བྷོབ་ཌེལིན་

ཡོང་ཁུངས་Wikipedia

རྩོམ་རིག་དང་སྒྱུ་རྩལ་དཔྱད་བརྗོད་པ་མཁས་དབང་ཝལ་ཁྲིར*ཕེ་ཁྲིར་(Walter Pater)ལགས་ཀྱིས་སྒྱུ་རྩལ་ཐམས་ཅད་ཀྱིས་དུས་རྟག་ཏུ་རོལ་དབྱངས་ཀྱི་ཆོས་ཉིད་ལ་རེ་སྙེག་བྱེད་ཀྱིན་ཡོད་ཅེས་སྡོམ་ཚིག་གྲགས་ཅན་ཞིག་བཞག་ཡོད། འདི་ནི་ཁོང་གིས་སྒྱུ་རྩལ་གྱི་རིགས་གང་ཞིག་ཡིན་ཡང་བརྗོད་བྱ་དང་རྗོད་བྱེད་གཉིས་དབྱེར་མེད་གཅིག་ཏུ་འདྲེས་པའི་རང་བཞིན་ཞིག་བསྐྲུན་པར་བརྩོན་གྱིན་པའི་འདུ་འགོད་ཞིག་ཡིན་པ་ལ་བཞེད་ནས་གསུངས་པ་ཞིག་རེད་འདུག སྤྱི་ལོ་༢༠༡༦ལོའི་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་སྙན་ཚིག་དང་རོལ་མོ་གཞི་གཅིག་ཏུ་བསྲེས་ནས་འཇིག་རྟེན་འཁོར་བའི་བདེ་སྡུག་གླུར་ལེན་མཁན་བྷོབ་*ཌེལིན་(Bob Dylan)ལགས་ལ་བསྩལ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར། ཁོང་ནི་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་ཐ་སྙད་ཀྱི་ཚོགས་ཕར་འཐེན་ཚུར་འཐེན། རྐྱང་སྐུམ། བཙིར་གནོན། སྒྲིམ་ལྷོད། གཙང་བཙགས་སོགས་བཙོ་སྦྱང་གི་རིགས་ཡང་དང་བསྐྱར་དུ་བྱས་ནས་གླུ་ཚིག་སྣ་ཚོགས་སྡེབ་སྦྱོར་བྱེད་མཁན་ཞིག་ཡིན་ལ། སྡེབ་ལེགས་ཚིག་གིས་ཨ་རིའི་གཙོས་འགྲོ་བ་མི་ལ་གཙེ་བའི་དམག་འཁྲུག་དང་། རུལ་སུངས། གནོད་འཚེ། གཡོ་སྒྱུ་ཁྲམ་གསུམ། བཙན་གནོད། དྲང་བདེན་དང་འདྲ་མཉམ་མ་ཡིན་པའི་བྱ་སྤྱོད། རྒྱུ་འབྲས་མེད་པའི་སྲིད་ཇུས་སོགས་དང་། མི་སྒེར་གྱི་སེམས་སྡུག་དང་། བརྩེ་བ། དྲན་གདུང་། འཆི་གསོན་སྐོར་གྱི་བསམ་གཞིགས་སོགས་བྲིས་ནས་རོལ་ཆ་དང་གླུ་སྐད་ཀྱི་དབྱངས་ལ་འདྲེན་མཁན་གྱི་སྒྱུ་རྩལ་པ་ཆེན་པོ་ཞིག་རེད་འདུག གླུ་ཚིག་གི་ལམ་ནས་ཨ་རིའི་ལོ་རྒྱུས་དང་སྤྱི་ཚོགས་རྗོད་ལུགས་རྙེད་ཡོད་པ་དང་། དེ་དག་གི་སྐྱོན་མཚང་འབྲུ་ཐུབ་པའི་བློ་རིག་དང་སྤོབས་པ། ཨ་རིའི་སྒྱུ་རྩལ་རིག་གཞུང་ལས་ཉིང་བཅུད་བླངས་ནས་དེར་གསར་སྣོན་བྱེད་ནུས་པའི་ཡོན་ཏན་བཅས་ལ་དམིགས་ནས་ཁོང་ལ་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་ཀྱི་ཆོ་ལོ་གནང་པ་དཔགས་ཐུབ།

