མ་རབས་
མ་རབས་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་གཞུང་ལུགས་ནང་དུ་སྤྱོད་ལམ་དང་རིགས་རུས། ཡོན་ཏན་སོགས་ཀྱི་ཆ་ནས་དམན་པའི་གང་ཟག་ལ་འབོད་པའི་ཐ་སྙད་ཅིག་ཡིན། ཐ་སྙད་འདིས་མི་གང་ཞིག་གི་བསམ་སྤྱོད་དང་རིགས་རུས། ཤེས་ཡོན་སོགས་ཀྱི་ཆ་ནས་ཡ་རབས་དང་མི་མཐུན་པར་སྟོན་པ་ཡིན་ནོ། །
རིགས་དང་འབྲེལ་བའི་མ་རབས།
[རྩོམ་སྒྲིག]"རིགས་ཉམས་པའི་མ་རབས་རྣམས་ནི་རིགས་མཐོ་བ་ཐོབ་ཅིང་ཐོབ་ནས་ང་རྒྱལ་དག་ཀྱང་བཅོམ་པར་ཤོག །"[༡]ཅེས་གསུངས་པ་ལྟར། འདིར་མ་རབས་ཞེས་པ་རིགས་རུས་དམན་པའི་མི་ལ་གོ་བར་བསྟན་ཏེ། རིགས་ཉམས་པའི་མི་དེ་དག་རིགས་མཐོ་བར་གྱུར་ཏེ་ང་རྒྱལ་སྤང་བར་སྨོན་པའི་དོན་ཡིན་ནོ། །"དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་རིན་པོ་ཆེ་ཡང་མ་རབས་སྤྱི་བསམ་པ་དང་ལྡན་པ་དགེ་བའི་རྩ་བ་ངན་ངོན་ཅན་གྱི་ལྷ་དང་མིའི་ལག་ཏུ་ཕྱིན་པར་མི་འགྱུར་རོ། །"[༢]ཞེས་གསུངས་པ་ལྟར། འདིར་མ་རབས་ཞེས་པ་སེམས་ཀྱི་བསམ་པ་དམན་པ་དང་དགེ་བའི་རྩ་བ་ཞན་པའི་མི་ལ་གོ་བར་མངོན་ནོ། །
སྤྱོད་ལམ་དང་འབྲེལ་བའི་མ་རབས།
[རྩོམ་སྒྲིག]"མ་རབས་བཀྲེས་རྔབས་ཅན་གྱི་ཚུལ་སྤང་བ་དང་བག་མེད་པའི་ཚུལ་སྤོང་བའོ། །"[༣]ཞེས་གསུངས་པ་ལྟར། འདིར་མ་རབས་ཞེས་པ་ཁ་བཀང་བ་སོགས་ཟས་ཟ་བའི་སྤྱོད་ལམ་མ་འདུལ་བ་དང་བག་མེད་པའི་གང་ཟག་ལ་གོ་བར་བསྟན་ནོ། །"ངོར་བསྟོད་ཁ་གསག་དེང་སང་གི་མི་ཆེན་རྣམས་ལ་ཞལ་འཛིན་དང་། དགོངས་ལེན་དང་། གཟིགས་སྐུར་ཞེས་མེད་མི་རུང་དུ་དགོས་པ་འདི་དག་ནི་མ་རབས་མགུ་བྱ་ཡིན་མོད་ཀྱང་གཡོ་སྒྱུའི་བྱེ་བྲག་ཡིན་པའི་ཕྱིར། མཁས་པ་རྣམས་ཀྱིས་དེ་ལ་དགའ་བ་དང་དེས་འཚོ་བའི་སྐྱེས་བུ་གཉིས་ཀ་རིང་དུ་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །"[༤]ཞེས་གསུངས་པ་ལྟར། མ་རབས་ཞེས་པ་གཡོ་སྒྱུ་དང་ཁ་གསག་གི་སྤྱོད་ལམ་ལ་དགའ་བའི་མི་ལ་གོ་བ་ཡང་བསྟན་ནོ། །
ཡོན་ཏན་གྱི་ཆ་ནས་དམན་པའི་མ་རབས།
[རྩོམ་སྒྲིག]"རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་སྐྱེ་བོ་མ་རབས་ཀྱི་ལག་ཏུ་ཕྱིན་པར་མི་འགྱུར་རོ། །"[༥]ཞེས་གསུངས་པ་ལྟར། འདིར་མ་རབས་ཞེས་པ་རིན་པོ་ཆེའི་བྱང་ཆུབ་ཀྱི་སེམས་འཛིན་པར་མི་འོས་པའི་ཡོན་ཏན་དམན་པའི་གང་ཟག་ལ་གོ་བར་མངོན་ནོ། །"རྡོ་རྗེ་རིན་པོ་ཆེ་མ་རབས་ཀྱི་འབྱུང་ཁུངས་ནས་མི་འབྱུང་གི་རྡོ་རྗེའི་འབྱུང་ཁུངས་སམ་གསེར་གྱི་འབྱུང་ཁུངས་ནས་འབྱུང་ངོ། །"[༦]ཞེས་གསུངས་པ་ལྟར། མ་རབས་ཞེས་པ་ཡོན་ཏན་དམ་པ་སྐྱེ་བའི་རྒྱུ་མིན་པའི་གང་ཟག་གི་རིགས་སམ་འབྱུང་ཁུངས་ལ་ཡང་གོ་བར་མངོན་ནོ། །
བསྡུས་དོན།
[རྩོམ་སྒྲིག]དཔྱད་གཞི་ཡིག་ཆ་ཁག་ལས་གསལ་བ་ལྟར་ན། མ་རབས་ཞེས་པའི་ཐ་སྙད་འདི་ནི་རིགས་རུས་དང་། སྤྱོད་ལམ། བསམ་སྤྱོད། ཡོན་ཏན་སོགས་ཀྱི་ཆ་ནས་ཡ་རབས་ཀྱི་མི་དང་མི་མཐུན་པའི་གང་ཟག་ལ་འབོད་པའི་ཐ་སྙད་ཅིག་ཡིན། དེ་ཡང་རིགས་ཉམས་པ་དང་། སྤྱོད་ལམ་མ་འདུལ་བ། གཡོ་སྒྱུ་ཅན། བྱང་ཆུབ་ཀྱི་སེམས་ལྟ་བུའི་རིན་པོ་ཆེའི་ཡོན་ཏན་འཛིན་པར་མི་འོས་པའི་མི་རིགས་ལ་གོ་དགོས་པར་མངོན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༣༥༠
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་༡༧༠
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་༤༠༡
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་༣༨༦
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་༡༧༠
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་༡༧༠