མཁན་ཆེན་ཐུབ་བསྟན་རྒྱལ་མཚན་
མདོ་སྔགས་རིག་གནས་དང་བཅས་པ་ལ་མཁྱེན་རབ་ཕུལ་དུ་ཕྱིན་པའི་མཁན་ཆེན་རྡོ་རྗེ་འཆང་ཐུབ་བསྟན་རྒྱལ་མཚན་མཆོག་གི་སྐུ་ཚེའི་མཛད་རྣམ་སྒྲོ་སྐུར་དང་བྲལ་བའི་སྒོ་ནས་མདོར་བསྡུས་པ་ཙམ་ཞུས་ན། དེ་ཡང་ཐོག་མར་ཁོང་སྐུ་བལྟམས་པའི་ཡུལ་ནི། བྱང་ཕྱོགས་ཁ་བ་ཅན་གྱི་ནང་ཚན་མདོ་སྨད་སྤོ་ལུ་རི་རྩིབ་གྲོང་། ཧོར་རྟ་རྒྱུགས་ཚང་གི་ཡབ་ཚེ་རིང་དབང་ཕྱུག་དང་། ཡུམ་བཀྲ་ཤིས་མཚོ་གཉིས་ལས་སྤྱི་ལོ་༡༩༣༥ལོ་སྐུ་འཁྲུངས་ཤིང་མཚན་བཀྲ་ཤིས་རྣམ་རྒྱལ་ཞེས་གསོལ། ཆུང་དུས་ནས་དད་པ་དང་། སྙིང་རྗེ། སྐྱེས་སྟོབས་ཀྱི་ཤེས་རབ་སོགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་པའི་བྱིས་པ་ཞིག་ཡིན་ལ། དཔེར་ན། དགུང་གྲང་བདུན་ཙམ་ལ་སླེབས་སྐབས། ཀ་ཐོག་སི་ཏུ་རིན་པོ་ཆེའི་ཞལ་མཇལ་དུས། མ་བཅོས་དད་པའི་ཀློང་ནས་ཡུན་རིང་ལ་སྤྱན་ཆབ་བསིལ་བས་སྐྱེ་བོ་མང་པོ་ངོ་མཚར་སྐྱེས་སོ། །
དེ་ནས་ལོ་ན་བརྒྱད་ལོན་སྐབས་སྤོ་ལུ་དགོན་པའི་སྤྲུལ་སྐུ་ཀུན་དགའ་འཕྲིན་ལས་ཀྱི་མདུན་དུ་སློབ་གཉེར་གནང་སར་ཕེབས། ནུབ་མོ་དེར་སྤྲུལ་སྐུས་སྤྲེའུ་ལྕགས་སྟག་ཅན་ཞིག་ཁོང་ལ་གཏད་པ་རྨིས་པ་སོགས་ངོ་མཚར་བའི་རྟགས་མཚན་མང་པོ་བྱུང་། སྤྲུལ་སྐུ་ཡི་མདུན་ནས་འཇམ་དཔལ་བསྟོད་སྒྲུབ་སོགས་རྒྱུན་འདོན་གྱི་ཆོས་སྤྱོད་རྣམས་སྦྱངས་ནས། ཉིན་རེར་ཡིག་ལྡེབ་ལྔ་རེ་ཙམ་བློ་ལ་བཟུང་བས། དགོན་པའི་འདུལ་འཛིན་པ་རྣམས་ཀྱིས་ལོ་ན་ཆུང་བའི་བྱིས་པ་དེ་ནི་ཐུགས་རིག་ཤིན་ཏུ་རྣོ་བའི་ཚད་དུ་གླེང་། དེ་ནས་དགུང་གྲངས་བཅུ་ལོན་སྐབས་སྤྲུལ་སྐུའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། ཐུབ་བསྟན་རྒྱལ་མཚན་ཞེས་མཚན་གྱི་ཅོད་པན་གསོལ་བ་ནས་བཟུང་། དགེ་ཚུལ་གྱི་དགག་སྒྲུབ་ཀྱི་བསླབ་བྱ་རྣམས་ལ་རང་གི་མིག་འབྲས་ལྟར་དུ་བསྲུངས་སོ། །དེ་ནས་དགུང་ལོ་བཅུ་དྲུག་གི་སྐབས་ལ་མདོ་སྨད་བསྟན་པའི་ཆུ་མགོ་ཆེན་པོ་གསང་ཆེན་སྔ་འགྱུར་བའི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་ཀ་ཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་རུ་ཞུགས་ནས། མཁན་པོ་ཨ་ཤེར་སོགས་ཀྱི་མདུན་ནས་རིག་པའི་གནས་ལྔ་ལ་གསོན་པ་མཛད། འགྲན་ཟླ་བྲལ་བའི་བརྩོན་འགྲུས་བསྐྱེད་དེ་རིགས་སྨྲ་བ་བརྒྱ་ཕྲག་མང་པོའི་དབུས་སུ་གོ་བ་དང་རིག་པ་བརྩོན་འགྲུས་སོགས་ཕུལ་བྱུང་གི་གྲས་སུ་སླེབས་པས། མཁན་པོས་ཚོགས་ཐོག་ནས་བསྟོད་བསྔགས་དང་གཟེངས་བསྟོད་ལན་མང་ བྱས་མྱོང་། དེ་ནས་དགུང་གྲངས་ཉེར་གཅིག་གི་སྐབས་ལ། མཁན་པོ་དགེ་འདུན་འཕེལ་རྒྱས་ཀྱི་མདུན་ནས་དགེ་སློང་གི་སྡོམ་པ་ཞུས་ནས། སྔར་རབ་བྱུང་གི་མཚན་ཐུབ་བསྟན་རྒྱལ་མཚན་ཞེས་པའི་མཚན་གྱི་ཟུར་དུ་དཔལ་བཟང་ཞེས་པའི་ཚིག་འབྲུ་གཉིས་བསྣན་མཛད། དེ་ནས་ཀ་ཐོག་ལ་སྒྲ་ཙནྡྲ་པའི་བཤད་རྒྱུན་མེད་པས་མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས་ཀྱི་བཀའ་ལྟར་རྫོང་སར་བཤད་གྲྭའི་མཁན་པོ་རྣམ་རྒྱལ་བཟང་པོའི་མདུན་དུ། ཐུབ་བསྟན་རྒྱལ་མཚན་དང་། ཁྲོ་རུ་ཚེ་རྣམ། ཉག་རོང་པདྨ་རང་གྲོལ་གསུམ་ཆེད་དུ་ཀ་ཐོག་དགོན་གཞུང་ནས་མངགས་ནས་སྒྲ་གཞུང་ཆ་ཚང་གསན་པར་མཛད། དེ་ནས་ཀ་ཐོག་རྒྱུད་སྡེ་ཁང་དུ་ལོ་བཞི། རིག་གནས་ཁང་དུ་ལོ་གཅིག་བཅས་ལ་དཔྱད་གསུམ་རྣམ་པར་དག་པའི་སྒོ་ནས་གསན་པ་ཚུལ་བཞིན་དུ་མཛད། དེ་ནས་ལོ་ལྔ་ཡི་རྗེས་སུ་སི་ཏུ་རིན་པོ་ཆེ་ལྷ་ས་ལ་བྱོན་དུས། སྡེ་དགེ་ནས་ཕྱིར་གསུང་འཕྲིན་སྐུར་ནས་ད་ལོ་སྤོ་ལུ་བཀྲ་རྣམ་རང་ཡུལ་ལ་མ་མངགས་རྒྱུད་སྡེ་ཁང་དུ་སྐྱོར་དཔོན་བསྐོ་དགོས་གསུངས་ཡོད་པ་ལྟར། སྐྱོར་དཔོན་ཆེ་བའི་འགན་ཡོད་པ་གཏན་ཁེལ་བྱས། དེ་ནས་རང་ཡུལ་ནས་ཨ་ཁུ་བསུ་་སར་སླེབས་ནས་མ་རྒན་ན་ཚ་ཆེ་བས་ངེས་པར་དུ་རང་ཡུལ་ལ་འགྲོ་དགོས་གསུངས། མཁན་པོའི་མདུན་ནས་དགོངས་པ་ཞུས། མཁན་པོ་ལ་བདག་གི་དལ་བའི་ལུས་རྟེན་འདི་ཉིད་ཇི་སྲིད་འཚོ་བའི་བར་དུ་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་འབའ་ཞིག་གིས་དུས་འདའ་བ་ལས་བག་མེད་རྣམ་གཡེང་གིས་མི་ཚེ་སྐྱེལ་བ་མི་བྱའོ། །ཞེས་འགྲན་ཟླ་བྲལ་བའི་དམ་བཅས་ནས་རང་ཡུལ་དུ་བྱོན་པའོ། །དེ་ནས་ཟླ་བ་ཁ་ཤས་ཙམ་རང་ཡུལ་ལ་བསྡད་ནས་དེ་མཚམས་སུ་གསེར་ལྗོངས་ཨ་པད་ཀྱི་མདུན་དུ་སོང་ནས་རོང་སྟོན་དང་གོ་རམས་སོགས་ཀྱི་གཞུང་ལུགས་མང་པོར་སྦྱངས། མཁན་ཨ་པད་ལྷ་ས་ལ་བྱོན་ཁར་སྐྱོར་དཔོན་ཆེ་བའི་མཚན་གསོལ་ནས། ལོ་གསུམ་གྱི་རིང་ལ་གསེར་ལྗོངས་བཤད་གྲྭ་ནང་ནས་ཆོས་ཁྲིད་གནང་། དེ་ལྟར་གསར་རྙིང་གི་གདན་ས་ཆེན་པོ་གཉིས་ནས་ཐུན་མོང་དང་ཐུན་མིན་གྱི་རིག་གཞུང་ལ་གསན་བསམ་རྒྱ་ཆེར་མཛད་དོ། །ཡང་ས་དགེ་བཀའ་རྙིང་གི་དགེ་བའི་གཤེས་གཉེན་བརྒྱ་ཕྲག་དག་ལས་གསང་སྔགས་ཀྱི་ཆོས་སྐོར་བཞེས་ཚུལ་ནི་ཤིན་ཏུ་རྒྱས་པས་འདིར་དཀྱུས་མ་འཆད་པའི་གེགས་སུ་འགྱུར་བས་མ་སྨོས། ཤེས་འདོད་རྣམས་ཀྱིས་མཛད་རྣམ་རྒྱས་པ་ལས་ཤེས་པར་བྱའོ། །
དེ་ནས་རིག་གནས་གསར་བརྗེའི་སྐབས་ལ་རྒྱལ་བསྟན་སྤྱི་ལ་ཉམས་རྒུད་ཆེན་པོ་བྱུང་ནའང་སྐྱེ་འགྲོ་སྤྱི་ཡི་བསོད་ནམས་ཀྱི་སྐལ་བའི་སྟོབས་ཀྱིས་སླར་ཡར་བསྟན་པ་ཉམས་གསོ་དང་བཤད་སྒྲུབ་ཀྱི་སྒོ་ནས་བསྟན་པ་སྤེལ་ཆོག་པས། རྒྱལ་དབང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་གིས་འབྲས་ལྗོངས་རུམ་བཏེགས་སུ་ན་ལེནྡྲ་ཐུབ་བསྟན་ཆོས་འཁོར་གླིང་ཞེས་པ་ཞིག་གསར་དུ་བཙུགས་ཡོད་པས། མཁན་རིན་པོ་ཆེ་ཐུབ་བསྟན་རྒྱལ་མཚན་ཁྱེད་བཤད་གྲྭའི་མཁན་པོ་ཕེབས་དགོས་ཚུལ་དང་། སྔོན་གྱི་དུས་ནས་ལས་སྨོན་བཟང་པོའི་འབྲེལ་བ་ཡོད་ཚུལ། གཞན་ཡང་ནང་མི་ལྷན་དུ་ཕེབས་ཐུབ་ན་འཚོ་བའི་རྐྱེན་ཆ་ཚང་སྒྲུབ་ཆོག་པས་ངེས་པར་དུ་ཕེབས་དགོས་ཞེས་རབ་རྒྱལ་ལྕགས་སྤྲེལ་ལོ་དང་ལྕགས་བྱ་ལོར་འཕྲིན་ཡིག་ཐེངས་གཉིས་དང་། ཨ་སྒོར་ལྔ་བརྒྱ་བཅས་ལག་ལ་འབྱོར་བས། བཀའ་ལྟར་ནང་མི་དང་བཅས་པ་ལྷ་ས་ལ་ཕེབས་སྐབས། རིན་པོ་ཆེ་ཞིང་ལ་གཤེགས་པ་ཐོས་ནས་མ་བྱོན་ནས་ལྷ་ས་ལ་བཞུགས། ཡང་སྐབས་དེར་ཞྭ་དམར་མི་ཕམ་ཆོས་བློ་དང་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་ན་ལེནྡྲའི་མཁན་སློབ་ཡོངས་ཀྱིས། མགོན་པོ་མཆོག་གི་དགོངས་བཞེད་ལྟར་བཤད་གྲྭ་འདི་ཕེབས་གྲུབ་པའི་རེ་སྐུལ་སྙིང་ནས་ཞུ་བཞིན་ཡོད་གསུངས་ནས་འཕྲིན་ཡིག་ལན་མང་སྐུར་བས། ཕེབས་གྲབས་མཛད་མོད་སྐབས་དེར་སྙུང་གཞི་ཆེན་པོ་ཞིག་ཕོག་ནས་དེའི་རྐྱེན་གྱིས་ཕེབས་མ་ཐུབ། དེ་ཡང་རང་ཡུལ་གྱི་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས་མ་མངགས་པ་སྟེ། པྲ་ཕབ་པ་ལས། ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གིས། །ཉིན་མཚན་དུས་དྲུག་རྣམས་སུ་རྒྱུ། །ཞེས་དང་། གཞན་ཡང་། ལོ་ཆེན་སྐ་བའི་འཕྲིན་ལས་གར། །ཡུལ་ལྷས་མི་གཏོང་རང་ཡུལ་འཇགས། །ཞེས་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་མཆོག་གི་ཕྲིན་ལས་ཀྱི་སྤྲུལ་པ་ཡིན་པས། རང་ཡུལ་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས་མ་མངགས་པའོ། །གཏེར་སྟོན་རྡོ་རྗེ་ཚེ་རྒྱལ་གྱིས་ཞབས་ནས་ཨ་ཏི་རྫོགས་ཆེན་དང་། ཀ་དག་ལྷུན་གྲུབ་སོགས་ཀྱི་ལྟ་བ་ཞུས་ནས། བླ་མའི་མདུན་དུ་རྟོགས་འབུལ་ཕུལ་བས་བླ་མ་ཐུགས་ཤིན་ཏུ་དགྱེས་ཏེ། བླ་མས། ལུང་རིགས་རྒྱ་མཚོས་མངོན་མཐོ་མུ་ནེའི་དྲུང་། །རྟོགས་འབུལ་ཕུལ་བའི་ཚིགས་སུ་བཅད་པ་ཡི། །འཕྲིན