སྐབས་འགར་ཁག་ཁག་སོ་སོར་དབྱེ་དཀའ་ནའང་། སྒྱུ་རྩལ་དང་རིག་པའི་སྡེ། མི་རིགས་སོགས་གང་ཡིན་ཡང་རིགས་ཕྲ་ཞིང་ཕྲ་པར་དགར་བར་དགའ་བའི་དུས་འདིར་གླུ་བ་བྷོབ་*ཌེལིན་ལགས་ལ་རྩོམ་རིག་གི་འཇའ་ས་གྲགས་ཆེན་འདི་གནང་པ་དེས་ཕྲན་ལ་རྩོམ་རིག་གི་ས་མཚམས་རྒྱ་བསྐྱེད་བྱས་སོང་སྙམ་པའི་སྤྲོ་བ་འཕེར་བའི་ཚོར་སྣང་ཞིག་བྱིན། གླུ་ཚིག་རྩོམ་མཁན་དང་གླུ་གཞས་ལེན་མཁན་སྙན་གྲགས་ཅན་ཞིག་ལ་ད་ལོའི་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་གནང་པ་དེར་ནུབ་ཕྱོགས་ཀྱི་སྙན་ངག་པ་དང་བརྩམས་སྒྲུང་པ་མང་པོས་བསྔགས་བརྗོད་བྱེད་ཀྱིན་ཡོད་མོད། རྩོམ་རིག་སྒྱུ་རྩལ་བ་མི་ཉུང་པ་ཞིག་གིས་ཁོང་ངེས་དོན་གྱི་སྙན་ངག་པ་ཡིན་མིན་སོགས་ཀྱི་སྐོར་ལ་དོགས་སློང་བྱས་ནས་འཁང་ར་ཡང་བྱེད་ཀྱིན་ཡོད། ཡིན་ནའང་ཁོ་བོར་གཞས་ཚིག་སྙན་ངག་ཡིན་མིན་དང་། གཞས་ཚིག་རྩོམ་མཁན་སྒྱུ་རྩལ་པ་ཚད་ལྡན་ཡིན་མིན་སོགས་བབ་ཅོལ་གྱི་རྩོད་གླེང་ལས་བརྒལ་ནས་རྒྱུ་རྐྱེན་ཅི་ཞིག་དང་གནས་བབས་གང་ཞིག་གིས་ཁོང་གི་སྙན་ངག་ལ་ཟབ་ཚད་དང་། འགུགས་ཤུགས། ཡུན་བརྟན། ཁྱབ་རྒྱ་བསྩལ་པ་ཡིན་པའི་སྐོར་ལ་མནོ་བསམ་བཏང་བཅུག་སོང་། ནོ་བྷེལ་ཚོགས་པའི་གསར་འགོད་གསར་བསྒྲགས་ལྟར་ན་བྷོབ་*ཌེལིན་ལགས་ལ་༢༠༡༦ལོའི་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་ཕུལ་དོན་ནི་ཁོང་གིས་ཕུན་སུམ་ཚོགས་པའི་ཨ་རིའི་གླུའི་སྲོལ་རྒྱུན་གྱི་ཁྲོད་དུ་སྙན་ངག་གིས་བཅིངས་པའི་བརྗོད་ཚུལ་གསར་བའི་ཚོགས་བསྐྲུན་ཡོད་པས་ཡིན་ཞེས་བརྗོད་འདུག འདིར་གླུའི་སྲོལ་རྒྱུན་ཟེར་དུས་སྔ་སྲོལ་གྱི་གླུའི་རིགས་སམ་དེ་དག་གི་བྱེ་བྲག་ཅིག་ལ་གོ་བ་མ་ཡིན་པར་གླུ་ཡི་རིགས་སྣ་ཚོགས་འཛོམས་པའི་རིག་གཞུང་གི་རྒྱུན་གསོན་པོ་གཏོས་ཆེ་བ་ཞིག་ལ་གོ་དགོས། བྷོབ་*ཌེལིན་ལགས་ཀྱིས་རང་ཉིད་ཀྱི་སྐད་གྲགས་ཆེ་ལ་རང་ཚུགས་ལྡན་པའི་གླུ་དབྱངས་དག་ཨ་རིའི་གླུའི་རིག་གཞུང་གི་ཆུ་ཀློང་ཆེན་པོའི་གཞུང་ལ་བཏབས་ཡོད་པ་དེ་དེང་རབས་རོལ་དབྱངས་ལ་དཔྱོད་མཁན་དང་ཁོང་གི་གླུར་དུང་མཁན་གྱི་མི་མང་པོས་ཡུན་རིང་པོར་དོ་སྣང་བྱུང་ཡོད། ད་ལོའི་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་ཀྱིས་དེ་བདེན་དབང་དང་ནན་བཤད་བྱས་འདུག་གོ།

