མཁན་ཆེན་ཡོན་ཏན་རྒྱ་མཚོ་

ཡོང་ཁུངས་Wikipedia

༄༅། །སྡོམ་གསུམ་མཆན་འགྲེལ་གྱི་མཛད་པ་པོ་མཁན་ཆེན་༧ཡོན་ཏན་རྒྱ་མཚོ་ནི། རྒྱལ་སྲས་གཞན་ཕན་པའི་འཁྲུངས་ཡུལ་དང་གཅིག་པ་བྱང་རྒྱུད་དགེ་མང་དུ་འཁྲུངས། ཆུང་དུས་ནས་བསྟན་པའི་སྒོར་ཞུགས། ཞེ་རྫོགས་རྫ་རྒྱུད་སོགས་ཀྱི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ཏེ། འདུལ་མངོན་དབུ་ཚད་ཕར་ཕྱིན་སོགས་མདོ་སྡགས་ཀྱི་གཞུང་ལུགས་རབ་འབྱམས་ལ་མཁས་པའི་རྩེ་མོར་སོན། སྐུ་རབ་ཏུ་བྱུང་ཞིང་འདུལ་བ་ལ་རབ་ཏུ་བཙུན་པས་སྡོམ་པ་གསུམ་གྱི་གནང་བཀག་གི་གནས་ཕྲ་མོ་ཙམ་ལས་ཀྱང་མི་འདའ་བ་འཕགས་པའི་གནས་བརྟན་གྱི་རྣམ་ཐར་བདག་གིར་མཛད། ཁྱད་པར་རིགས་བདག་ཨ་བུ་དཔལ་སྤྲུལ་རིན་པོ་ཆེ་དང་ཨོ་རྒྱན་བསྟན་ནོར་གཉིས་ཀྱི་ཞབས་པད་མཉེས་པ་གསུམ་གྱིས་ཡུན་རིང་བསྟེན་ཏེ། རྒྱུད་ལུང་མན་ངག་གི་གདམས་པའི་གནད་རྣམས་བུམ་པ་གང་བྱོས་སུ་རྫོགས་པར་མཛད་པས། མདོ་སྡགས་སྤྱི་དང་ལྷག་པར་འོད་གསལ་གསང་བ་སྙིང་ཐིག་གི་རྒྱུད་དོན་ལ་མཁས་ཤིང་མཁྱེན་རབ་ཀྱི་ཀློང་བརྡོལ། ཨ་བུའི་གསུང་རྒྱུན་ཅན་ཡོན་ཏན་མཛོད་ཀྱི་འགྲེལ་པ་ཉི་ཟླ་རྣམ་གཉིས་དང་སྡོམ་གསུམ་འགྲེལ་བ་སོགས་མཛད་པས་ཕྱི་རབས་རྣམས་ལ་ཕན་པའི་མིག་གཅིག་པུར་གྱུར། གདན་སའི་གཙོ་བོ་དགེ་མང་དགོན་དུ་མཛད་ནས། དགེ་འདུན་བརྒྱ་ཕྲག་མང་པོར་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས། གཞུང་ལུགས་སྤྱི་དང་ཡོན་ཏན་མཛོད་སོགས་མདོ་རྒྱུད་ཟབ་མོ་བསྟར་ཆགས་སུ་བསྩལ་བས་བསྟན་པའི་གསལ་བྱེད་ཆེན་པོར་གྱུར། དཔལ་སྤྲུལ་གསུང་རྒྱུན་ཅན་གསང་སྙིང་གི་རྒྱུད་བཤད་དང་། ཕྱོགས་བཅུའི་མུན་སེལ་བློ་རྒྱུགས་ཀྱི་སྲོལ་བཙུགས་པས་བར་ཆད་མང་དུ་བྱུང་བར། མི་ཕམ་རིན་པོ་ཆེས། དང་པོ་ཞག་བཅུའི་ནང་བཤད་ཁྲིད་ཆ་ཚང་ཞིག་གྲུབ་པར་མཛོད། དེ་རྗེས་སྐྱོར་སྦྱངས་ཀྱི་ཚུལ་དུ་ཞིབ་རྒྱས་ཀྱིས་གསུངས་པ་བཞིན་མཛད་པས་གེགས་བར་ལས་གྲོལ། གསང་ཆེན་སྙིང་པོའི་རྒྱུད་བཤད་ཉི་འོད་འབུམ་དུ་བརྡལ་བ་དུས་ཀྱི་མཐར་ཡང་ཆེ་ཆེར་གསལ་བར་བཞུགས་པ་ནི་ཡབ་སྲས་འདི་དག་གི་བཀའ་དྲིན་ལས་བྱུང་བར་མངོན་སུམ་དུ་གསལ་བ་འདི་ལྟར་ལགས། གཞན་ཡང་ཡུལ་གྱི་མི་སྐྱ་ཕོ་མོ་ཡན་ལ་སྡོན་འགྲོ་དང་། མ་ཎི། ཞིང་སྒྲུབ་སོགས་ཀྱི་དགེ་བསྐུལ་གནས་བས། བྱང་རྫ་རྒྱུད་སྟོད་སྨད་འགོ་ལོག་སོགས་དམུ་རྒོད་ཀྱི་གདུལ་བྱ་ཐམས་ཅད་དམ་པའི་ཆོས་ལ་བཙུད། གདུག་པ་ཅན་གྱི་མི་དང་མི་མིན་སོགས་ཞལ་མཇལ་བ་ཙམ་གྱིས་གདུལ་རྩུབ་ཀྱི་ཀུན་སློང་ཞི་བ་དང་། བྱིན་སྲུང་དང་ཐ་ན་སྐུའི་ཉེར་སྤྱད་ཀྱི་ཆ་ཤས་ཕྲ་མོ་ཙམ་རེས་ཀྱང་རྐྱེན་གེགས་བར་ཆད་ཞི་བ་སོགས་འབྲེལ་ཚད་དོན་ལྡན་གྱི་བདག་ཉིད་ལ་དབང་འབྱོར་བའི་སེམས་དཔའ་ཆེན་པོར་གནས། ཆོས་གོས་རྣམ་གསུམ་དང་འཕྲད་འཚོའི་ཡོ་བྱད་ཙམ་ལས་ཟང་ཟིང་ལ་བདག་གཉེར་མི་མཛད་པ་བཀའ་གདམས་པའི་གཏད་སོ་བཞི་པོ་མཐར་འཁྱོལ་བའི་བྱ་བྲལ་གྱི་རྒྱལ་པོར་བཞུགས། ཐུགས་སྲས་ཞལ་སློབ་ཀྱང་རྒ་སངས་རྒྱས་མཉམ་པ་གོང་མ་དང་ཀླུ་ཤུལ་སྤྲུལ་སྐུ། ལྕང་མ་མཁན་རིན་པོ་ཆེ་ཐུབ་བསྟན་ཆོས་འཕེལ། རྨེ་བའི་མཁན་ཆེན་ཚེ་དབང་རིག་འཛིན། འགོ་ལོག་མཁན་རིག་འཛིན་བཟང་པོ་སོགས་བསྟན་རྒྱུན་འཛིན་པའི་སྐྱེས་ཆེན་དུ་མ་བྱོན་པ་དང་བསླབ་པ་གསུམ་གྱིས་ཐུགས་རྒྱུད་གཏམས་ཤིང་མཁས་གྲུབ་ཀྱི་རྩེར་སོན། བྱང་རྒྱུད་ཐམས་ཅད་དུ་ཆོས་སློབ་ཀྱི་བརྒྱུད་པས་ཁྱབ་པ་སོགས་འགྲོ་དོན་མཁའ་མཉམ་དུ་གྱུར་པའོ། །