་ཡིག་འབྱོར་བས་ཤིན་ཏུ་སྤྲོ་བ་འཕེལ། །མ་ནོར་ངེས་གསུང་རྫོགས་པ་ཆེན་པོ་ཡི། །མན་ངག་ཟབ་མོའི་དོན་མཆོག་ཇི་བཞིན་ཉིད་། མངོན་དུ་གྱུར་བར་ཡིད་རང་སྤྲོ་བ་ཐོབ། །ཞེས་སོགས་མང་དུ་བསྟོད་བསྔགས་མཛད། ཕྱིས་སུ་གཏེར་སྟོན་ཉིད་ཀྱིས་གཏེར་ཆོས་ཀུན་ཞུ་དག་མཛད་བཅུགས་པ་དང་། གཏེར་སྟོན་ཉིད་ཀྱིས་བེེ་རོ་ཙ་ནའི་སྤྲུལ་པ་ཡིན་པ་ཡང་གསུངས་སོ། །
དེ་ནས་ལྷ་ས་ལོ་ཤས་བཞུགས་རིང་སྐབས་ལ། སྐྱ་སེར་ཡོངས་ལ་ཆོས་སྐོར་མང་ཙམ་གནང་བ་དང་། མ་ཟད་བོད་ལྗོངས་སྨན་རྩིས་ཁང་ནས་ཁྲོ་རུ་ཚེ་རྣམ་གྱིས་དབྱངས་ཅན་སྒྲ་མདོ་བཤད་ཁྲིད་གནང་མཁན་རིན་པོ་ཆེས་སྐྱོར་དཔོན་མཛད། མཁས་པ་མང་པོས་བོད་ཀྱི་རིག་གནས་བཅུ་ལས་འཕྲོས་པའི་དཀའ་གནད་མང་པོ་དྲི་བ་བྱས་པས་ཆགས་ཐོགས་མེད་པའི་སྒོ་ནས་ལན་ཕུལ་བས་ཀུན་གྱི་ཡིད་འཕྲོག་སྟེ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་བཞུགས་དགོས་ཞུས། ལྷག་པར་སྨན་རྩིས་ཁང་གི་ཡོན་ཀྲང་མཁས་དབང་བྱམས་པ་ཕྲིན་ལས་ཀྱིས་བོད་ལྗོངས་སྨན་རྩིས་ཁང་འདིར། བོད་ཀྱི་རིག་གནས་ཆ་ཚང་བའི་བཤད་རྒྱུན་ཚུགས་ཐུབ་པའི་རེ་བ་ཡོད་པས་ངེས་པར་དུ་འདི་ན་བཞུགས་དགོས་ཞུས། རང་ཐག་མ་བཅད་ནས་རབ་བརྟན་མཁན་རྒན་ཐུབ་བསྟན་འཕེལ་རྒྱས་མཆོག་ལ་བློ་འདྲིས་པས། མཁན་རྒན་གྱིས་ད་ལྟ་ཁྱེད་ལོ་དུ་ཡིན་གསུང་པས། ལོ་ལྔ་བཅུ་ཡིན་ལགས་ཞུས། འོ་ད་སྔོན་ལོ་ལྔ་བཅུ་ཕལ་ཆེར་ཐོས་པ་བྱས་ནས་སོང་བ་རེད། ད་སྒོམ་རྒྱག་པའི་དུས་ལ་བབས་མིན་ནམ་གསུངས་པས། དེ་ག་རང་ལོས་ཡིན་བསམ་ནས་སེམས་ལ་ཕན་པ་ཤིན་ཏུ་བྱུང་གསུངས། དེ་བས་བོད་ལྗོངས་སྨན་རྩིས་ཁང་ན་མ་བཞུགས་སོ། །
མ་ཟད་ཕྱོགས་དང་རིས་སུ་མ་ཆད་པའི་དགོན་སྡེ་ཆེ་ཁག་གིས་གདན་འདྲེན་མང་དུ་ཞུས་པ་སྟེ། སྤྱི་ལོ༡༩༨༦ལོར་ལྷ་ས་ནས་དགེ་བཤེས་འབྲོག་མི་བྱམས་པས་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་ཞེས་པ་ཞིག་བཙུགས་ཡོད་པས། ཐུན་མིན་དང་། ཐུན་མོང་གི་རིག་གནས་ཁྲིད་ཆར་ཡོད་པས་ཁྱེད་འདིར་ཕེབས་རོགས་ཟེར་ནས་ཕྱག་བྲིས་སྔ་ཕྱི་གཉིས་འབྱོར། གཞན་ཡང་བློ་གྲོས་ཕུན་ཚོགས་ཀྱིས་རྫོང་སར་བཤད་གྲྭའི་མཁན་པོ་ཕེབས་དགོས་གསུངས་པ་དང་། ཀ་ཐོག་ཞིང་སྐྱོང་དང་། རྨོག་རྩ་སྤྲུལ་སྐུ་གཉིས་ནས། ཀ་ཐོག་ལ་རྒྱུད་སྡེའི་མཁན་པོ་མཛད་དུ་ཕེབས་དགོས་གསུངས་པ་དང་། ཁེས་འཕེལ་ཚུལ་ཁྲིམས་ཀྱིས་དཔལ་སྤུངས་ལ་མཁན་པོ་ཕེབས་དགོས་ཚུལ་སོགས་གདན་འདྲེན་གྱི་ཕོ་ཉ་དངོས་རྒྱུད་ཅི་རིགས་ལ་མང་དུ་བྱུང་། ད་དུང་སྡེ་དགེ་པར་དཔོན་བཀྲིས་རྡོ་རྗེ་ཁོང་གི་ཁྱིམ་ཚང་ནང་ལ་ཡོང་ནས། རིན་ཆེན་གཏེར་མཛོད་ཞུ་དག་མཛད་དགོས་ཞུས་པས་སྡེ་དགེ་ལ་གདན་འདྲེན་ཞུས། དེ་ནས་སྡེ་དགེ་པར་ཁང་གི་ལས་གྲྭའི་དབུ་བཞུགས་གཏན་འཇགས་དགོས་ཞུས། ཁྲོ་རུ་མཁན་པོ་ཚེ་རྣམ་ལགས་ཀྱིས། ཐུབ་བསྟན་ཁྱེད་ཀྱིས་ངེད་ཀྱི་ཁ་ལ་ཉན་ནས་ལས་ཁང་ནང་དུ་ཞུགས་དང་། འཛམ་གླིང་ན་སྐད་གྲགས་ཆེ་བ་ཞིག་བྱེད་ཆོག་མོད་ཁྱེད་ཀྱི་དེ་ལྟར་མི་མཛད་པར་མཁས་པའི་ཡོན་ཏན་རུམ་དུ་བཅུགས་པ་རེད་གསུངས་ཀྱང་། ཞལ་བཞེས་མ་གནང་། རྒྱུ་མཚན་ནི། དཔེ་ཆ་དང་འབྲལ་ནས་ཡུན་རིང་སོང་པས་ཕན་ཐོགས་པ་ཞིག་མི་འོང་བསམ་སྟེ་མ་སོང་གསུངས་ཀྱང་། སྤྱིར་བླ་མ་འདི་ཉིད་ཆེན་པོའི་གོ་ས་དང་། མཚན་སྙན་གྲགས་སོགས་འཇིག་རྟེན་གྱི་ཆོས་བརྒྱད་ལ་ཐུགས་གཏན་ནས་མི་དགྱེས་ཤིང་། རྟག་ཏུ་དམན་ས་འཛིན་པ་དང་ཁེངས་བསྐྱུང་ལ་དགའ་བ། མ་ཟད་ལས་ཁང་སོགས་སུ་ཕེབས་ན་རྣམ་གཡེང་རེད་པ་ལ་དོགས་ནས་མ་སོང་པ་དང་། སྤོ་ལུ་དགོན་སྡེ་གཉིས་ལ་ཐུགས་བརྩེ་བ་ཆེན་པོས་གཟིགས་ནས་མ་བྱོན་པ་ཡང་། རྒྱུན་གྱི་སྤྱོད་པ་ལ་བརྟེན་ནས་ཤེས་ཐུབ། །
