མ་ཏྲིའི་འཛབ་བསྟོད་
༄༅༎བདག་ཉིད་སྟོན་པའི་ཐུགས་ཀ་རུ། ཙིཏྟ་རིན་ཆེན་ཟུར་བརྒྱད་པ། གཞའ་ཚོན་འོད་ཀྱི་གུར་ནང་དུ། པདྨ་ཟླ་བའི་གདན་སྟེང་ན། ཁ་དོག་ལྔ་ལྡན་ༀཱ་ཞིག་ལ། བསྙེན་སྔགས་འབྲུ་བརྒྱད་གཡས་སུ་འཁོར། ཡུམ་གྱི་ཐུགས་ཀར་པད་མའི་སྟེང་། ཉི་མ་གདན་ལ་མ་ཞིག་སྐྱེད། བསྙེན་སྔགས་འབྲུ་བརྒྱད་གཡོན་དུ་འཁོར། ༀཱ་མ་ཏྲི་མུ་ཡེ་ས་ལེ་འདུ། ཅེས་པ་སྔགས་ལས་འོད་ཟེར་འཕྲོས། ཡབ་ཡུམ་ཐུགས་ཀར་ལུ་གུ་རྒྱུད། ཡར་འཕྲོས་བདེར་གཤེགས་ཐུགས་དམ་བསྐང་། ཕར་འཕྲོས་འདུལ་དྲུག་ཐུགས་ཀར་ཐིམ། འདུལ་དྲུག་ཐུགས་ཀར་འོད་ཟེར་འཕྲོས། རིགས་དྲུག་ཞིང་ཁམས་སྣོད་བཅུད་སྦྱངས། ཐམས་ཅད་སྙིང་པོའི་སྒྲ་དབྱངས་སྒྲོགས། གཟུགས་སྣང་ཐམས་ཅད་བདེར་གཤེགས་སྐུ། གྲགས་ཚད་ཐམས་ཅད་སྙིང་པོའི་སྒྲ། དྲན་རྟོག་ཐམས་ཅད་བདེར་གཤེགས་ཐུགས། །དེ་ནས་འོད་ཟེར་མདུན་དུ་འཕྲོས། བུམ་པ་དཀྱིལ་འཁོར་ལྷ་ལ་ཕོག འོད་ཟེར་ཉག་ཐག་ལུ་གུ་རྒྱུད། ཡར་འཕྲོས་བདེར་གཤེགས་ཐུགས་དམ་བསྐུལ། བྱིན་རླབས་འོད་ཟེར་བདག་ལ་ཐིམ། ཕར་འཕྲོས་གནམ་རི་ས་བྲག་དང་། སྣོད་བཅུད་ལྷ་དང་ལྷ་མོར་བསྒྱུར། འཛབ་དང་སྙིང་པོའི་སྒྲ་དབྱངས་སྒྲོགས། མར་འཕྲོས་ངན་སོང་གནས་སྟོངས་ནས། ཐམས་ཅད་བདེ་ལ་འཁོད་པར་བསམ། ༀཱ་མ་ཏྲི་མུ་ཡེ་ས་ལེ་འདུ། ཞེས་བགྲང་། འཛབ་བསྟོད་ནི། ༀཱ་རིན་ཆེན་མཛེས་པའི་ཕོ་བྲང་གི། ཉི་ཟླའི་པདྨའི་གདན་སྟེང་ན། རྒྱལ་བ་ཡབ་ཡུམ་གཙོ་འཁོར་ལ། འཛབ་དང་སྙིང་པོའི་མཆོད་པ་འབུལ། ཐུགས་རྗེའི་དགོངས་ལ་བཞེས་སུ་གསོལ། བདག་དང་མཐའ་ཡས་སེམས་ཅན་གྱི། བག་ཆགས་སྒྲིབ་པ་བྱང་བར་མཛོད། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ༀཱ་མ་ཏྲི་མུ་ཡེ་ས་ལེ་འདུ། ༀ་ནི་རྒྱལ་བ་ཡབ་ཀྱི་མཁའ། མ་ནི་བ་ག་ཡུམ་གྱི་ཀློང་། ཏྲི་ནི་མུ་ཆོ་ལྡེམ་དྲུག་སྐུ། ཚ་གྲང་དམྱལ་བའི་སྡུག་བསྔལ་སྐྱོབས། མུ་ནི་གསང་བ་ངང་རིང་སྐུ། བཀྲེས་སྐོམ་ཡི་དྭགས་དབུལ་འཕོངས་སེལ། ཡེ་ནི་ཏི་སངས་རང་ཞིའི་སྐུ། བྱོལ་སོང་གླེན་ལྐུགས་མུན་པ་འཇོམས། ས་ནི་གྲ་བྱིན་དོན་སྤུངས་རྗེ། བྲེལ་ཕོངས་མི་ཡི་འདོད་པ་སྐོང་། ལེ་ནི་ལྕེ་རྒྱལ་པར་ཏིའི་སྐུ། འཐབ་རྩོད་ལྷ་མིན་བརྩོན་ར་བཤིག འདུ་ནི་ཡེ་གཤེན་གཙུག་ཕུད་སྐུ། ལེ་ལོ་ཕབ་ལྟུང་བརྩོན་འགྲུས་བསྐྱེད། འོད་ཟེར་ཕར་འཕྲོས་ཚུར་འདུས་པས། བདག་དང་གཞན་གྱི་སྒྲིབ་པ་སྦྱངས། འོད་ཀྱི་ཉག་ཐག་ལུ་གུ་རྒྱུད། བདེར་གཤེགས་གཙོ་འཁོར་རྣམས་ལ་འབུལ། བྱིན་གྱིས་རློབས་ལ་བཞེས་སུ་གསོལ། རིགས་དྲུག་འཁོར་བའི་གནས་སྟོངས་ནས། ཐར་པ་མངོན་སངས་རྒྱས་པར་ཤོག ༀཱ་མ་ཏྲི་མུ་ཡེ་ས་ལེ་འདུ།ཞེས་དུས་དྲུག་སྐབས་སུ་འབུལ་ལོ། །བཀྲ་ཤིས་པར་ཤོག།