གསར་རྩོམ་བྱེད་དུས་གཞན་ལ་ལྟོས་དགོས་པ་དང་། གཞན་ནས་ལེན་དགོས་པ། གཞན་ཞིག་བརྒྱུད་དགོས་པ། སྒྱུ་རྩལ་གྱི་མེས་པོ་དག་ལ་བསྟེན་དགོས་པར་འདུག་ལ། རང་ཉིད་ཀྱི་སྒྱུ་རྩལ་གྱི་རྣམ་དཔྱོད་དེ་གསར་རྙིང་གི་རྟེན་འབྲེལ་ཕྲ་མོར་འཇུག་ཐུབ་དགོས་པ་ཞིག་རེད་འདུག་སྙམ། བྷོབ་*ཌེལིན་ལགས་ཀྱིས་བགྲང་བྱ་ལྔ་བཅུ་ལྷག་གི་རིང་ལ་གླུ་ཚིག་དང་དབྱངས་བརྩམས་དུས་ཨ་རིར་གླུའི་རྣམ་གྲངས་མ་འདྲ་བ་མང་པོ་ཡོད་པ་ལས་རྨང་གཞིའི་རྒྱུ་ཆ་ཡང་ནས་ཡང་དུ་བླངས་ཡོད། ཁོང་གིས་སྒྱུ་རྩལ་གྱི་འགྲིམ་འགྲུལ་རིང་མོ་འགོ་བརྩམས་མ་ཐག་ནས། དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་སྔར་སྲོལ་གྱི་གླུའི་རིགས་དང་། ཨ་རིའི་མི་ནག་གིས་གསར་བསྐྲུན་བྱས་པའི་བྲན་གཡོག་གི་འཚོ་བ་ལེན་པའི་གླུའི་རྣམ་གྲངས་དང་ཡིད་སེམས་སྦྲིད་པར་བྱེད་པའི་སྨྲེང་གླུའི་(blues songs)རིགས། དད་སེམས་དྲག་པོས་གཡོས་ཏེ་སྐད་གཟེངས་མཐོ་ལ་འཇམ་ཞིང་སྨྲར་དག་པར་ལེན་པའི་ཡེ་ཤུའི་ཆོས་གླུ་(gospel songs)། ལུས་སེམས་གཉིས་ཀ་སྤྲོ་བས་སྒུལ་བར་བྱེད་པའི་དབྱངས་རྟའི་འཕར་ལྡིང་ལྡེམ་མྱུར་ཅན་ལྗ་ཟི(jazz)། དབྱིན་ཇི་དང་ཨར་ལན་ཌི་སོགས་ནས་དར་ཡོང་བའི་སྒྲུང་གཏམ་རྗོད་པའི་སྐྱོ་གླུའི་རིགས་ལ་སོགས་པ་ལས་དབྱངས་རྟ་དང་། ཚིག བསམ་བློ། བརྗོད་བྱའི་རིགས་བྲུས་ཡོང་ནས་གླུ་བ་རང་ཉིད་ཀྱི་ཡུལ་དུས་དམིགས་བསལ་བ་མཚོན་ཐུབ་པའི་རོགཁིན་རོལ་(rock and roll)གྱི་ལུགས་ལ་ཕྱོགས་པའི་གླུ་དབྱངས་མང་པོ་གསར་རྩོམ་བྱས་ཡོད་རེད།

འདིར་ཁོང་གིས་༡༩༦༢ལོར་བརྩམས་པའི་གླུ་གྲགས་ཅན་གཉིས་དཔེར་བཞག་ནས་གཞས་གདངས་དང་གཞས་ཚིག་གསར་རྙིང་བསྲེས་ཏེ་གླུ་གསར་རྩོམ་སྟངས་མདོར་ཙམ་བཤད་ན། མི་རིགས་དབྱེ་འབྱེད་ཀྱི་ཕྱོགས་ཞེན་དང་། དམག་འཁྲུག་གི་ཡ་ང་བའི་མཐའ་འབྲས། སྲིད་ཇུས་ངན་པའི་མནར་གཅོད་སོགས་བརྗོད་བྱར་བྱས་པའི《ཆར་བ་དྲག་པོ་ཞིག་འབབ་གི་རེད། A Hard Rain’s A-Gonna Fall》ཅེས་པའི་གླུའི་ཕྱི་མོ་ནི《སྐུ་ངོ་རཎ་ཌལ། Lord