རིག་གནས་གསར་བརྗེའི་སྐབས་རང་དགོན་གྱི་བསྟན་པ་ཉམས་རྒུད་ཆེན་པོ་བྱུང་སྟེ་མིང་གི་ལྷག་མ་ཙམ་དུ་གྱུར་པའི་སྐབས་དེ་ལ་ཐུགས་ཀྱིས་མ་བཟོད་ནས། སྤྱི་ལོ་༡༩༨༤ལོར་འཇོ་མདའ་རྫོང་ནས་ཉམས་གསོའི་ཆོག་མཆན་ཞུས་པས། ཆོག་མཆན་ཐོབ་ནས་རང་དགོན་གྱི་བླ་རྒན་རྣམས་བསྡུས་ནས། དགོན་པའི་ཤུལ་དུ་རྩིག་རྨང་དང་གྱང་ཧྲལ་ཙམ་ལས་ལྷ་ཁང་དང་གྲྭ་ཤག་གཅིག་ཀྱང་ལྷག་མེད་པས། རང་དགོན་འདི་ཉིད་བསྐྱར་བཞེངས་ཀྱི་དབུ་བཙུགས་སྟེ། ལྷ་སྡེ་ཡོངས་ཀྱི་རང་ནུས་རང་སྟོབས་འབའ་ཞིག་ལ་བརྟེན་ནས། འདུ་ཁང་དང་། མགོན་ཁང་། བཤད་གྲྭ་ཁང་། སྒྲུབ་གྲྭ་ཁང་། གྲྭ་ཤག་སོགས་ཕྱིའི་བཀོད་པ་ཕུན་སུམ་ཚོགས་པ་ལེགས་གྲུབ་བྱུང་། དེ་ནས་ནང་གི་དགེ་འདུན་རྣམས་ལ་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་རྒྱུན་ཆད་མེད་པ་བཙུགས་ནས་དབང་ལུང་ཁྲིད་སོགས་མདོ་སྔགས་ཀྱི་ཆོས་སྐོར་དག་དགེ་འདུན་པ་རྣམས་ལ་དུས་རྟག་པར་གནང་ངོ་། །དེ་ཡང་ལྕགས་སྤྲུལ་ལོར་གོང་མ་རིན་པོ་ཆེའི་བཀའ་ལྟར་སྤོ་ལུ་བཤད་གྲྭ་མདོ་རྒྱུད་གཞུང་རིག་ལེགས་བཤད་ཆོས་ཀྱི་དགའ་ཚལ་ཞེས་པ་བཙུགས་ཏེ། སློབ་མ་རྣམས་ལ་མདོ་སྔགས་རིག་གནས་དང་བཅས་པ་བཤད་ཁྲིད་གནང་ངོ་། །གཞན་ཡང་ཁོང་གིས་སྐུ་ཚེར་ཉམས་ལེན་མཛད་ཚུལ་ནི། དཔལ་ལྡན་ས་སྐྱའི་ཐུན་མོང་མ་ཡིན་པའི་ཉམས་ལེན། དཔལ་ཀྱེ་རྡོ་རྗེའི་རྒྱུ་ལམ་གྱི་དབང་ཐོབ་པ་དག་གི་ངོ་སྐལ་དུ་གྱུར་པ་མངོན་རྟོགས་ཡན་ལག་དྲུག་པའི་མཛེས་རྒྱན་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་ཁ་འདོན་རྣམས་ཉིན་རེ་བཞིན་དུ་ཐུགས་དམ་མཛད་ཚུལ་ནི། སྔོན་ལྕགས་འབྲུག་ལོར་ལྗགས་རྩོམ་མཛད་པའི་སྔོ་བ་ལས། ས་ཁྱི་ལོ་ནས་འདི་ལོ་ལྕགས་འབྲུག་བར། །ཆག་མེད་རྣ་བཞི་ཁྱད་པར་ལམ་དུས་ནི། །ཆིག་ཁྲི་བཞི་སྟོང་བཞི་བརྒྱ་ཚར་བ་ཡི། །དགེ་བ་གཞན་ཅན་རྫོགས་བྱང་ཐོབ་ཕྱིར་བསྔོ། །ཞེས་གསུངས་པ་ལྟར། རིགས་གནས་གསར་བརྗེའི་སྐབས་ཀྱང་ཐུན་བཅད་པ་སོགས་སྔོན་ནས་ད་ལྟའི་བར་ཐུན་བཞིའི་རྣལ་འབྱོར་མ་ཆག་པར་ཉམས་ལེན་ཆུ་བོའི་རྒྱུན་ལྟར་བསྐྱངས་བས་ཉམས་དང་རྟོགས་པའི་ཡོན་ཏན་མཐའ་དག་ཡར་ངོའི་ཟླ་བ་ལྟར་འཕེལ་ལོ། །རང་དོན་དུ་སྤང་བ་ཕུན་ཚོགས་རྙེད་པའི་ཚུལ་ནི་ཤིན་ཏུ་མང་བའི་སྟོབས་ཀྱིས་འདིར་དཀྱུས་མ་འཆད་པའི་གེགས་སུ་འགྱུར་བས་མ་བརྗོད་དོ། །
གཞན་ཡང་རང་ཡུལ་གྱི་དགོན་སྡེ་ཁག་རྣམས་སུ། ལོ་རེ་བཞིན་ཨ་མི་དྷེ་ཝ་དང་། རྡོར་སེམས། སིངྡྷི། རིགས་གསུམ་བསྙེན་པ་སོགས་ལྷག་པའི་ལྷ་དུ་མའི་དུང་སྒྲུབ་བཙུགས་ཏེ། དབུ་བཞུགས་བླ་མ་ཉིད་ཀྱིས་མཛད་ནས། དེའི་རིང་ལ་ཞེན་པ་བཞི་བྲལ་དང་བློ་ལྡོག་རྣམ་བཞི་སོགས་སྔོན་འགྲོའི་ཆོས་སྐོར་མང་ཙམ་གནང་ངོ་། །ཁོང་ནི་སྤོ་ལུ་དགོན་སྡེ་གཉིས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སྐྱེས་ཆེན་ཞིག་ཡིན་པ་དང་། གཞན་ཡང་རིས་སུ་མ་ཆད་པའི་དགོན་སྡེ་ཁག་ཏུ་བྱོན་ནས་མདོ་སྔགས་ཀྱི་ཆོས་སྐོར་རྣམས་ཕར་གནང་ཚུལ་དང་། ས་དགེ་བཀའ་རྙིང་གི་སྐྱེས་ཆེན་རྣམས་ལས་ཆོས་སྐོར་རྣམས་ཚུར་ཞུ་ཚུལ་རྣམས་ཤིན་ཏུ་རྒྱས་པའི་སྟོབས་ཀྱིས་འདིར་མ་བྲིས་སོ། །རྒྱས་པར་ཤེས་འདོད་མཁན་རྣམས་ཀྱིས་རྣམ་ཐར་རྒྱས་པ་ལ་གཟིགས་རོགས་ཞུ།། །།
མཁན་རིན་པོ་ཆེ་ཁོང་གི་སྐུ་ཚེའི་ནང་གི་མཛད་པ་ཕྲིན་ལས་སོགས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པས་བདག་གིས་ག་ལ་བརྗོད་ནུས། འོན་ཀྱང་རྒྱ་མཚོའི་ནང་ནས་ཆུ་ཐིགས་གཅིག་ལེན་པ་བཞིན་དུ། བདག་སོགས་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་བླ་མའི་ཡོན་ཏན་དྲན་པའི་བསོད་ནམས་ཅུང་ཙམ་ཞིག་ཐོབ་པའི་སྨོན་ལམ་གྱི་ངང་ནས་སློབ་མ་ཐུབ་དགའ་ནས་བསྡུ་བསྒྲིགས་བྱས་པའོ།།།།དགེའོ། །