི་རྣལ་འབྱོར་བའི་ནུས་མཐུ་བསམ་གྱིས་མི་ཁྱབ་པའི་གནད་ལ་ཐུག་ཡོད་པར་སྣང་། ཡང་རབ་རྒྱལ་མེ་སྤྲེལ་སྤྱི་ལོ༡༩༥༦ལོའི་དབྱར་མགོར་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་ཡོད་སའི་རྟ་བོ་གྲོང་རྡལ་དུ་ཚོགས་འདུ་ལ་ཐོན་དགོས་པའི་འཕྲིན་ཡིག་འབྱོར་བ་ན། ཁོང་དཔོན་གཡོག་འགའ་ལམ་ལ་ཆས་ཏེ་དགུ་ཁོག་ཏུ་ཐོན་ཚེ་དེ་རུ་མཚེའུ་ཆུང་ཆུང་ ཞིག་ཡོད་པ་དེའི་དར་ཐོག་ཏུ་ཐེ་ཚོམ་མེད་པར་ཆིབ་རྟ་བང་རྒྱུགས་བྱས་ནས་ཆུའི་ཕ་རོལ་ཏུ་ཐོན་ཚེ་མཚེའུ་དར་ཕྱོགས་སོ་སོར་ཆད་སོང་བ་སོགས་གྲུབ་པའི་མཛད་སྤྱོད་མང་དུ་མངའ་ཡང་རེ་རེ་ནས་འབྲིར་མི་ལང་ངོ་༎ (༧) དམ་པ་འདི་བས་གླིང་གེ་སར་གྱི་རིག་གནས་ཁྱབ་སྤེལ་གཏོང་བར་ནུས་པ་མངོན་གསལ་ཐོན་པ། དེ་ཡང་དམ་པ་ཁོང་གི་སྐུ་ཚེའི་སྟོད་ལ་ཆོས་སྲིད་ཀྱི་བྱ་བ་རྒྱ་ཆེ་བས་བསྟན་བཅོས་རྩོམ་པའི་ཁུར་ཆེན་ལྷུར་ལེན་པའི་སྐབས་ཆེར་མ་མཆིས་མོད། སྐུ་ཚེའི་སྨད་ལ་བཙོན་དུ་བཞུགས་སྐབས་གླིང་སྒྲུང་སྐོར་གྱི་རིག་གཞུང་མང་བོ་རྩོམ་གནང་མཛད། དེ་ཡང་ཁོང་གིས་གླིང་གེ་སར་རིག་གནས་སྐོར་གྱི་གཞུང་ལུགས་ལ་ཆེད་དུ་སྦྱང་བརྩོན་བྱེད་མ་མྱོང་མོད། ཁོང་ཉིད་ཀྱིས་གླིང་དུས་སུ་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་སྐྱེ་ སྲིད་བཞེས་པར་གྲགས་པའི་རྟེན་འབྲེལ་གྱི་གནད་དང་། མི་ཤིགས་གཉུག་མ་ཡེ་ཤེས་ཆེན་པོའི་གཏད་རྒྱ་དུས་སུ་སད་པས་སྦྱང་བརྩོན་གྱི་ངལ་བ་ལ་མ་ལྟོས་པར་སྣང་སྲིད་དཔེ་ཆར་ཤར་ཏེ་མདོ་རྒྱུད་བཀའ་གཏེར་གྱི་བརྡ་གསང་ལྷུག་པར་གྲོལ་བས་སྒྲུང་དཔེ་མང་བོ་ཐོགས་མེད་དུ་སྨྲ་བའི་སྤོབས་པ་གཞན་ལས་ལྷག་པར་གྱུར། དེ་ཡང་མཆོག་སྤྲུལ་འདི་བས་བརྩམས་པའི་གླིང་སྒྲུང་གི་སྐོར་ལ། རྨ་ཤེལ་བྲག་དང་ཤང་ཤང་སྨན་རྫོང་། མཐིང་གཡུ་རལ་རྒྱལ་བོ་ཆམ་ལ་ཕབ་ཚུལ། རྟ་ཡང་རྒྱུགས་ཀྱི་མཚལ་ལུ། ཁ་ཆེའི་གཡུ་རྫོང་། མོན་འདུལ། སོག་ཨོ་རེན་རྒྱལ་བོ་བཏུལ་བའི་སོག་འདུལ། ཧོར་ཕར་འདུལ་སོགས་གླིང་སྒྲུང་སྐོར་གྱི་ལྗགས་རྩོམ་མང་བོ་འབྲི་གནང་མཛད་པ་ནི་ཚིག་གི་བརྗིད་ཆེ་ཞིང་། དོན་གྱི་གཏིང་ཟབ་པ་རྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་པ་འབའ་ཞིག་ཡིན་ནོ༎དེ་བས་ཨ་སྐྱོང་མཆོག་སྤྲུལ་བསྟན་འཛིན་རྒྱ་མཚོ་ནི་ཡུལ་མགོ་ལོག་གི་ལོ་རྒྱུས་སྟེང་གི་གླིང་གེ་སར་གྱི་རིག་གནས་འཆད་སྤེལ་མཛད་མཁན་གྱི་སྐྱེས་བུ་རླབས་ཆེན་ཞིག་དང་མི་སྣ་གལ་ཆེན་ཞིག་ཡིན་པའང་ཁོང་གི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད། (༨) མི་དབང་འདི་ཉིད་དགུང་ལོ་བཞི་བཅུའི་ཐོག་ཡུལ་མགོ་ལོག་ཏུ་གུང་ཁྲན་ཏང་གི་འཐུས་ཚབ་མི་སྣ་ཐོག་མར་སླེབས་པ། ཨ་སྐྱོང་བསྟན་འཛིན་རྒྱ་མཚོས་གོང་མ་ཚང་གི་ཇུས་འགན་བཞེས་པའི་ལོ་སྟེ་རབ་རྒྱལ་ཆུ་འབྲུག་ལོ་ནི་དུས་དང་བསྐལ་བའི་འགྱུར་ལྡོག་གིས་ཡ་གླིང་ཤར་རྒྱུད་ཀྱི་ས་གཞི་ཆེན་པོ་འདིའི་གནམ་ས་ཕྱེད་མར་བགོ་བའི་སྣང་ཚུལ་ཡ་ང་བ་དེ་ཉིད་ནགས་ཚལ་ཁྲོད་ཀྱི་མེ་དཔུང་ཇི་བཞིན་འུར་འུར་ཆེམ་ཆེམ་ཀྱིས་འཕྲོ་བཞིན་པའི་ཆ་ཤས་ཤིག་ཡུལ་མགོ་ལོག་གི་ས་གཞི་རུ་ཐོག་མར་བསླེབས་པའི་ལོ་ཚིགས་ཡིན།དེ་ཡང་རབ་རྒྱལ་ས་གླང་སྟེ་སྤྱི་ལོ༡༩༤༩ལོར་ཀྲུང་གོའི་དམངས་གཙོའི་གསར་བརྗེར་རྒྱལ་ཁ་ཐོབ་ནས་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་དམངས་གཙོ་རིང་ལུགས་གསར་བ་ནས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གསར་བ་བསྐྲུན། རབ་རྒྱལ་ཆུ་ འབྲུག༡༩༥༢ལོའི་ཟླ༥བའི་ནང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་ཞིང་ཆེན་དམག་ཁུལ་བཅས་ཀྱིས་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་མགོ་ལོག་ལས་དོན་ཚོགས་པ་དབུ་བརྙེས་པ་ལ་སྤྲོ་སེམས་འཁོར་བས་དགའ་བསུ་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་བཞིན། ལོ་དེའི་ཟླ༧པར་རྒྱལ་ཡོངས་ཏང་གི་མགོ་ཁྲིད་པས་ཆེད་མངགས་ལྟར་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་མགོ་ལོག་ལས་དོན་ཚོགས་པ་པའི་འགོ་གཙོ་བཀྲ་ཤིས་དབང་ཕྱུག་དང་འགོ་གཙོ་གཞོན་པ་མ་བན་ལས་གཙོས་ལས་བྱེད་སྐོར་ཁག་ཅིག་རྭ་རྒྱ་བརྒྱུད་ནས་ཡུལ་མགོ་ལོག་གི་སའི་བྱེ་བྲག་དགུ་ཁོག་ཏུ་ཐོན། ཟླ༧པའི་ཚེས༢༢ཉིན་ཨ་སྐྱོང་བསྟན་འཛིན་རྒྱ་མཚོ་དང་ཁང་སར་བན་ཆེན་སོགས་མགོ་ལོག་གི་བླ་དཔོན་དང་བློན་སྡེ་མང་བོས་དགའ་གུས་ཀྱི་རྣམ་འགྱུར་བསྟན་ཏེ་བསུ་བ་བྱས་པར་མ་ཟད། གོང་མའི་སྟོང་སྐྱིད་དགོན་དུའང་ཇ་ཐབས་བསྒྲིགས་ནས་བསུ་བ་བྱས་པའི་ཉིན་འགའི་རྗེས་ནས་མགོ་ལོག་ལས་དོན་ཚོགས་པ་དེ་ཉིད་རྨ་སྲིབ་ཁྲ་གླིང་དགོན་དུ་གནས་སྤོར། ལོ་དེའི་ཟླ༨པའི་ཚེས༢༤ནས་ཟླ༩བའི་ཚེས༡བར་གྱི་ཉིན་བདུན་གྱི་རིང་དབང་སྟོད་ཁྲ་གླིང་དགོན་དུ་མགོ་ལོག་ལས་དོན་ཚོགས་པས་མགོ་ལོག་གི་ཐེངས་དང་བོའི་མི་དམངས་མཐུན་སྒྲིལ་ཚོགས་ཆེན་འཚོགས་པར་ཨ་སྐྱོང་དཔོན་སྤྲུལ་བསྟན་འཛིན་རྒྱ་མཚོ་འདི་བས་གཙོས་ཡུལ་མགོ་ལོག་གི་སྟོང་དཔོན༥དང་བརྒྱ་དཔོན༦༥ཚོ་སྡེ༢༥ དང་དགོན་ཁག་ལྔའི་འཐུས་ཚབ་སོགས་བསྡོམས་པའི་མི༤༡༧གྱིས་གྲུབ་པའི་ཚོགས་ཐོག་ཏུ་ཨ་སྐྱོང་དཔོན་སྤྲུལ་བསྟན་འཛིན་རྒྱ་མཚོས་མི་རིགས་སོ་སོའི་དར་རྒུད་ཀྱི་ཆོས་ཉིད་དང་འབྲེལ་ཏེ་ཡུལ་ཁམས་སྤྱིའི་བདེ་སྡུག་གླེང་བའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་མི་སྣར་ཕན་གྲོགས་བགྱིད་པའི་བསམ་པ་བསྟན་ཏེ་གསུངས་བཤད་ངོ་མཚར་བ་གནང་། ལོ་དེར་བསྡོམས་པས་མགོ་ལོག་ལས་དོན་ཚོགས་པས་དམངས་ཁྲོད་ཀྱི་རྩོད་གཞི་མི་འདྲ་བ༥༢ཐག་གཅོད་བྱས་པར་དཔོན་སྤྲུལ་འདི་བས་རམ་འདེགས་དང་ནུས་པ་མངོན་གསལ་དུ་ཐོན་ཡོད། (༩) ཁོང་དགུང་ལོ་ཞེ་གཅིག་གི་ཐོག་རྒྱལ་ས་པེ་ཅིན་ཏུ་ཕེབས་ནས་སྲིད་འཛིན་གཞོན་པ་ཀྲུའུ་ཏི་ལ་ཐུགས་འཕྲད་གནང་བ། རབ་རྒྱལ་ཆུ་འབྲུག་སྟེ༡༩༥༢ལོའི་ཟླ༡༢པར་ཚོགས་གཙོ་བཀྲ་ཤིས་དབང་ཕྱུག་གིས་ཚོགས་མི༥༣ཀྱིས་གྲུབ་པའི་ལྟ་སྐོར་ཚོགས་པ་ཞིག་བསྒྲུབས་ཏེ་དཔོན་སྤྲུལ་བསྟན་འཛིན་རྒྱ་མཚོ་སོགས་ཨ་སྐྱོང་ཁག་གསུམ་དང་འབོ་སྤའི་དཔོན་པོ་རྣམས་ཚོགས་གཙོ་གཞོན་པ་དང་། ར་ལོ་རྡོ་རྗེ་དྲུང་ཡིག་ཏུ་བསྐོས་ཏེ། ནང་སོག་དང་ཞས་ཨན་པེ་ཅིན་སོགས་ནང་ལོག་ས་ཆར་ལྟ་གཟིགས་བྱེད་དུ་སོང་། ༡༩༥༣ལོའི་ཟླ༡ ཚེས༢༠ཉིན་སྲིད་འཛིན་གཞོན་པ་ཀྲུའུ་ཏི་ལགས་ནས་སྲིད་འཛིན་མའོ་ཙེ་ཏུང་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་ཀྱི་ཚབ་བྱས་ནས་མགོ་ལོག་ལྟ་སྐོར་ཚོགས་པར་ཐུགས་ཕྲད་བྱས་ཏེ་མཉམ་དུ་རྗེས་དྲན་གྱི་འདྲ་པར་བསྐྱོན། སླར་ཡང་ཉིན་ཞག་དུ་མར་ཡུལ་དུས་ལ་ལྟ་གཟིགས་དང་རྒྱུས་ལོན་བྱས་ཏེ་རང་ཉིད་ལ་མཐོང་རྒྱ་གསར་བ་བསྐྱེད་ནས་ཕྱིར་རང་ཡུལ་དུ་ཕེབས། དེ་ནས་བཟུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བསྒྲུབ་རྒྱུའི་ལྟ་གོན་དུ་ཐོག་མར་དྲིལ་བསྒྲག་རུ་ཁག་བཞི་རུ་བགོས་ནས་རུ་ཁག་ང་པོ་ཨ་སྐྱོང་དཔོན་སྤྲུལ་བསྟན་འཛིན་རྒྱ་མཚོ་འདི་བས་ཁྲིད་དེ་འབོས་ལམ་དང་དཔོན་མོ་སང་། མཁར་སྐོར། ཚ་སྐོར། རྟ་བོ་དམེ་ཚང་། གོང་མའི་སྡེ་སྟོད་ སྨད་བཅས་སུ་ཕེབས་ནས་ཁོང་གིས་མི་ཆོས་རིག་པའི་ཉིང་བཅུད་རྩལ་དུ་བཏོན་ཏེ་ཁ་ཏ་སློབ་གསོ་གང་མང་གནང་བར་མ་ཟད། མི་རིགས་འདྲ་མཉམ་གྱི་སྲིད་ཇུས་དྲིལ་བསྒྲགས་དང་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་དར་སྤེལ། རྩོད་གཞི་སྣ་ཚོགས་ཀྱི་འགལ་བ་ཐག་གཅོད་བཅས་བྱས་པས་ཁྲག་བཞུར་གྱི་དོན་རྐྱེན་མི་འབྱུང་བ་དང་ཡུལ་མགོ་ལོག་ལ་སྲིད་དབང་གསར་བ་འཛུགས་པ་བཅས་ཀྱི་ཐད་ཨ་སྐྱོང་བསྟན་འཛིན་རྒྱ་མཚོའི་གཙོས་མགོ་ལོག་གི་དཔོན་པོ་རྣམས་ཀྱིས་དངོས་གནས་ནུས་པ་ཆེན་པོ་ཐོན་ཡོད། (༡༠)དགུང་ལོ་ཞེ་གཉིས་ཐོག་མགོ་ལོག་ཁུལ་གྱི་ཁུལ་གཙོ་གཞོན་པ་དང་བོའི་གོ་གནས་ཁུར་ནས་རྒྱལ་ཁབ་ཀྱི་ལས་དོན་ལ་བྱས་རྗེས་མངོན་གསལ་བཞག་པ། རབ་རྒྱལ་ཤིང་རྟ་སྟེ༡༩༥༤ལོའི་ཟླ༡ཚེས༡ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཐོག་མར་བཙུགས། སྐབས་དེར་ཁུལ་གཙོ་དང་བོ་བཀྲ་ཤིས་དབང་ཕྱུག་དང་ཁུལ་གཙོ་གཞོན་པ་ཨ་སྐྱོང་བསྟན་འཛིན་རྒྱ་མཚོ་དང་ཁང་བན་ཆེན། ཁང་ཁེ་མིན། འབོ་སྤ་ཡིད་བཞིན་དབང་རྒྱལ། མཁར་ནང་སྐལ་རྡོར། ཝ་ཤུལ་ཆོས་སྐྱོང་མགོན་རྣམས་བཞག་པ་དང་རྒྱུན་ལས་ཨུ་ཡོན་ཉེར་གཅིག་ཡོད་པ་ལས། གོང་མ་ཚང་གི་ཨུ་ཡོན་ལུང་རིག་དང་ཀུན་དགའ་བཟང་བོ་གཉིས་ཡིན། སྐབས་དེ་དག་ཏུ་ཏང་གིས་མངགས་པའི་ལས་བྱེད་སྐོར་ཁག་གིས་ང་ཚོའི་ཡུལ་འདིར་འབྲོག་པ་མང་ཚོགས་ཀྱི་ དགོས་མཁོ་ལྟར་སྨན་བཅོས་འཕྲོད་བསྟེན་དང་ཕྱུགས་ཐོན་དངོས་རྫས་ཉོ་སྡུད། འབྲུ་རིགས་དང་རས་ནོམ། ཇ་དང་ཚ་ཁུ་སོགས་མཁོ་ཚོང་བྱས་ཡོད་པར་མ་ཟད། ཆབ་སྲིད་ཐད་མི་བགོ་མི་འཐབ་གྲལ་རིམ་མི་འབྱེད་པའི་སྲིད་ཇུས་དང་། གོང་རིམ་བརྟན་ཆགས་དང་འབྲིང་རིམ་མཐུན་སྒྲིལ། མང་ཚོགས་སྐུལ་སློང་བཅས་ཀྱི་སྲིད་ཇུས། ད་དུང་ཕྱུགས་བདག་དང་གླ་བ་གཉིས་ཕན་གྱི་སྲིད་ཇུས་བཅས་སྤྱད་ཡོད་པར་བཤད། སྐབས་དེར་སྔོན་གྱི་དཔོན་གནས་ལུགས་སྲོལ་རང་འཇགས་བྱས་ཐོག་མཐུན་སྒྲིལ་དང་གྲོས་མོལ་བརྒྱུད་ནས་དམངས་གཙོ་བྱེད་དགོས་པའི་སྐུལ་སློང་དང་བཀའ་བཀོད་གནང་བ་བཞིན། གཟུ་བཤད་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ཏེ་དཔོན་སྤྲུལ་བསྟན་འཛིན་རྒྱ་མཚོས་གཙོ་བདག(ཀྲུའུ་རིན)གི་འགན་བཞེས། དེ་ནས་ཁོང་གིས་ལོ་ངོ་ལྔ་ཙམ་གྱི་རིང་ཞིང་ཆེན་དང་ཞིང་ཆེན་གྱི་བར། ས་གནས་དང་ས་གནས་ཀྱི་བར། སྡེ་བ་དང་མི་སྒེར་སོགས་གྱི་བར་མི་བསད་ཁྲག་བཞུར་གྱི་དོན་རྐྱེན་ཡ་ང་བ་གང་ཡོད་ཐབས་ཅི་དྲགས་དང་བློས་ཅི་ལྕོགས་ཀྱིས་འགྲིག་མཐུན་འོང་དུ་བཅུག་སྟེ། སྔ་ཕྱིར་བསྡོམས་པའི་གྱོད་སྣ་སྟོང་ཕྲག་ལྷག་ཅིག་གི་འཁོན་པ་ལེགས་པར་བསྡུམས། ཡོ་བ་དྲང་མོར་བསྲངས་ཏེ། ས་གནས་དང་མི་དམངས་མང་ཚོགས་འཚེ་མེད་ཞི་འཇགས་སུ་བཏང་བ་འདི་ལྟ་བུའི་བྱས་རྗེས་ཆེན་པོ་ཞིག་འཇོག་མཁན་ནི་མི་སྒེར་ཞིག་གི་ངོས་ཐད་ནས་སྐབས་དེར་མགོ་ལོག་ཁག་གསུམ་གྱི་ཡུལ་གྲུ་རུ་ཨ་སྐྱོང་དཔོན་སྤྲུལ་བསྟན་འཛིན་རྒྱ་མཚོ་འདི་བ་ལས་ལྷག་པ་ཞིག་བྱུང་མ་མྱོང་བ་ནི་དོན་དངོས་དབང་བཙན་པའི་ཕྱིར་ན་སུས་ཀྱང་བློ་ཡུལ་ལས་བརྗེད་ཐབས་ཀྱང་མེད་དེ་བརྗེད་ཀྱང་མི་རུང་བ་ཞིག་རེད། དེ་བས་གནས་སྐབས་དེར་ཏང་གི་འགོ་ཁྲིད་པས་ཡུལ་འདིའི་ཆོས་ལུགས་མི་སྣ་དང་མི་དྲག་ཚོར་སློབ་གསོ་བཏང་ནས་ཁོ་ཚོར་འགན་དབང་སྤྲད་པ་དང་བྱ་བ་བཀོད་བསྒྲིག་བྱེད་པ། ནང་ལོག་ས་ཆར་ལྟ་སྐོར་དུ་ཁྲིད་པ་བཅས་བྱས་ཤིང་། ཁོ་ཚོར་བརྟེན་ནས་མི་རིགས་ཕན་ཚུན་དང་ཡུལ་སྡེ་སོ་སོ། གྲུབ་མཐའ་སྣ་ཚོགས་བཅས་ཀྱི་བར་འགལ་བ་གང་ཡོད་ལེགས་པར་བསྡུམས་ཏེ། རྗེས་ཕྱོགས་འབྲོག་ཁུལ་དུ་བྱ་བ་སྣ་ཚོགས་བསྒྲུབ་པར་ཆ་རྐྱེན་ཧ་ཅང་བཟང་བོ་བསྐྲུན་ཐུབ་སོང་བས་དེ་ནི་སྐབས་དེའི་མི་དབང་བསྟན་འཛིན་རྒྱ་མཚོ་སོགས་བླ་དཔོན་མི་དཔོན་རྣམས་ཀྱིས་རྒྱལ་ཁབ་གཅིག་གྱུར་ཡོང་བར་བཞག་པའི་བྱས་རྗེས་བསུབ་ཐབས་མེད་པ་ཞིག་རེད། རབ་རྒྱལ་ཤིང་ལུག༡༩༥༥ལོའི་ལོ་སྨད་ནས་མེ་བྱ་༡༩༥༧ལོའི་བར་མི་དབང་བསྟན་འཛིན་རྒྱ་མཚོས་དབང་བསྒྱུར་བའི་ཡུལ་ཁམས་འདིའི་འཚོ་བ་དང་དཔལ་འབྱོར་གྱི་གཞི་རྩ་གཅིག་པུ་འབྲོག་པའི་ཕྱུགས་ལས་ལ་བསྒྱུར་བཅོས་ཆེན་པོ་བྱས་ཏེ་ཐོན་སྐྱེད་མཉམ་ལས་ཁང་བཙུགས་ཐོག་ཕྱུགས་ཟོག་རིགས་བཀར་ཏེ་ཁྱུ་བསྒྲིགས་ནས་འཚོས་པ་དང་། གཅིག་གྱུར་གྱི་ངལ་རྩོལ་བ་བཀོད་སྒྲིག