Jump to content

མཁན་ཆེན་པད་མ་ཤེས་རབ

ཡོང་ཁུངས་Wikipedia

࿑ མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས།

སྡོམ་བརྩོན་སྡེ་སྣོད་འཛིན་པ་མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་ནི་སྤྱི་ལོ་ ༡༩༣༦ ལོར་ཡབ་རྡོ་རྗེ་དོན་འགྲུབ་དང་ཡུམ་ཚེ་མཚོ་གཉིས་ཀྱི་སྲས་སུ་ཁམས་འཇོ་མདའ་རི་ཕུ་གྲོང་ཁྲ་རྒན་ཚང་སར་སྐུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་ཕུན་ཚོགས་ཟླ་བ་ཞུ། དགུང་ལོ་བརྒྱད་ནས་ཕྱུགས་རྫི་འགྲོ་ཞོར་རང་གི་ཨ་ཞང་བླ་མ་ཆོས་བཟང་དྲུང་ནས་བོད་ཡིག་འབྲི་ཀློག་དང་བརྡ་དག་བཅས་ལེགས་པར་སྦྱངས།

དགུང་གྲངས་བཅུ་བཞི་ཡས་མས་ནས་བླ་མ་ཆོས་བཟང་མཉམ་དུ་ཀོང་པོ་ཕྱོགས་ལ་གནས་མཇལ་ཕེབས་སྐབས་བླ་མ་དེར་དགོངས་པ་རྫོགས། དེ་ནས་མཁན་རིན་པོ་ཆེ་ལྷ་སར་ཕེབས་ནས་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ཏེ། གཞུང་ཀ་པོད་ལྔ་ལ་ཐོས་བསམ་རྒྱ་ཆེར་མཛད།

༡༩༥༣ ལོར་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།

ལྷ་སར་བཞུགས་རིང་ཚེ་རབས་ལས་ཀྱི་བླ་མ་ ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཇལ་ཏེ་མི་ལོ་བཅུ་ཙམ་རིང་ཞབས་པད་མཉེས་པ་གསུམ་གྱིས་ལེགས་པར་བསྟེན་པ་བཞིན་བརྩེ་ཆེན་ཡེ་ཤེས་ཀྱིས་རྗེས་སུ་བཟུང་།

༡༩༥༩ ལོར་རིན་པོ་ཆེ་དང་མཉམ་དུ་འབྲུག་ཡུལ་བརྒྱུད་ནས་རྒྱ་གར་ལ་ཕེབས་ཏེ་ཁོང་གི་མདུན་ནས་སྨན་དང་རྩིས་ནས་བཟུང་། ཀུན་བཟང་བླ་མའི་ཞལ་ལུང་། སྡོམ་གསུམ་དཔག་བསམ་སྙེ་མ། ཀློང་ཆེན་མཛོད་བདུན། བཀའ་བརྒྱུད་སྔགས་མཛོད་ཆེན་མོ། ཡོན་ཏན་མཛོད། རིན་ཆེན་གཏེར་མཛོད། རྒྱུད་རྒྱལ་གསང་བ་སྙིང་པོ་སོགས་ཆོས་བཀའ་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད་པས་མདོ་སྔགས་རིག་གནས་ཀུན་ལ་མཁས་པའི་མཚན་སྙན་གྱི་ཅོད་པན་བཞེས།

༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་མདུན་ནས་རིན་ཆེན་གཏེར་མཛོད་གཙོས་པའི་དབང་ལུང་མང་པོ་གསན་བཞེས་གནང་།

༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་ལས་བསྙེན་པར་རྫོགས་ཏེ་སྡོམ་པ་གསུམ་གྱི་གནང་བཀག་གི་གནས་ཕྲ་མོ་ཚུན་ཆད་ལ་སྲུང་སྡོམ་ལེགས་པར་མཛད་པས་འདུལ་འཛིན་ཀུན་ཀྱི་གཙུག་རྒྱན་དུ་གྱུར། ༧སྐྱབས་རྗེ་སྟག་ལུང་བརྩེ་སྤྲུལ་རིན་པོ་ཆེའི་མདུན་ནས་བྱང་གཏེར་གྱི་ཆོས་སྐོར་ཡོངས་རྫོགས་དང་།

