མཁས་གྲུབ་དགེ་ལེགས་དཔལ་བཟང་

ཡོང་ཁུངས་Wikipedia
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „མཁས་གྲུབ་རྗེ།“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

ངོ་སྤྲོད་མདོར་བསྡུས།[རྩོམ་སྒྲིག]

མཁས་གྲུབ་རྗེ་དེ་ཉིད་པཎ་ཆེན་སྐུ་ཕྲེང་དང་པོ་ཡིན་པ་དང་། ཁོང་ནི་རབ་བྱུང་དྲུག་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ༡༣༨༥ལོར་གཙང་ལ་སྟོད་ཆུ་འོག་ཏུ་ལི་ཡུལ་ལྕང་ར་སྨུག་པོ་ནས་འོངས་པའི་སེའི་རིགས་ཀྱི་བརྒྱུད་པ་ཡབ་ཀུན་དགའ་བཀྲ་ཤིས་དཔལ་བཟང་དང་། ཡུམ་བུ་འདྲེན་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་༡༤༣༨ལོར་དགའ་ལྡན་ཁྲི་པ་ཐུགས་འགན་བཞེས་རིང་དུ་སྐུ་གཤེགས།

ལོ་རྒྱུས།[རྩོམ་སྒྲིག]

ཁོང་མཁན་ཆེན་སེང་གེ་རྒྱལ་མཚན་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་དགེ་ལེགས་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་བཅུ་དྲུག་པར་ངམ་རིང་ཆོས་སྡེ་རུ་བོ་དོང་པཎ་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དང་རིགས་ལམ་འགྲན་པས་རིགས་པའི་རྩལ་རྫོགས་པར་མཁྱེན་ནས། བོ་དོང་བ་ཁོང་གི་ཐུགས་ཡིད་འཕྲོགས་ཏེ་<<བུང་བ་རྣམ་པར་རྩེན་པའི་རྒྱུད་མངས>>ཞེས་བྱ་བས་བསྟོད་པ་ཕུན་སུམ་ཚོགས་པ་ཞིག་ཀྱང་མཛད། དགུང་ལོ་ཉེར་གཅིག་པར་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མཁན་པོ་དང་། ཆོས་རྗེ་དཔལ་འབྱོར་ཤེས་རབ་ཀྱིས་ལས་སློབ། གཉལ་བ་བློ་གྲོས་མཚུངས་མེད་ཀྱིས་གསང་སྟོན་མཛད་ནས་དགེ་སློང་གི་སྡོམ་པ་བཞེས་པར་མ་ཟད། རྗེ་བཙུན་རེད་མདའ་བ་ལས་ཚད་མ་སྡེ་བདུན་དང་། མངོན་པ་གོང་འོག བྱམས་ཆོས་སྡེ་ལྔ། དབུ་མ་རིགས་ཚོགས། འདུལ་བ་བཅས་ལ་སྦྱངས་ཏེ་རིང་པོར་མ་ཐོགས་པར་མཁས་པའི་ཕ་རོལ་ཏུ་ཕྱིན། དགུང་ལོ་ཉེར་གསུམ་པར་དབུས་སུ་ཕེབས་ཏེ་རྗེ་ཙོང་ཁ་པ་དང་མཇལ། མདོ་སྔགས་ཀྱི་མན་ངག་དང་གདམས་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མནོས་པས་ནང་གི་ཐུགས་སྲས་གཅིག་པུར་གྱུར། གཞན་ཡང་རྒྱལ་ཚབ་དར་མ་རིན་ཆེན་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན་སོགས་ལས་བཀའ་ཆོས་མང་དུ་གསན། དེ་རྗེས་གཙང་དུ་ཕེབས་ཏེ་ལྕང་ར་དགོན་གྱི་མཁན་པོ་གནང་ཐོག་རི་བོ་མདངས་ཆེན་དགོན་ཕྱག་འདེབས་པའི་གཙོ་སྐྱོང་གནང་། དགུང་ལོ་སོ་བཞི་བར་རྒྱལ་རྩེ་པའི་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་སྦྱིན་བདག་མཛད་ནས་དཔལ་འཁོར་ཆོས་སྡེ་གླིང་ཕྱག་བཏབ། དགུང་ལོ་ཞེ་བདུན་པར་དགའ་ལྡན་གསེར་ཁྲི་ཐོག་ཏུ་ཕེབས་ཏེ་འཆད་མཉན་བཤད་སྒྲུབ་ཀྱི་སྒོ་ཐམས་ཅད་ཡར་ཟླ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་མཁན་ཆེན་བསོད་ནམས་མཆོག་གྲུབ་དང་། ཀུན་མཁྱེན་འཕགས་པ་འོད། གསང་མདའ་བ་ཆོས་ལྡན་རབ་འབྱོར། སྤྱན་སྔ་བློ་གྲོས་རྒྱལ་མཚན་བཅས་ཡིན།

གསུང་རྩོམ།[རྩོམ་སྒྲིག]

ཁོང་གི་གསུང་རྩོམ་ལ་རྣམ་ཐར་དང་། ཕར་ཕྱིན་རྣམ་བཤད། རྣམ་འགྲེལ་ཊིཀ་ཆེན། སྒྲུབ་ཐབས། བསྟོད་ཚོགས་བཅས་པོ་ཏི་བཅུ་གཉིས་ཡོད། །