ཕྱུགས་ཟོག་ལ་གོང་བཅད་དེ་མ་རྐང་དུ་འཇོག་པ། ཕྱུགས་ཀྱི་མ་རྐང་ལྟར་བཅད་རིན་སྤྲོད་དགོས་པ་བཅས་ཀྱི་བྱེད་ཐབས་སྤེལ། རབ་རྒྱལ་ས་ཁྱི༡༩༥༨ལོ་ནས་རྒྱལ་ནང་གི་འགལ་བ་གཙོ་བོ་འབྱོར་ལྡན་གྲལ་རིམ་དང་འབྱོར་མེད་གྲལ་རིམ་བར་གྱི་འགལ་བ་ཡིན་པར་བལྟས་ཏེ། ཆབ་སྲིད་ཀྱི་བསམ་བློའི་ཁྱབ་ཁོངས་སུ་གཡས་ལྷུང་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱ་བསྐྱེད་དགོས་པ་དང་། རྒྱུན་ཆད་མེད་པར་གསར་བརྗེ་བྱེད་དགོས་ཞེས་པའི་སྐབས་དེའི་གཡོན་ལྷུང་གི་རིག་གཞུང་དེའི་ཁྲིད་སྟོན་འོག་ཆབ་སྲིད་ཐད་གཡས་ལྷུང་ལ་ངོ་རྒོལ་དང་། དཔལ་འབྱོར་ཐད་དར་དམར་རྣམ་གསུམ་ལས་མཆོང་སྐྱོད་ཆེན་པོའི་ལས་འགུལ་མུ་མཐུད་དུ་སྤེལ་ཏེ་ཕྱུགས་ཟོག་ཡོངས་རྫོགས་སྤྱི་ལ་དབང་བར་བྱས། དེའི་སྐབས་སུ་ཟ་མ་ཟ་ན་སྒོར་མོ་མི་དགོས། གུང་ཁྲན་རིང་ལུགས་མྱུར་དུ་བསླེབ་འོང་། ཞེས་མི་དམངས་སྤྱི་ཁང་ཅན་དུ་བསྒྱུར་ཏེ་སྤྱི་གཞུང་གི་ཟ་ཁང་ཆེར་བསྒྲུབ་བྱས་ཤིང་ཟངས་ཆེན་གཅིག་གི་ནང་ཟ་མ་བསྐོལ་ནས་ཟླ་རེར་མི་རེས་བཅད་གྲངས་ལྟར་ཟ་མ་ཟ་དགོས་པར་བསྒྱུར་བ་ནས་བཟུང་རྩ་འཛུགས་དམག་དོན་ཅན། བྱ་སྤྱོད་འཐབ་འཛིང་ཅན། མགོ་སྦྲ་སྲང་ལམ་ཅན། འཚོ་བ་ཐུན་མོང་ཅན་བཅས་ཅན་བཞི་མངོན་དུ་འགྱུར་དགོས་པའི་རེ་བ་ལྟར་བསྒྲུབས་ཡོད་པ་རེད། (༡༡) དགུང་ལོ་ཞེ་དྲུག་གི་ཐོག་མགོ་ལོག་ཨ་སྐྱོང་གི་རྒྱལ་སྲིད་ལ་གཡོ་འགུལ་ཐེབས་ནས་ཡུལ་འདིའི་ཆོས་དང་རིག་གནས་གཉིས་ཆར་ཆག་སྒོ་ཚབས་ཆེན་ཐེབས་པ། རབ་རྒྱལ་ས་ཁྱི་ལོ་སྟེ་སྤྱི་ལོ༡༩༥༨ལོར་གཡས་ལྷུང་ཕྱོགས་ཁག་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱ་ཇེ་ཆེར་བཏང་སྟེ་མཆོང་སྐྱོད་ཆེན་པོའི་ལས་འགུལ་ཚད་མཐོན་པོར་བསླེབས། སྐབས་དེར་གཡོན་ལྷུང་བས་བཏོན་པའི་བྱེད་ཐབས་དང་ལྟ་ཚུལ་འགའ་རེར་མང་བོ་ཞིག་འཇིག་སྐྲག་སྐྱེས་ཏེ་མཚོ་སྔོན་གྱི་ས་ཆ་ཁ་ཤས་ནས་ཟིང་འཁྲུག་གི་གོ་རིམ་ཀྱང་བརྒྱུད་མྱོང་ཡོད། དེའི་སྟབས་ཀྱིས་ཟིང་འཁྲུག་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་དེ་ཀྲུང་དབྱང་གི་དམག་དོན་དང་ཆབ་སྲིད་ཀྱི་བྱེད་ཕྱོགས་ལ་རྒྱབ་འགལ་བྱས་ཏེ་བཀས་བཀོད་རྒྱུད་འཛིན་ལ་རྒོལ་བ་ཤུགས་ཆེན་བྱེད་པའི་འཐབ་རྩོད་ཀྱི་མདུང་རྩེ་དགོན་པར་གཏད་ནས་བླ་མའི་ཚོགས་འདུ། གྲྭ་བའི་ཚོགས་འདུ། མི་སྐྱའི་ཚོགས་འདུ་སོགས་བསྟུད་མར་འཚོགས་ནས་ཉིན་རེ་བཞིན་ཆེར་རྩོད་དང་ཆེར་གླེང་བྱས་ཤིང་། ཡིག་ཆེན་གྱི་གསར་འགྱུར་སྦྱོར་བ། དྲག་འཐབ་དང་འཛིན་བཟུང་གི་ལས་འགུལ་སྤེལ་བ་བཅས་བྱས་པར་མ་ཟད། བརྩོན་པ་ཅན་ཚོ་རང་རྟོགས་དང་གཞན་སྐུལ་གྱིས་དགོན་པའི་ལྷ་ཁང་དང་འདུ་ཁང་ནང་དུ་བརྒྱུགས་ཏེ། ལྷ་རྟེན་ཆོས་གསུམ་གཏོར་བཤིག་དང་མེར་བསྲེགས་པ། ཆུ་ལ་བསྐུར་བ། རྡོག་བརྫིས་སུ་གཏོང་བ་བཅས་བྱས་པར་མ་ཟད། བཀས་བཀོད་རྒྱུད་འཛིན་དབང་བསྒྱུར་གྲལ་རིམ་གྱི་ལོག་སྤྱོད་རྩ་མེད་བྱེད་དགོས་ཞེས་པའི་གླེང་ཕྱོགས་སྤེལ། སྐབས་དེར་མི་མང་བོ་ཞིག་ངོ་མ་སྨྱོས་པ་ལྟར་གྱུར་ནས་ཐ་ན་ཁྱིམ་མི་ཕན་ཚུན་བར་ཡང་ཡིད་མི་ཆེས་པར་གྱུར་ཏེ། གཅིག་གིས་གཅིག་ལ་དམའ་འབེབ་དང་བསྙས་བཅོས་བྱེད་ཅི་ཐུབ་བྱས་རྐྱེན། ངོ་ལོག་ཟིང་འཁྲུག་ཏུ་ཞུགས་པའི་བདེན་དཔང་ཅི་ཡང་མེད་ནའང་ཐམས་ ཅད་ལ་དོགས་པ་ཟ་བ་དང་། ཐམས་ཅད་འཛིན་པ། ཐམས་ཅད་ལ་འཐབ་པ། ཐམས་ཅད་གཞུང་བླངས་བཅས་བྱས་པར་མ་ཟད། ཉེས་མེད་ལ་ཉེས་འགེལ་བྱས་ཏེ་འཛིན་བཟུང་དང་འཐབ་རྩོད་ཡ་ང་བ་བྱས། དེའི་ཚེ་ན་མི་མང་བོ་ཞིག་སྨྱོས་པ་ལྟར་གྱུར་ནས་ཐ་ན་ལོ་ངོ་བརྒྱ་ཕྲག་དུ་མར་བསགས་པའི་ཆོས་དང་རིག་གནས་ཀྱི་ཕུང་བོ་ངོ་མཚར་བ་དག་འབྱུང་བ་ས་ཆུ་མེ་རླུང་གི་གནས་སུ་བསྟིམ་ཅི་ཐུབ་བྱས་ཏེ། ཡུལ་ ཁམས་ཀྱི་དཔལ་འབྱོར་དང་རིག་གནས་གཉིས་ཆར་བློས་མི་དཔོག་པའི་གྱོང་གུད་དང་ཆག་སྒོ་ཚབས་ཆེན་ཞིག་བཟོས་སོང་ངོ་།། (༡༢) དམ་པ་འདིས་འབྱུང་འགྱུར་སྔོན་གཟིགས་ཀྱི་སྒོ་ནས་རྒྱལ་ཁམས་ཞི་བདེར་བཀོད་པའི་མཛད་སྤྱོད་རྗེས་སུ་དྲན་པ། ས་བཅད་འདིའི་ཁོངས་སུ་གཙོ་བོར་སྨྲ་རྒྱུ་ནི་རབ་རྒྱལ་ས་ཁྱི་ལོ་སྟེ། དུས་དང་བསྐལ་བའི་འཕེལ་འགྱུར་རི་གཟར་ངོས་ཀྱི་རྦབ་ཆུ་དང་རླུང་འཚུབ་ཁྲོད་ཀྱི་མར་མེ་བཞིན་མཆོང་སྐྱོད་དང་གཡོ་འགུལ་ཧ་ཅང་ཆེ་བའི་དུས་སྐབས་སུ་ཨ་སྐྱོང་གོང་མ་ཚང་གི་བློན་ཤེས་ཅན་བསམ་བཟང་རྣམས་ཀྱིས་དཔོན་སྤྲུལ་ཁོང་ལ་ཁྱོད་གསང་སྟབས་ཀྱིས་མྱུར་དུ་འབྲོ་ཐབས་མ་བྱས་ན་ཕྱིས་སུ་འོ་བརྒྱལ་ཚད་མེད་མྱོང་ཚོད་ཡིན་པའི་གནས་ཚུལ་ཞིབ་ཏུ་ཞུས་ནའང་ཁོང་ཉིད་དེ་ལས་ལྡོག་སྟེ། ང་རང་འབྲོ་དགོས་དོན་ཀྱང་མི་འདུག་སྟེ་བྲོས་ནའང་རུ་སྡེར་གནོད་དུ་འགྲོ་བས་དགོས་པ་ཅི་ཡང་མི་འདུག་ཅེས་གསུངས་བར་མ་ཟད། འབངས་མངའ་རིས་ལའང་ཁྱོད་ཚོས་རྐྱེན་འདི་ལ་བརྟེན་ནས་ཟིང་འཁྲུག་བཟོ་བ་དང་ངོ་རྒོལ་བྱེད་པ་སོགས་ཀྱི་རྩུབ་སྤྱོད་གཏན་ནས་བྱེད་མི་རུང་། གལ་ཏེ་དེ་ལྟར་བྱས་ནའང་མཐར་རང་ཉིད་ཕམ་རྒྱུ་ལས་ཅི་ཡང་མེད། དེ་བས་རྣམ་པ་ཀུན་ཏུ་སྐད་ཆ་དྲང་མོར་ཤོད། ལས་འབྲས་དཔང་བོར་ཞོག གཞན་ལ་གནོད་མ་སྐྱེལ། རང་མི་འདྲེར་མ་ལོག རང་ཚུགས་རང་གིས་ཟུངས་ཞེས་འབངས་མངའ་རིས་ལ་བཀའ་ཆེམས་འདི་ལྟར་བསྩལ་བ་འདིས་ཡུལ་མགོ་ལོག་གི་ས་གནས་སུ་སྲིད་དབང་གསར་བ་བདེ་བརླག་ངང་འཛུགས་པར་དངོས་ཤུགས་བརྒྱུད་གསུམ་ནས་ཕན་གྲོགས་སུ་འགྱུར་བར་མ་ཟད། སྐབས་དེའི་ས་གནས་གཞན་པ་འགའ་རེ་ལྟར་ཁྱོད་ཤི་ང་གསོན་གྱི་འཐབ་འཁྲུག་བསྟུད་མར་བྱུང་ནས་མཐར་མི་ཤི་རྟ་འགྱེལ་གྱི་ཆག་སྒོ་ཡ་ང་བ་རེ་མི་འབྱུང་བའི་གདེང་ཚོད་ཅི་ཡང་མེད་ནའང་དམ་པ་ཁོང་གི་གསུང་གསེར་ཞུན་གྱི་ཐིགས་པ་ལྟ་བུ་རེ་རེས་མངའ་འབངས་ཉེར་འཚེ་ལས་བསྐྱབས་སོང་བ་ནི་མཆོག་སྤྲུལ་ཁོང་གི་འབྱུང་འགྱུར་སྔོན་གཟིགས་ཀྱི་སྒོ་ནས་རྒྱལ་ཁམས་ཞི་བདེར་བཀོད་པའི་མཛད་སྤྱོད་ཡིན་པས་ཚུལ་དེ་ནམ་ཡང་རྗེས་སུ་དྲན་པར་བྱེད་རིགས་སོ༎ གཞན་ཡང་ཁོང་བཙོན་དུ་བཞུགས་སྐབས་སུའང་རེ་ཞིག་ཕྱིར་ཕ་ཡུལ་མགོ་ལོག་ཕྱོགས་སུ་འཕྲིན་སྤྲིངས་ཏེ། བསྟན་འགྲོའི་དར་རྒུད་དང་། འཇིག་རྟེན་གྱི་བདེ་སྡུག འདུ་འབྲལ་གྱི་རང་གཤིས། ཕྱིས་འབྱུང་གི་བཀོད་སྒྲིག་སོགས་ཞིབ་རྒྱས་སུ་བསྩལ་བའི་ཁྲོད་ད་ལྟའི་རང་ཅག་གི་སྐྱབས་མགོན་ངག་དབང་པདྨ་རྣམ་རྒྱལ་རིན་པོ་ཆེར་ཆེད་དུ་བཀའ་གསུང་འདི་ལྟར་བསྩལ། ཕྱིས་སུ་མི་འགྱང་བར་བསྟན་འགྲོའི་ བདེ་སྐྱིད་ཀྱི་ཉི་གཞོན་གསར་དུ་བཞད་པའི་དུས་ཤིག་ངེས་པར་དུ་འོང་སྲིད་པས་དེ་དུས་ཁྱོད་ཉིད་རྒྱལ་བསྟན་རིན་པོ་ཆེ་རྨང་ནས་གསོ་བའི་བྱེད་པོར་འགྱུར་ཚུལ་དང་། ལྷག་པར་དུ་མཚམས་པ་སྨོན་ལམ་བཟང་བོའི་རྒྱལ་ཚབ་ཏུ་བཞུགས་ནས་ངེས་དོན་སྙིང་བོའི་རིང་ལུགས་དར་སྤེལ་གཏོང་དགོས་ཚུལ། ངའི་སྐྱེ་སྲིད་ཕྱི་མའང་ཁྱོད་ཀྱི་འཁོར་དུ་འོང་བས་དེ་ཡང་རྗེས་སུ་འཛིན་པར་གསོལ་བ་སོགས་ཀྱི་ཆེད་དོན་གང་མང་བསྩལ་བ་འདིས། དམ་པ་ཁོང་ཉིད་འགྲོ་བ་མི་ཡི་རང་དབང་འཕྲོག་པའི་བཙོན་མའི་ཚུལ་དུ་བཞུགས་ནའང་ཕ་ཡུལ་མི་དམངས་ཀྱི་བདེ་སྡུག་དང་བསྟན་འགྲོའི་དར་རྒུད་ཡང་ཡང་གླེང་སྟེ། ལོ་རབས་བརྒྱད་ཅུ་བར་སྐྱེ་དགུའི་བསོད་ནམས་ཀྱི་སྐྱ་རེངས་གསར་བས་བསྐྱར་དར་བསྟན་པའི་ཉི་གཞོན་གསར་དུ་བསུ་བའི་ཚེ་ན། ཨ་སྐྱོང་གོང་མ་ཚང་གི་སྡེ་གླིང་འདིར་བསྟན་པའི་མེ་རོ་གསོ་བའི་སྐྱེས་བུ་དང་། ཕ་ཤུལ་བུ་འཛིན་བྱེད་པའི་དཔོན་པོ། ཆོས་སྲིད་ལུགས་གཉིས་སྐྱོང་བའི་དཔྱོད་ལྡན་བཅས་སྔ་མོ་ནས་ཁོང་གིས་བཀོད་སྒྲིག་བྱས་ཟིན་པར་མ་ཟད། མཆོག་གི་སྐུའི་སྐྱེ་སྲིད་ཀྱི་རོལ་གར་དངོས་སུ་ཕེབས་ནས་བསྟན་འགྲོའི་དོན་ཆེན་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་འདི་འདྲ་ནི་མཁས་པ་ལས་ཀྱང་མཁས་པ་དང་དམ་པ་ལས་ཀྱང་དམ་པ་རེད་ཅེས་སུ་ཞིག་སྨྲ་མི་སྤོབས་ཏེ་སྤོབས་སོ༎ སྤྱིར་དམ་པ་འདི་ཉིད་ཀྱིས་གང་གསུངས་འཁྲུལ་བ་མེད་པ་དང་། འབྱུང་འགྱུར་ཇི་བཞིན་གཟིགས་མཁན་ཞིག་ཡིན་པ་ནི་ད་ལྟ་གླེང་བཞིན་པའི་དོན་དག་འགའ་རེས་ཀྱང་མཚོན་ཐུབ་སྟེ། དཔེར་ན། སྔོན་དཔོན་སྤྲུལ་འདི་ཉིད་བཙོན་དུ་བཞུགས་པའི་ཚེ་ཉིན་ཞིག་ཁོང་གིས་སྡེ་ནང་གློ་སྤྲུལ་ཀ་དག་ཡེ་ཤེས་ལ་འདི་ལྟར་གསུངས། ད་ལོ་མི་འགྱངས་བར་ཁྱོད་རང་བཙོན་གྲོལ་ཐོབ་ངེས་རེད། ངའི་རྨི་ལམ་དུ་བཙོན་མ་མང་བོ་ཞིག་བསྒྲིགས་ཏེ་ཡོད་པའི་ཁྲོད་ཁྱོད་རང་གིས་ཉལ་ཐུལ་གྱི་སྣེ་མོ་ས་རུ་དྲུད་ནས་འཛིན་བཞིན་འདུག་པ་མཐོང་ཞེས་གསུངས། དེ་ནས་ཟླ་གསུམ་ཙམ་འགོར་ཡང་བཙོན་གྲོལ་མ་ཐོབ་པས་གློ་སྤྲུལ་ཁོང་གི་ཐུགས་ལ་ཨ་སྐྱོང་སྤྲུལ་སྐུ་འདི་བས་གསུངས་ཚད་ལ་ཐོགས་པ་མི་འདུག་ཀྱང་ད་ཐེངས་ཅི་ཞིག་ཡིན་སྙམ་བཞིན་པའི་སྐབས། གློ་བུར་དུ་བཙོན་མ་སྐོར་ཞིག་གློད་གྲོལ་བཏང་བའི་ནང་ཁོ་རང་ཡོད་པས་མལ་ཐུལ་ཁུར་ཏེ་ཕ་ཡུལ་ལ་འགྲོ་གྲབས་བྱེད་སྐབས། སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོས་ཁོ་ལ་ཕྱག་བརྡ་ཞིག་བྱས་པ་ན་ཁོས་རང་གི་རྒྱབ་ཏུ་ཁུར་བའི་མལ་ཐུལ་གྱི་སྣེ་མོ་ས་རུ་དྲུད་བཞིན་འདུག་པ་ཧ་གོ དེ་དུས་སྤྲུལ་སྐུས་སྔོན་གསུངས་བ་དྲན་ནས་ང་རང་ལ་མཚོན་ན་ཤི་གསོན་སྟོང་གིས་རེ་བ་བྱས་ཡོད་ཀྱང་འདི་འདྲ་ཧ་མ་གོ ད་ལྟ་ཕ་ཡུལ་དུ་འགྲོ་རན་ཀྱང་འདི་འདྲའི་འདི་ཕྱི་གསལ་སྒྲིབ་མེད་པའི་སྐྱེས་བུ་དམ་པ་རེ་ཤུལ་དུ་བཞག་ནས་ཁ་བྲལ་དགོས་ན་སྙིང་བོ་ཅི་ཞིག་ཡོད་སྙམ་སྟེ་སེམས་སྐྱོ་ཞིང་བཙོན་ཁང་ནས་འགྲོ་མི་འདོད་པ་ཞིག་བྱུང་སོང་ཞེས་མཆོག་སྤྲུལ་རིན་པོ་ཆེ་ཀ་དག་ཡེ་ཤེས་ཁོང་གིས་ད་ལྟ་ཡོད་པའི་མི་མང་བོར་ཁ་བརྡ་བྱས་པའི་རྒྱུ་མཚན་འཆད་རྒྱུ་འདུག ཡང་ལོ་རབས་ལྔ་བཅུ་བའི་སྨད་ཙམ་དུ་ཤར་འོད་བླ་མ་ཚུལ་རྣམ་རིན་པོ་ཆེའི་དགོན་དུ་སྨྱུང་གནས་འདུ་ཚོགས་ཆེ་བ་ཞིག་འཚོགས། དེ་སྐབས་ཁོང་གི་གསང་ཡུམ་ཆོས་བཟའ་ནས་ད་ལྟ་དཀར་བོ་དྲོས་སྒང་རེད། དེ་བས་མར་ཆུར་རེ་གསོག་རྒྱུར་ལྟ་གོན་བྱེད་དགོས། སྨྱུང་གནས་ལ་སོང་ན་ཉིན་མང་བོ་འགོར་འགྲོ། དེ་བས་ང་རང་མི་འགྲོ་རྒྱུ་བྱེད་ཅེས་བཤད་པ་ན། སྤྲུལ་སྐུས་ཁྱོད་རང་ད་ཐེངས་སོང་མ་གཏོགས་འདི་ནི་ལོང་བས་གླང་རྔ་དེ་ཟིན་ཡིན་རྒྱུ་རེད་གསུངས། སྐབས་དེར་ཁོང་གི་སྲས་མོ་གཡང་འཛོམས་ཀྱིས་དེས་ན་ངས་ཀྱང་ལོང་བས་གླང་རྔ་དེ་ཟིན་ཡིན་རྒྱུ་རེད། ཨ་མ་འགྲོ་ན་ང་ཡང་འགྲོ་དགོས་ཞེས་བཤད་པ་ན་ཁྱོད་རང་དྲག་རྒྱུ་རེད། ད་དུང་འདི་ འདྲའི་གོ་སྐབས་མང་བོ་ཡོད་གསུངས། རྗེས་སུ་དངོས་གནས་ཁོང་གིས་གསུངས་བ་ཇི་བཞིན་དུ་གྱུར་སོང་། (༡༣)རབ་རྒྱལ་ས་ཁྱི་ལོར་མི་རྗེ་འདི་ཉིད་བཙོན་ཁང་དུ་ཕེབས་དགོས་བྱུང་བ་དང་དེར་བཙོན་གྲོགས་དག་ལ་ཐུགས་ཁུར་དང་རོགས་རམ་ཇི་ལྟར་ཛད་ཚུལ། དེ་ཡང་གོང་དུ་གླེང་མ་ཐག་པ་ལྟར་རབ་རྒྱལ་ས་ཁྱི་ལོའི་ལས་འགུལ་དྲག་པོའི་ཁྲོད་གཡས་ལྷུང་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱ་ཆེར་སྤེལ་ཏེ། ཐམས་ཅད་ལ་དོགས་པ་ཟ་བ་དང་ཐམས་ཅད་འཛིན་པ། ཐམས་ཅད་ལ་འཐབ་པ་བཅས་བྱེད་པའི་བྱ་འགུལ་ཉིན་རེ་ལས་ཉིན་རེར་ཤུགས་ཇེ་ཆེར་སོང་བ་སོགས་རྒྱུ་རྐྱེན་དེ་ལྟ་བུའི་དབང་གིས་ཨ་དོན་འགྱུར་བ་མེད་པའི་བཀའ་ཡིས་ས་ཆེན་པོར་དབང་བསྒྱུར་བའི་མི་རྗེ་ཨ་སྐྱོང་འབུམ་གྱི་གདུང་རབས་བཅུ་གཅིག་པ་དཔོན་སྤྲུལ་བསྟན་འཛིན་རྒྱ་མཚོའང་ལོ་དེར་ཡུལ་ཕྱོགས་འདི་དང་ཁ་གྱེས་ཏེ། ཕ་མེས་ཀྱི་གསེར་ཕོར་དང་ཆོས་སྲིད་ཀྱི་ངོ་མཚར། འབངས་མངའ་རིས་ཀྱི་བདེ་སྡུག་སོགས་ཡོངས་སུ་བློས་བཏང་ནས་ཡུལ་གྱིས་བསྐལ་བའི་རྒྱང་རིང་གི་གནས་སུ་སྐྱེལ་མ་བྱས་སོང་། དེ་ནས་བཟུང་ལོ་ངོ༦༠༠ལྷག་གི་ལོ་རྒྱུས་ལྡན་པའི་མགོ་ལོག་འབུམ་པ་ཁག་གསུམ་གྱི་ཡ་གྱལ་ཨ་སྐྱོང་འབུམ་གྱི་ནང་ཚན་ཨ་སྐྱོང་གོང་མ་ཚང་གི་མི་དབང་རིམ་བྱོན་གྱིས་མི་ལོ༣༠༠ ཙམ་གྱི་རིང་ཡུལ་འདིའི་ཆོས་སྲིད་གཉིས་ཆར་གཅིག་ལས་གཅིག་ལྷག་གི་ཚུལ་དུ་དབང་བསྒྱུར་ཏེ་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་སུ་བཏང་ནའང་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་བ་སྟེ་རབ་རྒྱལ་ས་ཁྱི་ལོ་འདི་ནས་བཟུང་མགོ་ལོག་ཨ་སྐྱོང་གོང་མ་ཚང་གི་ཆོས་སྲིད་ཉི་ཟླའི་འོད་སྣང་དགོང་ཁའི་ཉི་འོད་ཇི་བཞིན་རེ་ཞིག་ནུབ་ཕྱོགས་ས་འཛིན་མཐོན་པོའི་རྒྱབ་ཕྱོགས་སུ་བཞུད། དེ་ནས་བཟུང་མི་རྗེ་ཁོང་གིས་རྩོད་པ་ཞི་འཇགས་དང་རྒྱལ་ཁབ་གཅིག་གྱུར་གྱི་ཆེད་དུ་དོན་དངོས་རང་བཞིན་གྱི་བྱས་རྗེས་ངོ་མཚར་བ་རེ་བསྐྲུན་སོང་བ་ལ་ངོ་སོ་ཅི་ཡང་མེད་པར་གློ་བུར་དུ་ཡ་ང་བའི་བཙོན་ཁང་གི་གནས་སུ་གདུག་ཅན་གཤེད་མའི་ ཚོགས་ཀྱི་ངར་སྐད་ལ་ཉན་ཏེ་ཟས་ངན་ངོན་དང་གོས་ཐབས་ཆག་རེས་འཚོ་ཐབས་བྱས་ཤིང་། བདག་བས་གཞན་གཅེས་ཀྱི་བྱ་སྤྱོད་ལྷུར་བཞེས་གནང་སྟེ་མི་ལོ་བཅུ་དྲུག་གི་འཚོ་བ་ཡུན་གྱིས་ཕར་བསྐྱལ། ཡིན་ནའང་ཁོང་ལ་མཚོན་ན་རྒྱལ་སྲས་ཞི་བ་ལྷས། མི་རྟག་སུ་ཞིག་མི་རྟག་ལ༎ ཡང་དག་ཆགས་པར་བྱེད་པ་ཡོད༎ ཅེས་གསུངས་བ་ནང་བཞིན་བཙོན་ཁང་དུ་བཞུགས་པའི་སྐབས་སུ་ཡང་ཀུན་ལ་ཆགས་ཞེན་གྱི་འཁྲི་བ་ཆོད་པའི་རྣམ་པ་ཆེས་ཆེར་ཐོན་ཐུབ་པར་མ་ཟད། འགའ་རེ་ལྟར་སེམས་ཁོང་དུ་ཆུད་ནས་སྐྱོ་གདུང་གིས་མནར་གཅོད་ཐེབས་པ་ཚོ་དང་ཡེ་ནས་མི་འདྲ་བར་རྣམ་པ་ཀུན་ཏུ་སྣང་བ་དགའ་ཡལ་ལེ་དང་རིག་པ་སྤྲོ་སངས་སེར་བཙོན་གྲོགས་དག་ལ་སེམས་གསོ་མཛད་པ་དང་། གཞན་གྱི་སྡུག་བསྔལ་ཁུར་དུ་ཁྱེར་ཏེ་རྐྱེན་ངན་གྲོགས་སུ་ཤར་བའི་ཚུལ་ལ་ཡིད་སྤྲོ་བ་འཕེལ་བཞིན་བཞུགས། དེ་ཡང་ཇི་སྐད་དུ། སྐྱེ་བོ་དམ་པ་རྒུད་གྱུར་ཀྱང་༎ སྤྱོད་པའི་ཁྱད་པར་ལྷག་པར་མཛེས༎ ཞེས་པ་ལྟར་མི་ལོ་དེ་དག་གི་རིང་ལ་ཁོང་གིས་ཟས་གོས་གཏམ་སྤྱོད་གང་ཐད་ནས་གཞན་ལ་རོགས་རམ་ཁོ་ན་བྱེད་པའི་གོམས་གཤིས་ལྷུར་བླངས་ཡོད་པ་སྟེ། དཔེར་ན། ཁོང་ཚོར་ཇ་ཐེང་གཅིག་ལ་ཞོག་ཁོག་གཉིས་རེ་ཡོད་པའི་ནངས་མོ་དང་ཉིན་གུང་གི་བཙོན་ཟས་དེ་ཁོང་རང་གིས་བཞེས་རྗེས་སྨྱུང་གནས་ལ་བཞུགས་ཏེ། ཉིན་གཉིས་པའི་ཁོང་གི་ཟས་སྐལ་དེ་བླངས་ནས་བཙོན་མ་ཉམ་ཐག་རྣམས་ལ་གནང་། དེ་ཡང་ཉིན་འགའ་ཙམ་མ་ཡིན་པར་རྒྱུན་དུ་དེ་ལྟར་གནང་ནས་གཞན་བཙོན་མ་ཉམ་ཐག་རྣམས་ལ་ཐུགས་ཁུར་ཁོ་ན་བྱེད། ༡༩༦༣ལོ་ཚུན་ནས་བཙོན་མ་རྣམས་ལ་སྐོར་རྒྱག་མཁན་ཇེ་མང་དུ་སོང་བས་དེའི་ཚེ་ཁོང་ལ་བསྐྱལ་འོང་བའི་ཟས་གོས་གང་ཡོད་ཡུལ་ཤུལ་སོགས་ཀྱི་བཙོན་མའི་གཙོས་གཞན་ཟས་གོས་ཀྱིས་གང་ཕུངས་ དང་གང་ཞན་རྣམས་ལ་གནང་བར་མཛད་དེ་ཁོང་ཉིད་རྒྱུན་དུ་སྨྱུང་གནས་ཁོ་ནར་བཞུགས། དཔེར་ན་སྐབས་ཤིག་ལ་མགོན་ཚང་འོད་ལྡན་ཟེར་བས་ཁོང་ལ་ཚ་རུ་ཞིག་ཁྱེར་འོང་བ་ཁོང་གིས་མ་མནབས་པར་ཚ་རུ་ལིང་མར་གསེས་ནས་ཡུལ་ཤུལ་ནང་ཆེན་གྱི་བཙོན་མ་རྣམས་ལ་སྐེད་ལྗིབས་སུ་བྱིན་ཏེ་ང་རང་ལས་ཀྱིས་དབང་གིས་གོན་པ་ཅི་ཞིག་ཡིན་ཀྱང་གོན་མྱོང་། ད་ནི་འདི་དག་གིས་གོན་ཐུབ་སོང་ན་གསུངས། རྗེས་སུ་བཙོན་མ་རྣམས་ལ་ཟླ་རེར་སྒོར་གཅིག་སྟེར་རྒྱུ་ཡོད་པ་དེས་ཀྱང་ཁོང་གིས་ཀ་ར་ཉོས་ནས་བཙོན་མ་གཞན་ལ་བྱིན། ངན་པ་དང་ཉམ་ཐག་གི་རིགས་ལ་ཁོང་བྱམས་སེམས་ལྷག་པར་ཆེ་བ་ཞིག་ཡིན་ཟེར། ཁོང་གིས་ནམ་རྒྱུན་སྨྱུང་གནས་ངག་བཅད་མིན་སྐབས་ཆོས་རྒྱལ་ནོར་བཟང་དང་དྲི་མེད་ཀུན་ལྡན་སོགས་ཀྱི་རྒྱལ་རབས་བཤད་དེ་བཙོན་གྲོགས་དག་གི་སེམས་ལ་སྤྲོ་བ་བསྐྱེད་ནས་ཁྱོད་ཚོས་ལས་ཀ་ཡག་པོ་ལས། རྣམ་འགྱུར་དྲང་མོ་བྱོས། གུང་ཁྲན་ཏང་གི་ཐོག་ལ་ཁོང་ཁྲོ་མི་རིགས། འུ་ཅག་ལ་རྒྱལ་བོའི་ཆད་པའི་ལས་ཀྱི་འཇིགས་པ་ཟེར་བ་ཐོག་ཏུ་འོང་ཡོད་པས་འདི་ནི་རང་བྱས་ཀྱི་འབྲས་བུ་ཡིན་པ་མ་གཏོགས་གཞན་ཅི་ཡང་མ་རེད། རང་བྱས་ནི་རང་གིས་མྱོང་ནས་ཟད་ན་ཡག་པོ་ཡིན་ནི་རེད། འདི་ནི་གནས་ལུགས་ཤིག་ཡིན་པ་རེད། ཁྱོད་ཚོ་ཕྱིར་ཕ་ཡུལ་ལ་ཐོན་པའི་གོ་སྐབས་ངེས་པར་དུ་ཡོད། དེའི་སྐབས་སུ་མི་ལ་ངན་མ་བཅའ། ལས་འབྲས་དཔང་བོར་ཞོག་ལ་རྟག་ཏུ་བྱ་བ་ཡག་པོ་བསྒྲུབ་དགོས་སོགས་རྒྱུན་དུ་གསུངས་སྲིད་ཅེས་དབང་ཆེན་སྟོད་པའི་ཆེ་བོའི་ཀླུ་རྒྱལ་སོགས་བཙོན་གྲོགས་མང་བོས་དེ་ལྟར་བཤད་པར་མ་ཟད། སྐབས་དེའི་བཙོན་པ་སྟོང་ཕྲག་མང་བོའི་ཁྲོད་ན་སྐྱེས་བུ་ཁོང་ལྟ་བུ་ཧ་ཅང་དཀོན་ཞེས་ཁོང་ཚོས་ཡང་ཡང་གླེང་། རེ་ཞིག་ན་མཆོག་སྤྲུལ་ཁོང་དང་འབོ་སྤ་ཡིད་བཞིན་དབང་རྒྱལ། ཧོར་ཐུབ་