མཁན་པོ་ཨ་ཁྱིག་

ཡོང་ཁུངས་Wikipedia
File:མཁན་པོ་ཨ་ཁྱུག.jpg
མཁན་པོ་ཨ་ཁྱུག

མཛད་རྣམ།[རྩོམ་སྒྲིག]

མཁན་པོ་ཨ་ཁྱུག་གམ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་ནི་ཁམས་ཁྲོྂ་ཐལ་སྡེ་པར་ཡབ་ཁོ་ཀླུ་དང་ཡུམ་ཨ་ཁོ་ཞུ་བ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཐོག་མའི་མེ་ཡོས་ལ་འཁྲུངས། དགུང་ལོ་བརྒྱད་དགུ་ཙམ་ནས་ཡི་གེ་སློབ་པའི་དབུ་ཚུགས། དགུང་ལོ་བཅུ་གཅིག་སྟེང་ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་ཨ་རིག་རིན་པོ་ཆེས་མཚན་ཚུལ་ཁྲིམས་བསྟན་འཛིན་དུ་གནང་། ཡབ་དམ་པ་གཤེགས་རྗེས་མིང་སྲིང་བརྒྱད་ཀྱི་ཆེ་ཤོས་ཡིན་པས་ཁྱིམ་གྱི་མགོ་འདྲེན་དང་ཕྱོགས་ཀྱི་འཚོ་སྐྱོང་། བྱིས་པའི་གོས་ཚགས། བཟའ་བཏུང་གཡོས་སྦྱོར་སོགས་གནང་དགོས་བྱུང་། དགུང་ལོ་བཅོ་ལྔའི་ཐོག་ཁྲོྂ་རྡོ་ཁོ་དགོན་གྱི་མཁན་ཆེན་འཇམ་དབྱངས་ཀུན་དགའ་རྣམ་རྒྱལ་ལས་རབ་ཏུ་བྱུང་། མཚན་འཇམ་དབྱངས་ཀུན་དགའ་བསྟན་འཕེལ་དུ་གསོལ། མཁན་ཆེན་དེའི་མདུན་ས་ལམ་འབྲས་དང་ཀྱཻ་རྡོར་སོགས་ས་ལུགས་ཀྱི་སྨིན་གྲོལ་ཡོངས་རྫོགས་གསན། དགུང་ལོ་བཅོ་བརྒྱད་པར་བླ་མ་བཀྲ་ཚེ་ཞུ་བའི་མདུན་ས་ཀློང་གསལ་སྔོན་འགྲོ། བར་དོ་དྲུག་ཁྲིད། ཆོས་དབྱིངས་མཛོད། འཇུག་པ། སྤྱོད་འཇུག་སོགས་གསན། དགུང་ལོ་ཉེར་བཞི་པར་སྡེ་གཞུང་སྤྲུལ་སྐུའི་མདུན་ནས་ཀྱཻ་རྡོར་ལམ་དབང་སོགས་ཞུས། སྐབས་དེ་ཙམ་ན་རྒྱ་བོད་ཀྱི་ཁྲལ་དང་འུ་ལག་སོགས་ཡབ་གཞིས་ཀྱི་འཚོ་ཚིས་ཀྱི་གཉེར་ཁ་ཅི་རིགས་མཛད་དགོས་བྱུང་།དེ་རྗེས་ཚེ་རབས་ལས་ཀྱི་བླ་མ་ཁྲོྂ་དགེ་ཨ་རིག་རིན་པོ་ཆེ་རིག་འཛིན་དབང་ཕྱུག་དང་མཇལ། རིན་པོ་ཆེ་ནས་སྡོམ་རྒྱུན་སྨད་འདུལ་དུ་བརྗེ་དགོས་པའི་བཀའ་གནང་ལྟར་ཨ་རིག་སྤྲུལ་སྐུ་