༧མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་མདུན་ནས་བླ་མ་ཡང་ཏིག་དང་དེའི་དོན་ཁྲིད། ཚིགས་བདུན་རྣམ་བཤད་པདྨ་དཀར་པོ། འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ། རྩ་གསུམ་སྤྱིའི་བསྙེན་དམིགས། དབུ་མ་ངེས་ཤེས་སྒྲོན་མེ། རྟེན་འབྲེལ་ཉེས་སེལ། ལས་རབ་གླིང་པའི་ཕུར་པ། ཉིད་ཀྱི་གཏེར་ཁ་བཅས་ཞུས།

སྨྱོ་ཤུལ་མཁན་རིན་པོ་ཆེའི་དྲུང་ནས། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ། རང་གྲོལ་སྐོར་གསུམ་ཀྱི་དོན་ཁྲིད། ཚིག་གསུམ་གནད་བརྡེག བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད་བཅས་གསན། ཁྱད་པར་དུ་ ༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་མི་ལོ་ཞེ་གཅིག་ཙམ་དུ་འབྲལ་མེད་ལྟ་བུ་བསྟེན་ནས་གནམ་ཆོས། རཏ་གླིང་། འཇའ་ཚོན་པོད་དྲུག སྒྱུ་འཕྲུལ་ཞི་ཁྲོ། མདོ་དབང་སྦྲང་རྩིའི་ཆུ་རྒྱུན། སྙིང་ཐིག་ཡ་བཞི། རིན་ཆེན་གཏེར་མཛོད་ཆེན་མོ་གཙོས་པའི་སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་དང་བཅས་པ་བུམ་པ་གང་བྱོས་སུ་མནོས་པ་བཞིན་ཉིན་མཚན་བར་མེད་དུ་སྒྲུབ་པ་ཉམས་བཞེས་མཛད་པས། ཉམས་རྟོགས་ཡོན་ཏན་གྱིས་ཐུགས་རྒྱུད་མཛེས་པར་བྱས། མདོར་ན་ཁོང་ནི་ ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རབ་གསལ་ཟླ་བ་དང་༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་དཔལ་བཟང་པོ་གཉིས་ཀྱི་གདམས་ངག་གི་གཏེར་མཛོད་འཛིན་པའི་ཐུགས་ཀྱི་བུ་ཆེན་དམ་པ་ཞིག་ཏུ་གྱུར། དེ་ཡང་ ༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་བཙལ་བྱོལ་ལ་ཕེབས་པ་ནས་བཟུང་མདོ་རྒྱུད་སྤྱི་དང་ཁྱད་པར་མཁས་གྲུབ་བྱེ་བའི་དགོངས་བཅུད་སྔ་འགྱུར་རྙིང་མའི་བཀའ་གཏེར་དག་སྣང་གི་བསྟན་པ་ཆེས་ཉག་ཕྲ་མོར་གྱུར་པ་དེ་དག་འཆད་ཉན་གྱི་སྒོ་ནས་འཛིན་ཅིང་སྤེལ་བའི་ཐུགས་འདུན་ཟབ་མོ་དུས་རྟག་ཏུ་མངའ་ཡང་ཕྱི་ནང་གི་མཐུན་རྐྱེན་མ་འཛོམས་པར་བརྟེན་ལོ་ཤས་ལུས། དེ་ནས་རྟེན་འབྲེལ་ལེགས་ཚོགས་དུས་སུ་སྨིན་ཏེ་ ༡༩༦༨ ལོར་ ༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་དང་ ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རྣམ་གཉིས་ཀྱིས་མཁན་ཆེན་མཆོག་སྔ་འགྱུར་རྙིང་མའི་གདན་ས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ལ་ཕེབས་དགོས་པའི་བཀའ་གནང་བ་བཞིན། མཁན་ཆེན་མཆོག་ནས་སྐྱབས་རྗེ་རྣམ་གཉིས་ཀྱི་བཀའ་སྤྱི་བོར་བླངས་ཏེ་དགོན་འདིར་ཞབས་སོར་འཁོད་པ་དང་གྲྭ་ཆུང་ཚོ་ལ་ཡི་གེ་འབྲི་ཀློག་དང་རྒན་པ་རྣམས་ལ་སྤྱོད་འཇུག་དང་རྒྱལ་སྲས་ལགས་ལེན་སོགས་ཀྱི་དཔེ་ཁྲིད་ལོ་མང་མཛད་དེ་བཤད་གྲྭའི་རྨང་གཞི་ལེགས་པར་བཏིངས། སྤྱི་ལོ་ ༡༩༧༨ ལོར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དངོས་སུ་དབུ་བརྙེས་པ་ནས་བཟུང་ད་ལྟ་བར་ ༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་ཐུགས་དགོངས་གཞིར་བཟུང་ཐོག་བསྟན་འགྲོའི་དོན་ཁོ་ན་ཐུགས་ལ་འཆང་ཞིང་སྐུ་ངལ་འཛེམས་མེད་ཀྱི་སྒོ་ནས་མཐོ་སློབ་འདི་ཉིད་དང་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཡན་ལག་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གཉིས་ཀྱི་ཐུགས་འགན་གཙོ་བོར་བཞེས་ཏེ། སུམ་རྟགས་དག་གསུམ་ནས་མདོ་སྔགས་རིག་གནས་སྤྱི་དང་། ཁྱད་པར་དུ་ནང་རྒྱུད་ཡོ་ག་གསུམ་གྱི་གཞི་ལམ་འབྲས་བུའི་གནད་གསང་གསལ་བར་བྱེད་པའི་གཞུང་འགྲེལ་མང་པོའི་དཔེ་ཁྲིད་མཛད་དེ་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁན་སློབ་བརྒྱ་ཕྲག་མང་པོ་སྐྱེད་སྲིང་མཛད་པ་སོགས་བཀའ་དྲིན་མཚུངས་པ་མེད་པ་བསྐྱངས། དེ་ཡང་ ༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་བཙལ་བྱོལ་ལ་ཕེབས་པ་ནས་བཟུང་མདོ་རྒྱུད་སྤྱི་དང་ཁྱད་པར་མཁས་གྲུབ་བྱེ་བའི་དགོངས་བཅུད་སྔ་འགྱུར་རྙིང་མའི་བཀའ་གཏེར་དག་སྣང་གི་བསྟན་པ་ཆེས་ཉག་ཕྲ་མོར་གྱུར་པ་དེ་དག་འཆད་ཉན་གྱི་སྒོ་ནས་འཛིན་ཅིང་སྤེལ་བའི་ཐུགས་འདུན་ཟབ་མོ་དུས་རྟག་ཏུ་མངའ་ཡང་ཕྱི་ནང་གི་མཐུན་རྐྱེན་མ་འཛོམས་པར་བརྟེན་ལོ་ཤས་ལུས། དེ་ནས་རྟེན་འབྲེལ་ལེགས་ཚོགས་དུས་སུ་སྨིན་ཏེ་ ༡༩༦༨ ལོར་ ༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་དང་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རྣམ་གཉིས་ཀྱིས་མཁན་ཆེན་མཆོག་སྔ་འགྱུར་རྙིང་མའི་གདན་ས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ལ་ཕེབས་དགོས་པའི་བཀའ་གནང་བ་བཞིན། མཁན་ཆེན་མཆོག་ནས་སྐྱབས་རྗེ་རྣམ་གཉིས་ཀྱི་བཀའ་སྤྱི་བོར་བླངས་ཏེ་དགོན་འདིར་ཞབས་སོར་འཁོད་པ་དང་གྲྭ་ཆུང་ཚོ་ལ་ཡི་གེ་འབྲི་ཀློག་དང་རྒན་པ་རྣམས་ལ་སྤྱོད་འཇུག་དང་རྒྱལ་སྲས་ལགས་ལེན་སོགས་ཀྱི་དཔེ་ཁྲིད་ལོ་མང་མཛད་དེ་བཤད་གྲྭའི་རྨང་གཞི་ལེགས་པར་བཏིངས། སྤྱི་ལོ་ ༡༩༧༨ ལོར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དངོས་སུ་དབུ་བརྙེས་པ་ནས་བཟུང་ད་ལྟ་བར་ ༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་ཐུགས་དགོངས་གཞིར་བཟུང་ཐོག་བསྟན་འགྲོའི་དོན་ཁོ་ན་ཐུགས་ལ་འཆང་ཞིང་སྐུ་ངལ་འཛེམས་མེད་ཀྱི་སྒོ་ནས་མཐོ་སློབ་འདི་ཉིད་དང་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཡན་ལག་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གཉིས་ཀྱི་ཐུགས་འགན་གཙོ་བོར་བཞེས་ཏེ། སུམ་རྟགས་དག་གསུམ་ནས་མདོ་སྔགས་རིག་གནས་སྤྱི་དང་། ཁྱད་པར་དུ་ནང་རྒྱུད་ཡོ་ག་གསུམ་གྱི་གཞི་ལམ་འབྲས་བུའི་གནད་གསང་གསལ་བར་བྱེད་པའི་གཞུང་འགྲེལ་མང་པོའི་དཔེ་ཁྲིད་མཛད་དེ་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁན་སློབ་བརྒྱ་ཕྲག་མང་པོ་སྐྱེད་སྲིང་མཛད་པ་སོགས་བཀའ་དྲིན་མཚུངས་པ་མེད་པ་བསྐྱངས། ༢༠༡༧ ལོར་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་སྔ་འགྱུར་སྟག་ཤམ་དགོན་དུ་སེར་སྐྱ་མི་མང་རྣམས་ལ་གནམ་ཆོས་བདེ་ཅན་ཞིང་སྒྲུབ་ཀྱི་བཀའ་དབང་དང་ཟབ་ལམ་འཕོ་བའི་ལྗགས་ཁྲིད་གནད་སྨིན་མཛད།

