Jump to content

མ་འཚལ་

ཡོང་ཁུངས་Wikipedia

སྤྱིར་བཏང་གི་ནང་དོན།

[རྩོམ་སྒྲིག]

མ་འཚལ་ཞེས་པ་ནི་སྤྱིར་བཏང་ཤེས་པ་མེད་པ་ལ་གོ་ཞིང་། ཉེ་བའི་དོན་ནི་མ་མཐོང་བ་དང་མ་ཤེས་པ། རིང་པོའི་དོན་ནི་རྟོགས་པ་དང་གོ་བ་མེད་པ་ལ་གོ་བ་ཡིན།

ཆོས་དང་འབྲེལ་བའི་ནང་དོན།

[རྩོམ་སྒྲིག]

མ་འཚལ་ཞེས་པ་ནི་ཁྱད་པར་དུ་སྤྱོད་འཇུག་ལེའུ་གཉིས་པ་སྡིག་པ་བཤགས་པའི་ལེའུ་ནང་དུ་གསལ་བའི་ཚིག་ཞིག་ཡིན་ཏེ། དེའི་ནང་དོན་ནི་མ་རིག་པ་དང་གཏི་མུག་གི་དབང་གིས་ལས་རྒྱུ་འབྲས་ཀྱི་རྣམ་དཔྱོད་མ་ཤེས་ཤིང་སྡིག་པའི་ཉེས་དམིགས་ལ་མི་ལྟ་བར་མ་ཤེས་པ་ཞེས་པའི་དོན་ཡིན།

མཚན་ཉིད།

[རྩོམ་སྒྲིག]

"བདག་གིས་སྡིག་པའི་ཉེས་དམིགས་ལ་སོགས་པ་མ་འཚལ་ཏེ་མ་ཤེས་ནས་རང་གིས་སྡིག་པ་བགྱིས་པའམ་གཞན་ལ་བགྱིད་དུ་སྩལ་བ་ཉིད་དང་ནི།"[] ཞེས་འགྲེལ་བཤད་མཛད་དོ། ། "བདག་གིས་མ་འཚལ་ཞེས་པ་ནི་བདག་ཉིད་གཏི་མུག་ཆེན་པོར་བསྟན་ཏོ། །"[]ཞེས་འགྲེལ་བཤད་མཛད་དོ། །གཞན་ཡང་། "མ་འཚལ་ཞེས་པ་ནི་བདག་ཉིད་གཏི་མུག་ཆེན་པོ་ཉིད་དུ་བསྟན་ཏོ། །"[]ཞེས་འགྲེལ་བཤད་མཛད་དོ། །

འཇུག་ལུགས།

[རྩོམ་སྒྲིག]

མ་འཚལ་ཞེས་པ་ནི་ཐོག་མ་མེད་པའི་འཁོར་བ་ནས་བཟུང་སྟེ་ད་ལྟའི་ཚེ་རབས་འདི་དང་སྔོན་གྱི་ཚེ་རབས་གཞན་དག་ཏུ་ལས་རྒྱུ་འབྲས་ཀྱི་ཉེས་དམིགས་ཤེས་པ་མེད་པ་ཞེས་པའི་དོན་ཡིན། "བྱེད་པ་པོ་བདག་གིས་རྒྱུ་སྡིག་པའི་ལས་ཀྱི་ཉེས་དམིགས་མ་འཚལ་ཏེ་མ་ཤེས་ཤིང་ལས་འབྲས་ཀྱི་བླང་དོར་ལ་རྨོངས་པ་དུད་འགྲོ་ལྟར་གྱུར་པའི་དབང་གིས།"[] ཞེས་འགྲེལ་བཤད་མཛད་དོ། །

"བདག་གིས་བླང་དོར་གྱི་གནས་མ་འཚལ་ཞེས་མ་རིག་པ་ཉོན་མོངས་པའི་དབང་གིས་སྡིག་པ་མི་དགེ་བ་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྦྱོར་བ་རང་གིས་དངོས་སུ་བགྱིས་པའམ་གཞན་དག་ལ་བགྱིད་དུ་སྩལ་བ་ཉིད་དང་ནི།"[] ཞེས་འགྲེལ་བཤད་མཛད་དོ། །

གཏི་མུག་དང་འབྲེལ་བ།

[རྩོམ་སྒྲིག]

"བདག་ནི་ལས་ཀྱི་རྣམ་སྨིན་ལ་རྨོངས་པར་གྱུར་པའི་དབང་གིས་རང་གིས་སྡིག་པ་བགྱིས་པ་དང་། གཞན་དག་བགྱིད་དུ་སྩལ་བ་ཉིད་དང་ནི་ལས་འབྲས་ལ་རྨོངས་པའི་གཏི་མུག་འཁྲུལ་བས་བདག་ནོན་ཏེ་གཞན་གྱིས་སྡིག་པ་བྱས་པ་ལ་རྗེས་སུ་ཡི་རང་བ་གང་བགྱིས་པའི་ནོངས་པ་དེ་ནི་རང་གིས་ནོངས་པར་མཐོང་བར་བགྱིས་ནས་འགྱོད་བཞིན་དུ་བསམ་པ་ཐག་པས་མགོན་པོ་རྣམས་ལ་བཤགས་ཏེ་མི་འཆབ་ཅིག་མི་སྦེད་པའོ། །"[]ཞེས་འགྲེལ་བཤད་མཛད་དོ། །