རྣམ་གཉིས་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་ནས་སྡོམ་རྒྱུན་བརྗེས་ཤིང་མཚན་འཇམ་དབྱངས་ལུང་རྟོགས་རྒྱལ་མཚན་དུ་གསོལ། དེ་ནས་བཟུང་ཨ་རིག་རྡོ་རྗེ་འཆང་དེ་ཉིད་ཀྱི་དྲུང་ནས་རྫོགས་ཆེན་སྙིང་ཐིག་གི་ཁྲིད་ཁ་སྤྱི་དང་སྙིང་ཐིག་ཕྱི་ནང་གསང་བའི་བླ་སྒྲུབ་པའི་རིམ་པ་ནས་བཟུང་ངག་ཆུང་སྙན་བརྒྱུད་ཀྱིས་མཚོན་པའི་སྙན་བརྒྱུད་ཀྱི་གདམས་ངག་ཡོངས་རྫོགས་ཀྱི་གཏད་རྒྱ་ཐོབ་ཅིང་གཞན་ལ་སྟོན་པའི་ལུང་གནང་།ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་ལས་གསང་འགྲེལ་ཕྱོགས་བཅུའི་མུན་སེལ་སོགས་དབང་ལུང་ཁྲིད་གསུམ་མང་པོ་ཞུས། དུས་ཕྱིས་ཀྱང་སེ་ར་ཡང་སྤྲུལ་རིན་པོ་ཆེ་དང་མཁན་ཆེན་འཇིགས་མེད་ཕུན་ཚོགས་སོགས་ལས་ཆོས་མང་པོ་གསན་ཞིང་། ཆོས་རྗེ་ཡིད་བཞིན་ནོར་བུའི་བཀའ་དྲིན་གྱིས་ད་ལྟ་བདག་གི་ཐེ་ཚོམ་གྱི་སྨག་ཐམས་ཅད་བྲལ་ཚར་ཞེས་ཞལ་བཞེས་མཛད།ཁོང་གི་རྣམ་ཐར་གྱི་སྙིང་པོ་ལྟ་བུ་ནི་མ་ཡུམ་གྱིས་བླ་མའི་ཞབས་ཞུར་མངགས་པ་ནས་བདག་ད་ནས་བླ་མ་དང་བྲལ་ན་དམ་ཅན་ཆོས་སྐྱོང་རྣམས་ཀྱིས་བདག་གི་ཚེ་སྲོག་ཆོད་ཅིག་ཅེས་པའི་ཕྲིན་བཅོལ་ཡང་ཡང་མཛད། བླ་མའི་ཞབས་ཏོག་ཆེ་ཕྲ་མཐའ་དག་སྒྲུབ་ཅིང་། ཁྱད་པར་དུས་འགྱུར་སྐབས་མ་ཡུམ་རྒྱ་དམག་གིས་བཀྲོངས་པ་ནས་སྐུ་སྲོག་དང་བསྡོས་ནས་བླ་མའི་སྐུའི་སྲུང་སྐྱོབ་དང་། ལུས་ལོངས་སྤྱོད་གང་ལ་ཡང་ལྟོས་པ་མེད་པའི་སྒོ་ནས་ཞབས་ཏོག་མཐའ་རུ་ཕྱིན་པ་བསྒྲུབས་ནས་མི་ལོ་བཞི་བཅུ་ཙམ་ལ་ཞབས་ཞུ་ཞུས་ཏེ། དེའི་སྐབས་ཀྱི་མྱོང་སྣང་སྐོར་རང་རྣམ་ལས། ཟས་མེད་པའི་སྡུག་བསྔལ་དང་གཅིག