༢༠༡༨ ལོར་པདྨ་གླིང་པའི་གདན་ས་འབྲུག་ལྷོ་ཕྱོགས་དགེ་ལེགས་ཕུག་འགྲོ་འདུལ་ཕན་བདེ་གླིང་དང་། སྟག་སྐད་ལ་ཨོ་རྒྱན་མདོ་སྔགས་འོད་གསལ་ཆོས་གླིང་དགོན་གྱི་བཤད་གྲྭ་དང་བདེ་བ་ཐང་ཆོས་ཀྱི་རྒྱ་མཚོ་བཤད་གྲྭ་སོགས་འབྲུག་ཡུལ་གྱི་དགོན་སྡེ་ཁག་མང་པོར་ཞབས་ཀྱིས་བཅགས་ནས་འཇམ་དཔལ་མཚན་བརྗོད་དང་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཤད་ལུང་། འཇམ་དབྱངས་སྨྲ་སེང་དང་འཇམ་བསྟོད་སོགས་ཀྱི་ལྗགས་ལུང་དང་གྲྭ་བཙུན་མང་པོ་ལ་དགེ་ཚུལ་སློང་གི་སྡོམ་པ་འབོགས་ཤིང་འདི་ཕྱི་གཉིས་སྨན་གྱི་བཀའ་སློབ་ཟབ་རྒྱས་བསྩལ།

དེ་ལྟར་ ༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་ཐུགས་བསྐྱེད་རྨད་དུ་བྱུང་བའི་བདག་རྐྱེན་དང་མཁན་ཆེན་མཆོག་གི་བཤད་སྒྲུབ་ཟུང་དུ་འབྲེལ་བའི་མཛད་འཕྲིན་བཟང་པོས་རྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་ཆེན་སྔ་འགྱུར་བའི་བསྟན་པའི་མེ་རོ་སླར་ཡང་གསོས་པའི་བཀའ་དྲིན་ནི་བསྟན་པ་འདི་ལ་དད་གུས་ལྡན་པའི་ཤཱཀྱའི་རྗེས་འཇུག་པ་ཡོངས་ཀྱིས་ནམ་ཡང་དྲན་དགོས་པ་ཞིག་རེད་སྙམ། ཕྱི་རབས་བསྟན་པའི་བཙས་སུ་བཞག་པའི་གསུང་རྩོམ་གྱི་སྐོར་ལ། གུ་རུ་རིན་པོ་ཆེའི་རྣམ་ཐར་དང་། བདེན་གཉིས་ཀྱི་རྣམ་བཞག བློ་རིགས། རྟགས་རིགས། མཚན་ཉིད་རིག་པ་བློ་ཡི་ཉིན་བྱེད། བརྡ་ཤན་འབྱེད་ཀྱི་འགྲེལ་པ་བཅས་ལྗགས་རྩོམ་མཛད།

༢༠༠༩ ལོར་ནས་རྣམ་གླིང་ཆེས་མཐོའི་རྒྱུན་ལས་ཁང་གི་ཚོགས་གཞོན་གྱི་ཐུགས་འགན་བཞེས་མུས་ཐོག་ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་གཙོས་པའི་འཛམ་གླིང་ཡུལ་གྲུ་དུ་མར་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་འཕྲིན་ཡར་ངོའི་ཟླ་བ་ལྟར་རྒྱས་བཞིན་པ་ལགས་སོ། །