སྒོ་གསུམ་གྱི་སྒོ་ནས།

[རྩོམ་སྒྲིག]

མ་འཚལ་ཞེས་པ་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་བྱེད་ལུགས་ལ་ཡང་འཇུག་ཅིང། དེ་ཡང་རང་གིས་དངོས་སུ་བྱས་པ་དང་གཞན་ལ་བྱེད་དུ་བཅུག་པ། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བ་སོགས་ཏེ་སྡིག་པ་སྤྱི་ལ་འཇུག །"རྟེན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྦྱོར་བ་རང་གིས་དངོས་སུ་བགྱིས་པའམ་གཞན་དག་ལ་བགྱིད་དུ་སྩལ་བ་སྟེ་བྱེད་དུ་བཅུག་པ་ཉིད་དང་ནི།"[]ཞེས་འགྲེལ་བཤད་མཛད་དོ། །

འཇིགས་པ་མི་ཤེས་པ།

[རྩོམ་སྒྲིག]

"དགེ་བ་མི་སྒོམ་ཞིང་ཟག་བཅས་ཀྱི་ཆོས་ལ་སེམས་མི་སྲུང་བས་ན་བག་མེད་པ་ཅན་བདག་གིས་ནི་འཇིགས་པ་འདི་འདྲ་མ་འཚལ་ནས་མི་རྟག་ཚེ་འདིའི་ཆེད་དུ་ནི་སྡིག་པ་མང་པོ་ཉེ་བར་བསྒྲུབས་ཞེས་སོ། །"[]ཞེས་འགྲེལ་བཤད་མཛད་དོ། །

"བདག་གིས་ནི་འཆི་ཁར་སྲོག་འཆད་པའི་སྡུག་བསྔལ་དང་གཤིན་རྗེའི་ཕོ་ཉས་ཟིན་ཅིང་འཁྲིད་པའི་སྡུག་བསྔལ་དང་ཤི་བའི་འོག་ཏུ་ངན་འགྲོར་ལྟུང་བའི་སྡུག་བསྔལ་སོགས་འཇིགས་པ་ཆེན་པོ་གཅིག་རྗེས་སུ་གཅིག་བརྒྱུད་མར་འབྱུང་བ་འདི་འདྲ་བ་ཡོད་པ་མ་འཚལ་ཞིང་མ་ཤེས་ནས་"[]ཞེས་འགྲེལ་བཤད་མཛད་དོ། །

བསྡུས་དོན།

[རྩོམ་སྒྲིག]

མ་འཚལ་ཞེས་པ་ནི་སྤྱིར་ཤེས་པ་མེད་པ་ལ་གོ་ཞིང་། ནང་ཆོས་ཀྱི་ཆ་ནས་ས་བོན་དགེ་འདུན་ལོ་རོས་ཀྱི་སྤྱོད་འཇུག་ལས་གསུངས་པའི་ཚིག་ཞིག་ཡིན་ཏེ། དེའི་ནང་དོན་ནི་མ་རིག་པ་དང་གཏི་མུག་ཆེན་པོའི་དབང་གིས་ལས་རྒྱུ་འབྲས་ཀྱི་ཉེས་དམིགས་དང་བླང་དོར་གྱི་གནས་མ་ཤེས་པ་ཞེས་པའི་དོན་ཡིན། ཐོག་མ་མེད་པའི་འཁོར་བ་ནས་བཟུང་སྟེ་ཚེ་རབས་འདི་དང་སྔོན་གྱི་ཚེ་རབས་གཞན་དག་ཏུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་བྱེད་ལུགས་ལ་འཇུག་ཅིང་། རང་གིས་དངོས་སུ་བྱས་པ་དང་གཞན་ལ་བྱེད་དུ་བཅུག་པ། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བ་སོགས་ལ་ཡང་འཇུག་ཅིང་། འཇིགས་པ་ཆེན་པོ་འདི་འདྲ་ཡོད་པ་མ་ཤེས་པ་ཡང་ཡིན། དེ་ཡང་སྡིག་པ་བཤགས་པའི་ཚུལ་ལ་སྤྱིར་བཏང་བཤགས་པའི་སྐབས་སུ་འགྱོད་པ་སྐྱེད་པའི་ཚུལ་དུ་གསུངས་པ་ཡིན། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  2. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  3. ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  6. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  7. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  8. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  9. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
"https://bo.wikipedia.org/w/index.php?title=མ་འཚལ་&oldid=149382"ལས་སླར་རྙེད་སོང།