ཞིང་ལས་བྱེད་དགོས་པའི་སྡུག་བསྔལ་དང་གཉིས། རྒྱ་མིས་མནར་བསྡིགས་ཀྱི་སྡུག་བསྔལ་དང་གསུམ་གྱིས་ངན་སོང་གསུམ་གྱི་གོང་ཙམ་གྱི་སྡུག་བསྔལ་མྱང་། ཞེས་དང་། ང་གཉིས་ཁ་གཞོས་མེད་པའི་འབྲོག་པ་ཡིན་པ་དང་། སྤྲུལ་སྐུ་དགུང་ལོ་མཐོ་བས་བྱ་ཐབས་གང་ཡང་མི་འདུག་པས་རང་གི་སེམས་བརྒྱལ་འགྲོ་བ་ལྟ་བུའི་སྡུག་བསྔལ་དཔག་མེད་མྱང་། ཞེས་དང་། སྐབས་ཤིག་ན་རྒྱ་མི་དག་གིས་བླ་མ་དང་ང་གཉིས་སོ་སོར་ཕྱེས་ནས་བཞུགས་དགོས་པའི་འཆར་འགོད་བྱུང་བས་སྙིང་ཕྱི་རོལ་ཏུ་བཏོན་པ་ལྟ་བུའི་སྡུག་བསྔལ་མྱོང་། ཞེས་གསུངས་པ་ལྟ་བུ་སྟེ། ལོ་སུམ་བཅུ་ཙམ་ལ་སྟོད་ཐུང་རེ་ཙམ་ལས་གོས་གསར་པ་ཡེ་མནབ་མ་མྱོང་བ་སོགས་དཀའ་བ་ཧ་ཅང་མང་པོ་ཁྱད་དུ་བསད་ནས་བླ་མའི་ཞབས་ཏོག་སྒྲུབ་པ་ལས་མོས་གུས་ཀྱི་རྟེན་འབྲེལ་ལས་དགོངས་པའི་ཡེ་ཤེས་བཙན་ཐབས་སུ་འཕོས་ཏེ་རྗེ་བཙུན་ན་རོ་པ་ལྟར་བླ་མ་དང་སྐལ་བ་མཉམ་པ་བྱུང་ཞིང་མངོན་ཤེས་སོགས་ཐུན་མོང་གི་ཡོན་ཏན་རྒྱ་ཆེན་པོ་འཁྲུངས། གནས་སྒོ་ཕྱེ་བ་དང་གཏེར་རྫས་བཞེས་པ་སོགས་དུས་བབ་ཀྱི་འགྲོ་དོན་བསམ་གྱིས་མི་ཁྱབ་པ་བསྐྱངས། ཆེ་རྒུ་ཀུན་ལ་ཐབས་མཁས་ཀྱིས་འགྲོགས་ཤིང་འཁོར་དང་སློབ་འབངས་བྱམས་བརྩེས་སྐྱོང་། འགྲོ་དོན་གྱི་ཀློང་བརྡོལ་ཞིང་འཁོར་སློབ་ཕྱོགས་མེད་དུ་འདུས་ཏེ། རྫོགས་པ་ཆེན་པོའི་སྒྲུབ་བརྒྱུད་ཀྱི་བསྟན་པ་སྐྱོང་བའི་གདན་ས་ཆེན་པོ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ཞེས་པ་སྔོན་གྱི་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་གདན་ས་ལྟ་བུ་འདི་བསྐྱངས་པ་ཡིན་ཏེ། ལར་ཆོས་དད་རང་མོས་ཀྱི་མགོ་ཚུགས་ཙམ་ན་རྒྱལ་རོང་པདྨ་བཟང་པོ་སོགས་ལ་བླ་མའི་བཀའ་བཞིན་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་ཁྲིད་གནང་བ་ནི་འདུས་པའི་ཐོག་མ་ཡིན་པར་གསུངས་ཤིང་། རབ་བྱུང་བཅུ་བདུན་པའི་ལྕག་སྤྲེལ་ཟླ་བ་བཅུ་གཅིག་པ་ནས་སློབ་མ་ལྔ་བཅུ་དྲུག་ཅུ་ཙམ་ལ་སྔོན་འགྲོ་ནས་བཟུང་ཁྲེགས་ཐོད་ཀྱི་བར་ཡོངས་རྫོགས་གསུངས་ཤིང་ཨ་རིག་རིན་པོ་ཆེར་རྟོགས་འབུལ་ཞུས་པས་རིག་ངོ་མ་འཕྲོད་པ་གཅིག་ཀྱང་མི་འདུག་གསུང་།དེ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ལུང་བསྟན་ལྟར་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གསར་དུ་བཏབ། དེ་རྗེས་སློབ་མ་ཤིན་ཏུ་མང་ཆེ་བའི་སྟབས་ཀྱིས་ཆོས་སྒར་གླིང་བརྒྱད་དུ་ཕྱེས། གླིང་རེ་ལ་བསྟན་བདག་གཉིས་རེ། གླིང་དང་པོ་རིག་པ་རང་གྲོལ་གླིང་། གླིང་རྟགས་འཁོར་ལོ། གཉིས་པ་ཆོས་ཉིད་འོད་གསལ་གླིང་། གླིང་རྟགས་རྡོ་རྗེ། གསུམ་པ་འཁོར་འདས་ཆོས་ཉིད་གླིང་། གླིང་རྟགས་ནོར་བུ། བཞི་པ་ཀུན་བཟང་བསམ་གཏན་གླིང་། གླིང་རྟགས་པདྨ། ལྔ་པ་བདེ་ཆེན་ཐར་ལམ་གླིང་། གླིང་རྟགས་རལ་གྲི་སྟེ། དཔའ་བོའི་གླིང་ལྔ། ཡང་། ཀུན་བཟང་བདེ་ཆེན་གླིང་། གླིང་རྟགས་པདྨ། བདེ་སྟོང་ཟུང་འཇུག་གླིང་། གླིང་རྟགས་རྡོ་རྗེ། བདེན་གཉིས་ཟུང་འཇུག་གླིང་། གླིང་རྟགས་འཁོར་ལོ། པདྨ་མཁ་འགྲོའི་གླིང་། གླིང་རྟགས་ཆོས་འབྱུང་སྣོལ་མ་སྟེ། དཔའ་མོའི་གླིང་བཞི། དེའི་ཁར་དགེ་བསྙེན་གྱི་གླིང་གཅིག་སྟེ། གླིང་ཆེན་པོ་བཅུར་ཕྱེས། ད་ལྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་འཕྲོས་ན་བོད་གངས་ཅན་གྱི་ཆེས་ཆེ་བའི་ཆོས་སྒར་དུ་གྱུར། རྒྱུན་དུ་བཞུགས་པའི་འཁོར་རྣམ་པ་བཞིའི་ཚོགས་གཅིག་ཁྲི་ཉིས་སྟོང་བརྒལ། ལུགས་གཉིས་ཀྱི་འཛིན་སྐྱོང་ཐབས་ལ་མཁས་པས་རྨད་དུ་བྱུང་བའི་འགྲོ་དོན་དང་འཕྲིན་ལས་མཐར་ཕྱིན། རྫོགས་པ་ཆེན་པོའི་བསྟན་པའི་ཆོས་ཀྱི་འཁོར་ལོ་ཆུ་བོའི་བརྒྱུན་བཞིན་བསྐོར་གནང་མཛད། དག་པའི་གདུལ་བྱ་རྣམས་ལུང་བསྟན་དང་སྐུ་ཡི་བཀོད་པ་སོགས་སྣང་བ་ལ་དབང་འབྱོར་བའི་མཛད་པ་མཐའ་ཡས་པ་བསྟན། ལུས་དཀྱིལ་གྱི་ལྷ་སྐུ་དངོས་སུ་མཇལ་བའི་མཁན་སྤྲུལ་རྒྱ་ཕྲག་མང་པོ་བྱུང་། སྤྲུལ་བའི་སྐུ་ཨ་གསང་རིན་པོ་ཆེའམ་ཐུབ་བསྟན་བསམ་གཏན་བཟང་པོ་ཉིད་སློབ་མའི་མཆོག་ཏུ་མཛད་ཅིང་། དོན་གྱི་རྒྱལ་ཚབ་དུ་མཛད། དངོས་དང་བརྒྱུད་པའི་སྒོ་ནས་སེམས་ཅན་གྲངས་མེད་པ་སྨིན་གྲོལ་ལ་བཀོད་མཐར། ལོ་འདིའི་བོད་ཟླ་དྲུག་པའི་ཚེས་ཉིར་གཉིས་ཀྱི་དགུང་མོ་སྟེ། དགུང་ལོ་བརྒྱད་ཅུ་གྱ་ལྔའི་ཐོག་འདས་རྗེས་ཀྱི་ཞལ་བཀོད་དང་བླང་དོར་གྱི་ཞལ་ཆེམས་ཞིབ་ཏུ་བསྩལ་ནས་ཞི་བར་གཤེགས་སོ། །ཁོང་གི་རྣམ་ཐར་གྱི་སྡོམ་ནི་རྗེ་ཉིད་ཀྱི་ཞལ་ནས། བདག་ནི་དལ་འབྱོར་མི་ལུས་རྟེན་བཟང་ཐོབ། །དང་པོ་དམ་པའི་སྐྱེས་བུ་མང་ཙམ་བསྟེན། །ཟབ་མོའི་གདམས་ངག་རྒྱ་ཆེར་བདག་ལ་གནང་། །དལ་འབྱོར་རིན་ཆེན་རྙེད་པ་དོན་བཅས་ཡིན། བར་དུ་ཐོས་དང་བསམ་པས་སྒྲོ་འདོགས་བཅད། །སྒོམ་སྒྲུབ་ཟབ་མོས་སྒྲུབ་ལ་བརྩོན་པ་དང་། །རིན་ཆེན་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་ནས། །སྔོན་བྱོན་རྒྱལ་བ་རྣམས་ཀྱིས་བརྩེ་བས་བསྐྱངས། །ཚེ་སྔོན་བསོད་ནམས་བསགས་པའི་རྒྱུ་འབྲས་ཀྱིས། །ཚེ་རབས་ལས་ཀྱི་བླ་མ་མཆོག་ཏུ་རྙེད། །ཟབ་དགུའི་གདམས་ངག་བརྩེ་བས་བདག་ལ་བསྩལ། །སྒོ་གསུམ་ལྟོས་མེད་བླ་མ་མཆོག་ལ་ཕུལ། །ཁྱད་པར་ཐེག་རྩེ་ཨ་ཏི་ཡོ་ག་ཡི། ཟབ་དོན་མན་ངག་སྙན་བརྒྱུད་རྒྱ་མཚོ་ཀུན། སྦ་གསང་མེད་པར་བདག་ལ་བཀའ་དྲིན་མཛད། །སྙིགས་དུས་སེམས་ཅན་ལས་དང་འབྲས་བུ་ཡིས། །སྡུག་བསྔལ་བཟོད་དཀའ་ངན་སོང་སེམས་ཅན་ལྟར། །དམ་པ་རྣམས་ལ་ཤིན་ཏུ་སྡང་ན་ཡང་། །ལུས་དང་སྲོག་ལ་མ་ལྟོས་བྱ་བ་བསྒྲུབས། །རྡོ་རྗེ་འཆང་ཆེན་བཀའ་དྲིན་ཅན་དེ་ཡིས། །སྒྲུབ་བརྒྱུད་གོང་མའི་མན་ངག་འདི་དག་ཀྱང་། །སྐལ་ལྡན་སློབ་བུས་ཉིན་མཚན་དུས་འདའ་བར། རྟག་ཏུ་དེ་ཡི་ཆོས་ཀྱིས་ཚིམ་པར་བྱས། །ཞེས་གསུངས་པ་ལྟར་རོ། །ངོ་སྤྲོད་འདི་ནི་ཕྱི་ཕྱོགས་ཀྱི་རྒྱུད་ལམ་ཁག་ལ་ཁུངས་ལྡན་གྱི་གནས་ཚུལ་འཁོ་སྤྲོད་ཀྱི་བསམ་པས་ཕྲན་དང་མཁན་པོ་ཡེ་ཤེས་དོན་རྟོགས་ཟུང་གིས་ཕྱི་ནང་གསང་བའི་རང་རྣམ་ལ་བརྟེན་ནས་མཉམ་དུ་བྲིས་པའི་རྗེ་ཉིད་ཀྱི་རྣམ་ཐར་ཐེག་པ་མཆོག་གི་རྒྱན་ལས་ཆེ་ལོང་དུ་བཏུས་ཤིང་། ཉེ་དུས་ཀྱི་གནས་ཚུལ་ཁག་མཁན་པོ་ཡེ་ཤེས་དོན་རྟོགས་ལ་ཆེད་དུ་བཀའ་འདྲི་ཞུས་ཏེ་དག་པར་བྲིས་པ་ཡིན་ནོ།།

དགོངས་པ་གཤེགས་དུས་ཀྱི་གནས་ཚུལ།[རྩོམ་སྒྲིག]

མཁན་པོ་ཨ་ཁྱུག་གམ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་ཞེས་དེང་གི་དུས་འདིར་རྫོགས་པ་ཆེན་པོའི་སྒྲུབ་པའི་བསྟན་པ་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཁོང་། འདི་ལོ་བོད་ཟླ་གསུམ་པའི་ཚེས་༡༧ནས་སྙུང་ཚུལ་བསྟན། འཛམ་གླིང་སྤྱི་དང་ཁྱད་པར་རྒྱ་བོད་ཀྱི་སློབ་མ་རྣམས་ཀྱིས་ཞབས་བརྟན་མཐའ་ཡས་པ་སྒྲུབ། ཟླ་ བ་བཞི་པའི་ནང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་ཕྱོགས་ཀྱི་སྐྱེས་ཆེན་མང་པོ་ ཆེད་ཕེབས་ཀྱིས་བཞུགས་ཞུས་མཛད་པར་རེ་ཞིག་བཞུགས་རྒྱུའི་ཞལ་བཞེས་ཙམ་མཛད་དེ་ གནས་སྐབས་སྐུ་ཁམས་ཡར་དྭངས་ཀྱི་རྣམ་པ་ཙམ་མངོན་མོད། མཐར་བོད་ཟླ༥པའི་ཚེས་༢༢དགུང་མོ་ཆུ་ཚོད་༢་དང་སྐར་མ་༤༠སྟེང་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་འདའ་ཁར་སྤྲུལ་སྐུ་ཨ་གསང་སོགས་ཐུགས་སྲས་རྣམས་ལ། དང་པོ་བུ་ཆེན་རྣམས་ཐུགས་མཐུན་པོ་གནང་རྒྱུ། གཉིས་པ་བུ་སློབ་ཡོངས་ནས་ཚེ་འདི་ལས་ཕྱི་མ་གལ་ཆེན་དུ་འཛིན་རྒྱུ་བཅས་ཀྱི་ཞལ་ཆེམས་གཙོ་བོ་གཉིས་བཞག སྤྲུལ་ པ་བྱེ་བ་ཕྲག་བརྒྱས་སེམས་ཅན་གྱི་དོན་མཛད་པ་རྒྱལ་སྲས་སྤྱིའི་ངང་ཚུལ་ཡིན་པ་ལས་ དམིགས་སུ་ཡང་སྲིད་མེད་ཅེས་གསུངས་པར་ཐུགས་སྲས་སྤྲུལ་སྐུ་ཨ་གསང་མཆོག་ནས་ནན་ ཞུས་གནང་བར་ཕར་ཆེད་དུ་འཚོལ་མི་དགོས་ཚུལ་འཚོལ་མཁན་ཞིག་ཡོང་གི་རེད་ཅེས་ཕེབས། འདས་རྗེས་ཀྱི་སྐོར་ལ་སྐུ་གདུང་ཞུགས་འབུལ་གྱིས་སྐུ་རུས་ཆུ་བོ་ཆེན་པོ་བཞིའི་ནང་དུ་གཤེགས་གསོལ་ཞུ་དགོས་པའི་བཀའ་གནང་། སྐུ་གདུང་གནས་སྐབས་རིང་རྒྱུན་རིང་ཙམ་བཞག་ནའང་ཆོག་པ་དང་། གདུང་འཆོས་ཞབས་ཏོག་མཁན་པོ་ཡེ་ཤེས་དོན་རྟོགས་ནས་གནང་དགོས་པའི་ཞལ་བཀོད་མཛད། ཕྱི་ནང་གི་དགོས་པ་དུ་མའི་དབང་གིས་བུ་ཆེན་རྣམས་ཐུགས་གྲོས་ཀྱིས་ཉིན་བདུན་རིང་གསང་རྒྱ་གནང་། གནམ་གང་གི་ཉིན་གསང་རྒྱ་བཀྲོལ་ཏེ། མཁན་པོ་ཡེ་ཤེས་དོན་རྟོགས་དང་སྤྲུལ་སྐུ་ཨ་གསང་། སྐུ་ཚ་ཆོས་གྲགས་བཅས་ནས་སྐུ་གདུང་ལོངས་སྐུར་ཞལ་བསྒྱུར། བོད་ཟླ་༦་པའི་ཚེས་གཅིག་ཉིན་བླ་རུང་ནས་མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་མཁན་སྤྲུལ་རླངས་འཁོར་གསུམ་ཆེད་ཕེབས་ཐོག་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ནས་བླ་རུང་ནང་བསྟན་སློབ་གླིང་དང་སྒར་འདི་ཕན་ཚུན་ཁྱད་མེད་དུ་གཟིགས་པའི་ཞལ་བཞེས་དང་། ཤུལ་ལུས་བུ་སློབ་རྣམས་ཀྱིས་ཀྱང་བླ་མ་བཞུགས་དུས་ལས་མི་དམན་པའི་ཕྱི་ནང་གི་འཛིན་སྐྱོང་ཚགས་ཚུད་དགོས་པ་སོགས་ཀྱི་ལམ་སྟོན་དང་ཐུགས་གསོའི་བཀའ་སློབ་གནང་། ཚེས་༢ཉིན་བྲག་མགོ་དགོན་གྱི་ཁྲི་པ་ཨོ་རྒྱན་སྐྱབས་ཀྱིས་དབུས་པའི་བྲག་མགོའི་དགོན་པ་ཉེར་བཞིའི་རིས་མེད་དགེ་འདུན་མཐུན་ཚོགས་ཀྱི་སྐུ་ཚབ། ཉག་རོང་མཁན་པོ་ཚུལ་ཁྲིམས་ཀྱིས་དབུས་པའི་ཉག་རོང་གི་དགེ་འདུན་མཐུན་ཚོགས་ཀྱི་སྐུ་ཚབ། དཀར་མཛེས་རང་སྐྱོང