ཚེ་གསུམ་པོ་མཉམ་དུ་མུན་ནག་གི་དོང་དུ་བཅུག་ནས་དུས་ཡུན་རིང་བོར་བཞག་སྐབས། གཞན་རྣམས་ཀྱིས་ང་ཚོ་སྔོན་ནས་འཆི་མ་ཐུབ་པར་འདི་ཙམ་གྱི་སྡུག་བསྔལ་མྱོང་དགོས་པ་འདི་ཞེས་འགྱོད་སེམས་ཚད་མེད་བྱེད་སྐབས་མཆོག་སྤྲུལ་ཁོང་གིས་སྔོན་མགོ་ལོག་དར་ལག་རྫོང་ནས་འཐབ་རྩོད་བྱེད་སྐབས་ངས་ཁྱོད་ཚོ་ང་ལ་བལྟས་ན་བུ་རྒོད་རེད་སྙམ་མོད། དུས་ད་ལྟ་ནི་ང་རང་ཅུང་མི་དྲག་གམ་ཞེས་ཞལ་མཚར་གསུངས། ཁོང་ལ་མཚོན་ན་འཕྲལ་རྐྱེན་དེ་དག་གྲོགས་སུ་ཤར་ནས་རིག་པ་ཡེ་ཤེས་ཀྱི་རང་ངོ་ལྗེན་པར་འཆར་ཏེ་སྣང་སྲིད་དག་མཉམ་ཆེན་པོར་རྟོགས་པ་ལས་ཐ་མལ་བའི་ཁམས་དང་སྣང་བ་ལྟར་འཕྲལ་རྐྱེན་གྱིས་ཡིད་དབྱུང་བ་དང་བློ་ཕམ་པའི་སྣང་བ་ཡེ་ནས་མ་མཆིས་པས་མཐར་མུན་ཁང་ལས་ཕྱིར་ཕུད་པའི་ཚེ་ན་ཡང་ལུས་རིད་པ་དང་ཁམས་དུབ་པ་ལྟ་ཞོག ཞལ་ངོར་གཟི་མདངས་རྒྱས་ཤིང་སྐུ་ལུས་ཇེ་ཡངས་སུ་སོང་བའི་རྣམ་པ་མངོན་ནས་རྒྱ་བོད་གཉིས་ཀ་ངོ་མཚར་བར་གྱུར་ཞེས་ད་ལྟ་དངོས་སུ་ཞལ་བཞུགས་པའི་མཆོག་སྤྲུལ་བསྟན་པའི་ཉི་མས་ཀྱང་ཡང་ཡང་གསུངས། མདོར་ན་ཁོང་ཉིད་མི་ལོ་བཅུ་དྲུག་གི་རིང་ལ་ཁྲིམས་ཁང་དུ་བཞུགས་སྐབས་ཉིན་མཚན་དུས་དྲུག་ཏུ་ཉམས་ལེན་དང་ཚོགས་བསགས་ཁོ་ནར་བརྩོན་བཞིན་བཞུགས་པས་སྐབས་དེར་སྐུ་ཕྱོགས་ཆུ་བཟང་དང་ཨ་ཚོགས་ཆང་ཧུ་སོགས་སྟོད་སྨད་བར་གསུམ་གྱི་བླ་མ་དང་མི་དཔོན་མང་དུ་བཞུགས་ནའང་མཆོག་སྤྲུལ་འདི་ཉིད་ཀྱི་ཁྱད་ཆོས་དེ་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ཇི་བཞིན་གཞན་ཀུན་ལས་ལྷག་པ་ཞིག་ཡིན་པ་ནི་ཁོང་གི་བཙོན་གྲོགས་རྣམས་ཀྱི་ཁྲོད་ངོ་མཚར་དུ་མི་འཛིན་མཁན་གཅིག་ཀྱང་མེད། དེ་ལྟར་མི་ལོ་བཅུ་བཞིའི་རིང་ས་དེ་རུ་ལས་དབང་གིས་བཀོད་སྒྲིག་འོག་འདུས་པའི་འགྲོ་བ་མང་བོར་ཆོས་དང་ཟིང་ཟིང་གིས་ཕན་བདེ་གང་མང་བསྐྲུན་རྗེས་རབ་རྒྱལ་ལྕགས་ཕག་སྟེ་སྤྱི་ལོ༡༩༧༡ལོར་མི་ལོ་བཅུ་བཞིའི་རིང་དགའ་སྐྱོ་འདྲེས་མའི་འཚོ་བ་མཉམ་གཅིག་ཏུ་རོལ་བའི་བཙོན་གྲོགས་དག་ལ་ཚེ་རབས་ཀུན་ཏུ་རྗེས་འཛིན་དང་བྱམས་བརྩེས་བསྐྱང་བའི་སྨོན་འདུན་གྱིས་མཚམས་སྦྱར་ཏེ། ཡུལ་དེ་དང་ཁ་གྱེས་ནས་ཀ་མདོ་ཞེས་པའི་སའི་ཆར་བཞུགས་གནས་སྤར། ཡུལ་དེ་ནས་ལོ་ངོ་གསུམ་ཙམ་ལ་བཞུགས་རྗེས་ཀྱི་རབ་རྒྱལ་ཆུ་གླང་དེ་སྤྱི་ལོ༡༩༧༣ལོར་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་སྐུ་ཚེ་གཅིག་གི་མཛད་འཕྲིན་རྫོགས་པའི་ཚུལ་བསྟན་ཏོ༎ (༡༤)རབ་རྒྱལ་ལྕགས་བྱ་ལོར་དམ་པ་འདི་བས་མི་ཚེ་གང་བོར་རྒྱལ་ཁབ་དང་མི་རིགས་ལ་སྲི་ཞུ་བསྒྲུབས་ཡོད་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་པ། སླར་ཡང་རབ་རྒྱལ་ལྕགས་བྱ་སྤྱི་ལོ༡༩༨༡ལོའི་ཟླ༦པར་ཀྲུང་དབྱང་དང་ཞིང་ཆེན་གྱིས་རིམ་བཞིན་ཡིག་ཆ་སྤེལ་ཏེ༡༩༥༨ལོར་འཛིན་བཟུང་དང་བཙོན་བཅུག ས་ཆ་གཞན་པར་བཙན་ཁྲིད་བཅས་བྱས་ཏེ་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་བཅུག་པའི་གནད་དོན་ལ་ཡང་སྐྱར་རྟོག་དཔྱོད་བྱས་པས་བྱ་བ་དེ་ནི་མང་བོ་ཞིག་ལ་ཉེས་མེད་ཉེས་འགེལ་བྱས་པ་ཞིག་ཡིན་རྐྱེན་དཀར་འདོན་བྱེད་དགོས་པའི་གྲོས་གཞི་བཏོན་པ་བཞིན། ཨ་སྐྱོང་བསྟན་འཛིན་རྒྱ་མཚོ་ནི་རྒྱལ་ཁབ་དང་མི་རིགས། ས་གནས་བཅས་ལ་བློ་དཀར་ཞིང་བྱས་རྗེས་མངོན་གསལ་ཡོད་པའི་ལྷག་བསམ་ཕུལ་བྱུང་ཅན་ཞིག་ཡིན་པས་མི་ཚད། ཆབ་སྲིད་ཐད་དྲང་བདེན་སྐྱོང་མཁན་ཞིག་ཡིན་པའི་བདེན་དཔང་དང་ཁས་ལེན་གང་ལེགས་བྱས་ནས་དཀར་ཡིག་ཀྱང་བྱིན་ཡོད། དེའི་ཚེ་ན་ཡུལ་མགོ་ལོག་ཏུ་མི་ལོ་ལྔ་བཅུ་ལྷག་གི་རིང་བྱམས་བརྩེའི་འོད་སྣང་གིས་མི་སེར་བསྐྱངས་ཤིང་། ཆོས་སྲིད་ལུགས་གཉིས་ཀྱི་མཛད་རྗེས་ཆེ་བའི་དོན་གྱི་དཔའ་བོ་དེ་ཉིད་ཟླ་བ་སྒྲ་གཅན་ལས་གྲོལ་བ་ཇི་བཞིན་ཉེས་རྫུན་གྱི་སྤྲིན་ནག་དང་བྲལ་ཏེ་ལོ་ རྒྱུས་ཀྱི་མཁའ་དབྱིངས་སུ་ཕྱི་རབས་པའི་མཛེས་རྒྱན་དུ་འོད་ཆེམ་ཆེམ་ངང་འཕྲོ་ བཞིན་པ་འདིའོ༎