མཁས་པ་
མཁས་པ་ཞེས་པ་ནི་ཤེར་ཕྱིན་གྱི་གཞུང་རྣམས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཅིང་བསྒོམ་པའི་བྱང་ཆུབ་སེམས་དཔའ་ལ་སྦྱར་བའི་ཚིག་སྟེ། ཆོས་ཀྱི་རང་བཞིན་དང་སྣ་ཚོགས་ཀྱི་ཐབས་ལ་ཡང་དག་པར་མཁྱེན་པའི་ཤེས་རབ་དང་ལྡན་པ་ལ་གོ
སྒྲ་བཤད།
[རྩོམ་སྒྲིག]དོན་ཤེས་པ། ཡོན་ཏན་གྱི་ཆོས་དང་ལྡན་པ། ཤེས་རབ་ཀྱི་མཚན་ཉིད་ཀྱིས་བརྒྱན་པ་ལ་སོགས་པའི་དོན་དུ་འདོགས། གཞུང་ལས་མཁས་པ་ཞེས་པ་ནི་"མཁས་པ་བདེན་པ་གཉིས་རྟོགས་པས་ན་མཁས་པའོ། །"[༡]ཞེས་འཆད་ཅིང་། "མཁས་པ་གསལ་བ་སྟེ། ཕུལ་དུ་བྱུང་བའི་ཤེས་རབ་ཕུན་སུམ་ཚོགས་པས་མཁས་གསལ་"[༢]ཞེས་གསུངས་སོ། །
ངེས་ཚིག
[རྩོམ་སྒྲིག]བདེན་པ་གཉིས་རྟོགས་པ་དང་ལྡན་པ་ཆོས་རྣམས་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་དང་ལྡན་པ་ལ་གོ་སྟེ། "བྱང་ཆུབ་སེམས་དཔའ་གང་རྒྱལ་བའི་ཤེས་རབ་སྤྱོད་བར་བྱེད་ལ་གཟུགས་ལ་སོགས་པའི་ཕུང་པོ་འདི་དག་ནི་གདོད་མ་ནས་རང་བཞིན་གྱིས་སྟོང་ཞིང་སྐྱེ་བ་མེད་པར་ཤེས་ཏེ།"[༣] ཞེས་བཤད་དོ། །སེམས་ཅན་ལ་ཕན་པའི་ཐབས་ལ་མཁས་པ་"བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕར་ཕྱིན་འདི་ལ་སྤྱོད་མཁས་པ་དེ་དག་མ་འོངས་པའི་དུས་སུ་བླ་ན་མེད་པའི་བྱང་ཆུབ་མཆོག་ལ་རེག་སྟེ་འཚང་རྒྱ་བ་ཡིན་ནོ། །"[༤]ཞེས་འཆད་པ་ལྟར། སེམས་ཅན་གྱི་དོན་ལ་ཐབས་ལ་མཁས་པ་དང་ལྡན་པ་ལ་གོ །ཤེས་རབ་དང་ཐབས་ཟུང་དུ་འཇུག་པ་"དེའི་ཚེ་ཤེས་རབ་དང་ཐབས་ལ་མཁས་པ་དེ་ནི་ཤེས་རབ་བོ། །དོན་ཐམས་ཅད་ཀྱི་ཆེད་དུ་བྱ་བའི་ངེས་པར་འབྱུང་བའི་སྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པ་མཆོག་གོ །"[༥]ཞེས་གསུངས་པ་ལྟར། ཤེས་རབ་དང་ཐབས་གཉིས་སུ་མེད་པར་སྤྱོད་པ་ལ་འཇུག
དབྱེ་བ།
[རྩོམ་སྒྲིག]ཤེས་རབ་ཀྱི་མཁས་པ་ཆོས་རྣམས་ཀྱི་དོན་དམ་པའི་ངོ་བོ་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་དང་ལྡན་པ་སྟེ། "བྱང་ཆུབ་སེམས་དཔའ་གང་ཞིག་མི་དམིགས་པར་ཤེར་ཕྱིན་ལ་སློབ་པའི་ཚེ་དོན་དམ་པར་བསླབ་པ་གང་ཡང་ཁས་མི་ལེན་ཏེ། སློབ་པར་བྱེད་པ་པོ་དང་བསླབ་པར་བྱ་བའི་ཆོས་རྣམས་ནི་དོན་དམ་པར་མི་དམིགས་"[༦]ཞེས་བཤད་དོ། །ཐབས་ཀྱི་མཁས་པ་འགྲོ་བའི་དོན་ལ་བྱམས་སྙིང་རྗེ་ཆེན་པོ་དང་ལྡན་ཞིང་ཕན་པའི་ཐབས་ལ་མཁས་པ་སྟེ། "བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་བློ་གསལ་བ་ཅིག་ལ་སྦྱིན་པ་བྱིན་ཡང་བསམ་པས་སྲིད་གསུམ་གྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཀུན་ལ་ལོངས་སྤྱོད་སྦྱིན་པ་འདི་བྱིན་པའི་བསོད་ནམས་ཀྱིས་སེམས་ཅན་ཀུན་ལ་ཕན་པར་གྱུར་ཅིག་སྙམ་དུ་བསམ་ནས་སྦྱིན་པ་དེ་བྱིན་ན།"[༧] ཞེས་སྦྱིན་པ་ལ་སོགས་པའི་ཐབས་ལ་མཁས་པར་བཤད་དོ། །སྲིད་ཞི་མཉམ་ཉིད་ཀྱི་མཁས་པ་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་ལ་མི་གནས་པའི་ཐབས་ལ་མཁས་པ་སྟེ། "སྟོང་པ་མཚན་མེད་སྨོན་པ་མེད་པར་རྟོགས་པའི་ཆོས་ཤེར་ཕྱིན་ལ་སྤྱོད་ཅིང་། སྙིང་རྗེས་ཞི་བའི་མཐའ་མྱ་ངན་ལས་འདས་པ་ལ་མི་རེག་པ་སྟེ་མངོན་དུ་མི་བྱེད་ཅིང་། ཤེས་རབ་ཀྱིས་སྲིད་པའི་མཐའ་ལ་བདེན་འཛིན་གྱི་མཚན་མར་མི་སྤྱོད་པར་གནས་"[༨]ཞེས་འཆད་དོ། །
ཡོན་ཏན།
[རྩོམ་སྒྲིག]མཁས་པའི་གཙོ་བོའི་ཡོན་ཏན་དེ་ལྟར་བྱང་ཆུབ་སེམས་དཔའ་"བློ་རྣམ་པར་མི་རྟོག་བཞིན་དུ་ཡང་ཡེ་ཤེས་ཀྱི་བྱ་བ་ཐམས་ཅད་བྱེད་པ་ལྟར་སྣང་ངོ་། །"[༩]ཞེས་རྣམ་རྟོག་མེད་པའི་ངང་ནས་ཡེ་ཤེས་ཀྱི་བྱ་བ་སྒྲུབ་ནུས་པ་བཤད་དོ། །བདུད་ཀྱིས་མི་ཐུབ་པ་"རྒྱུ་རྣམ་པ་བཞི་ཡིས་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་ཤིང་ཆོས་ཉིད་རྟོགས་པའི་སྟོབས་དང་ལྡན་པ་དེ་ནི་ལྷའི་བུའི་བདུད་ལ་སོགས་པཔ་བདུ༷ད་བཞིས༷་ཐུབ༷་པར༷་དཀའ༷་ཞིང༷་ལམ་ལས་བསྐྱོད༷་པར༷་མི༷་ནུས༷་པ་སྟེ༷། རྒྱུ་བཞི་པོ་གང་ཞེ་ན། སྟོ༷ང་པ༷་ཉིད་ཀྱི་དོན་ལ་བློ་གན༷ས་པའི་ཤེས་རབ་དང༷་། སེམ༷ས་ཅ༷ན་ཡོངས༷་སུ༷་མི༷་གཏོང༷་བའི་སྙིང་རྗེ་དང༷་། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་ མེད་པའི་བྱང་ཆུབ་བསྒྲུབ་པར་བྱའོ་ཞེས་པ་ལྟ་བུ་སྔོན་རང་གིས་ཡི་དམ་དུ་བཅས་ནས་ཁས་བླངས་པའི་ཚིག་གྱི་སྐ༷ད་སྨྲས༷་པ་དེ་བཞིན༷་དུ་ཕྱིར་མི་ལྡོག་པར་སྒྲུབ་པར་བྱེ༷ད་པའི་དམ་བཅའ་བརྟན་པ་དང༷་། ཚོགས་གཉིས་ཡོངས་སུ་བསགས་པས་སངས་ རྒྱས་རྣམས་མཉེས་ཤིང་ཆོས་ཉིད་ཀྱིས་དེ་དག་གི་རྒྱུད་ལ་བདེ༷་བར་གཤེ༷གས་པ་རྣམས་ཀྱི་བྱི༷ན་གྱི་རླབས༷་ཞུགས་པ་ཅ༷ན་"[༡༠]ཞེས་རྒྱུ་བཞི་དང་ལྡན་པས་བདུད་ཀྱིས་མི་ཐུབ་པར་བཤད་དོ། །ལྷ་དང་སངས་རྒྱས་ཀྱིས་བསྔགས་པ་"དེ་ལྟར་སྤྱོད་མཁས་པའི་བྱང་སེམས་རྣམས་ལ་ལྷའི་ཚོགས་མང་པོ་དག་ཐལ་མོ་སྦྱར་བ་བཏུད་ནས་ཕྱག་ཀྱང་འཚལ་བར་བྱེད་དོ། །དེར་མ་ཟད། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཇི་སྙད་ཡོད་པ་ཀུན་གྱིས་ཀྱང་། བྱང་སེམས་དེའི་ཡོན་ཏན་བསྔགས་པའི་ཕྲེང་བ་ཡོངས་སུ་བརྗོད་པར་མཛད་དེ།"[༡༡] ཞེས་ལྷ་དང་སངས་རྒྱས་ཀྱིས་བསྔགས་པར་འཆད་དོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་གྲངས། 36
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་གྲངས། 42
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤོག་གྲངས། 36a
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ཤོག་གྲངས། 23b
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤོག་གྲངས། 36
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ཤོག་གྲངས། 44a
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤོག་གྲངས། 140
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤོག་གྲངས། 35a[རྒྱལ་བའི་ཡུམ་]
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ཤོག་གྲངས། 115
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ཤོག་གྲངས། 91a-91b
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ཤོག་གྲངས། 91a