་ཁུལ་ཆོས་དོན་ལས་ཁུངས་དང་། དཔལ་ཡུལ་རྫོང་གི་རྫོང་དཔོན་སོགས་ཀྱང་སྔ་ཕྱིར་མྱ་ངན་གྱི་འཚམ་ཞུར་བཅར། གདུང་མཇལ་དབུ་ཚུགས་པའི་ཉིན་ནས་ཚེས་གསུམ་གྱི་བར་ཉིན་གསུམ་གྱི་རིང་གདུང་མཇལ་བ་ཁྲི་ལྔ་ལས་བརྒལ། དེ་རིང་ཡང་ཉེ་འཁོར་གྱི་ཉེན་རྟོག་ལས་ཁུངས་ཀྱིས་ཐོབ་དཔང་ཞིབ་གཤེར་སོགས་ནན་ཙམ་བྱེད་བཞིན་ཡོད་མེད་ལ་མ་ལྟོས་པར་གདུང་མཇལ་བ་ཟམ་མི་ཆད་དུ་འབྱོར་མུས་དང་། ཁྱད་པར་རྒྱ་རིགས་དག་གདུང་མཇལ་དུ་ཡོང་རྒྱུར་གཞུང་ཕྱོགས་ནས་བཀག་རྒྱ་ཆེ་ཙམ་ཡོད་འདུག་ཀྱང་ཐབས་སྣ་ཚོགས་ཀྱིས་མཚན་མོ་ཚུན་ཆད་ལ་ཡོང་མཁན་ཤིན་ཏུ་མང་། ཚེས་༣ཉིན་འདིར་སྒར་གྱི་ཉེ་འཁོར་དུ་ཕྱོགས་ཀྱི་མཇལ་བའི་རླངས་འཁོར་ཤིན་ཏུ་མང་ཞིང་དཀར་མཛེས་དང་གསེར་རྟ་སོགས་ཀྱི་འཁོར་རིགས་ཀྱི་ལམ་གླ་ཡང་འཕར། བོད་ཚེས་གསུམ་གྱི་ཉིན་འདི་ཁོ་ནར་ཡང་མཇལ་བ་ཁྲི་ཚོ་བརྒལ། འོན་ཀྱང་སྒར་རང་གི་གླིང་སོ་སོའི་བསྟན་བདག་དང་སྒྲིག་ཁྲིམས་མི་སྣའི་རྩ་འཛུགས་ཀྱི་སྒྲིག་གཞི་ཧ་ཅང་མཐུས་ཚང་གིས་ལྟ་རྟོག་གནང་གིན་ཡོད་འདུག དཔེར་ན་བླ་མའི་གཟིམ་ཁང་གི་ཕྱིའི་ར་བའི་ནང་དུ་མི་སྟོང་གཅིག་ཙམ་ཤོང་བ་དེར་མིག་སྔར་ཇོ་མོ་བང་བསྒྲིགས་ནས་གདུང་མཇལ་ལ་གཏོང་གིན་ཡོད་ཅིང་། ཇོ་མོ་རྣམ་པས་བླ་མའི་རྣལ་འབྱོར་དང་བཟང་སྤྱོད་ཚར་ལྔ་ཡར་མར་འདོན་གྱིན་ར་བའི་ནང་དུ་འཚོགས་པའི་རིང་ལ། མི་སྐྱ་ཕོ་མོ་སྟོང་རེ་ཙམ་མཇལ་ཁ་གཏོང་ཞིང་། མི་སྐྱ་སྟོང་རེ་ཙམ་ལོངས་པ་དང་། ཡང་བསྐྱར་ཁོང་ཚོས་སྔར་གྱི་གནས་དེ་ནས་སྨོན་ལམ་འདེབས་སུ་འཇུག་ཅིང་ཇོ་མོའི་གླིང་ཚོམ་གཞན་གྱི་བཙུན་མ་སྟོང་རེ་ཙམ་གཏོང་བ་སོགས་ཚགས་ཚུད་གནང་གིན་ཡོད་པས་ད་ལྟའི་ཆར་གདུང་མཇལ་སོགས་ལ་བར་ཆད་དང་འགྲིམ་འགྲུལ་སོགས་ལ་གནས་ཚུལ་མི་ལེགས་པ་ཁབ་རྩེ་ཙམ་ཡང་བྱུང་མེད།