Randal》དུ་གྲགས་པ་ཧ་ལམ་དུས་རབས་བཅུ་གསུམ་ལ་ཁུངས་གཏུག་རྒྱུ་ཡོད་པའི་སྐྱོ་གླུ་ཞིག་ཡིན་ལ། དབྱིན་ཡུལ་ནས་ཨ་རིར་དར་བའི་སྐྱོ་གླུ་དེས་སྐུ་ངོ་རཎ་ཌལ་ཞེས་པའི་ཨ་མས་དྲི་བ་དྲི་ལན་གྱི་ལམ་ནས་སྐུ་ངོར་ཁོང་གི་དགའ་རོགས་ཀྱིས་དུག་དྲངས་པས་གང་མགྱོགས་འཆི་རྒྱུ་ཡིན་པ་ཧ་གོ་པའི་སྒྲུང་གཏམ་ཞིག་བཤད་ཡོད་རེད། 《ཆར་བ་དྲག་པོ་ཞིག་འབབ་གི་རེད》ཅེས་པའི་གླུས་ཡང་དྲི་བ་དྲི་ལན་གྱི་ལམ་ནས་ནད་མུག་མཚོན་འཁྲུག་གིས་དེད་པའི་དུས་མཐའ་སྐྱི་གཡའ་བ་ཞིག་འཇིག་རྟེན་མིའི་མགོར་ཡོང་གི་ཡོད་པའི་བསམ་བློ་ཞིག་བརྗོད་ཡོད། སྐབས་དེའི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ལ་བྱུང་བའི་གྲང་བའི་དམག་འཁྲུག་དེ་མིའི་འགྲོ་བ་རྨེག་མེད་དུ་གཏོང་བའི་རྡུལ་ཕྲན་མཚོན་ཆའི་འཐབ་འཛིང་ཞིག་ལ་འགྱུར་སྲིད་སྙམ་པའི་འཇིགས་སྣང་དེའང་མཚོན་ཡོད། ཡིན་ཙང་《ཆར་བ་དྲག་པོ་ཞིག་འབབ་གི་རེད》ཅེས་པར་བྷོབ་*ཌེལིན་ལགས་ཀྱིས་གནའ་མི་སྐུ་ངོ་རཎ་ཌལ་ལགས་ཀྱི་སྒེར་གྱི་འཆི་བ་དང་ཁྱིམ་ཚང་གི་སྐྱོ་སྡུག་དེ་དེང་རབས་འགྲོ་བ་མིའི་ཆག་འཇིག་དང་སྡུག་བསྔལ་ལ་སྦྱར་ནས་ལེན་ཐུབ་ཡོད།

དཔེར་བརྗོད་གཉིས་པ་ནི་དམག་འཁྲུག་དང་ཆོས་འཇིག་རྟེན་གཉིས་ཀྱི་ཐར་བ་བརྗོད་གཞིར་བྱས་པའི་《རླུང་ལ་གཡུག་གི་འདུག Blowin’ in the Wind》ཅེས་པའི་གླུ་ཤན་ཤུགས་ཆེན་པོ་ཅན་དེ་ཡིན་ལ། གླུ་དེའི་གདངས་འགྲོས་དང་ཕུགས་འདུན་གཉིས་《ད་ནས་མི་ཚོང་གཏམ་སའི་སྟེགས་བུ་མེད། No more auction block》དམ་《སྟོང་ཕྲག་མང་པོ་བཞུད་ཚར་རེད། Many thousands gone》ཞེས་པར་གྲགས་པའི་བྲན་གཡོག་ལམ་ལུགས་ལ་རྒོལ་པའི་ཆོས་གླུའི་རིགས་བྱེ་བྲག་པ་(spiritual)་ཞིག་ལས་བླངས་པ་རེད་འདུག ཆོས་གླུ་འདིར་དབྱིན་ཇུའི་རྒྱལ་སྲིད་ཀྱིས་དུས་རབས་བཅུ་དགུའི་སྟོད་དུ་ཨ་རིར་མི་ནག་གི་བྲན་གཡོག་ལམ་ལུགས་རྩ་རྫོགས་བྱས་རྗེས། བྲན་གཡོག་ལས་ཐར་བ་རྣམས་ཀྱིས་བྲན་གཡོག་སྟོང་ཕྲག་མང་པོའི་འཆི་བ་འོ་དོད་ཀྱི་དབྱངས་ཀྱིས་དྲན་གསོ་བྱས་ནས་གསར་དུ་ཐོབ་པའི་རང་དབང་དེ་ནན་གྱིས་བརྗོད་ཡོད། བྷོབ་*ཌེལིན་ལགས་ཀྱིས《རླུང་ལ་གཡུག་གི་འདུག》ཅེས་པས་ཆོས་གླུ་དེའི་དབྱངས་རྟ་དང་དེའི་གཏིང་ལ་འཐིམ་པའི་སྨྲེང་སེམས་དང་རང་དབང་ལ་དུང་བའི་འདུ་ཤེས་བཅས་ཀྱི་རྒྱུན་དེ་རོལ་ཆའི་འབུད་རྡུང་དཀྲོལ་ལུགས་དང་ངག་འགུགས་སྟངས་གསར་བའི་ལམ་ནས་བསྐྱངས་ཡོད་རེད། ཤེས་དགོས་པ་ཞིག་ལ་གླུ་འདི་དང་པོ་ས་ཁྱབ་རྡོ་ཁྱབ་དུ་འགྲོ་དུས་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་བ་ཡིན་པ་དང་། དེ་ཡང་སྤྱི་སྒེར་གཉིས་ཀྱི་རང་དབང་གི་ཐད་ནས་བློ་ཁ་ཁྱོན་ནས་ཚིམ་གྱིན་མེད་ལ། དམག་འཁྲུག་དང་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་མ་རུངས་པས་གཙེས་ཀྱིན་པའི་ཨ་རིའི་མི་རབས་གསར་བ་ཞིག་གི་སེམས་ཁམས་ལེན་ཐུབ་ཡོད་པ་ཞིག་རེད་གདའ།

གོང་དུ་དྲངས་བའི་གླུ་གཉིས་ལས་ཀྱང་དཔག་ཐུབ་པ་ལྟར་བྷོབ་*ཌེལིན་ལགས་ཀྱི་གླུ་དབྱངས་མང་པོས་དྲང་བདེན་དང་འདྲ་མཉམ་མ་ཡིན་པའི་གཞུང་སྒེར་གཉིས་ཀྱི་བྱ་སྤྱོད་ཐེར་འདོན་བྱས་ཡོད། ལྷག་པར་དུ་རྒྱུ་འབྲས་ཏིལ་འབྲུ་ཙམ་ཡང་མེད་པའི་ཨ་རིའི་རྒྱལ་ནང་གི་མི་ནག་ཁྱད་གསོད་ལམ་ལུགས་དང་ཕྱི་སྲིད་ཀྱི་ཁ་ལོ་ཁྲག་དྲི་བྲོ་བའི་གཡུལ་འགྱེད་སྲིད་ཇུས་ཀྱིས་བསྒྱུར་བཅུག་པ་དེར་ཡང་ནས་ཡང་དུ་རྒོལ་ཡོད་རེད། རྒྱུ་མཚན་འདིར་བརྟེན་དང་ཐོག་ཉིད་ནས་ཁོང་ནི་དྲང་བདེན་མ་ཡིན་པར་ཡ་ལན་སྤྲོད་མཁན་ཏེ་རོང་འབྲོག་ཡུལ་གྱི་རོལ་དབྱངས་ལུགས(country music)་ཀྱི་གླུ་བ་ཆེན་མོ་ཝོས་ཌིས་*དགའ་ཐིརིས་(Woody Guthrie)སོགས་ཀྱི་ཕྱི་ཕྱིར་འབྲང་ནས་ངོ་རྒོལ་གྱི་གླུ་(protest songs)འབྲི་མཁན་དང་ལེན་མཁན་ཞིག་ལ་བརྩིས་ཡོད། མི་ནག་བྲན་གཡོག་ཏུ་བཀོལ་བའི་ལམ་ལུགས་དུས་རབས་བཅུ་དགུའི་སྟོད་ནས་གཏོར་ཡོད་ནའང་མི་ནག་གི་རིགས་ལ་དམིགས་པའི་སྙིང་རྗེ་དང་འདྲ་མཉམ་མེད་པའི་ཁྲིམས་ལུགས་དང་སྲིད་ཇུས། གཤིས་སྤྱོད་སོགས་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་དང་བདུན་ཅུར་མུ་མཐུད་དུ་གནས་ཡོད་རེད། མི་ནག་དང་མི་དཀར་གཉིས་ཀྱིས་ཐུན་མོང་གི་སྒྲིག་འཛུགས་སློབ་གྲྭ་དང་། འགྲིམ་འགྲུལ། ཟ་ཁང་། གསང་སྤྱོད་སོགས་མཉམ་དུ་སྤྱོད་མི་ཆོག་པའི་སྲིད་ཇུས་གཏན་ལ་ཕབས་ཡོད་ལ། མི་ནག་ལ་ཨ་རིའི་སྤྱི་འབངས་ཀྱི་ཐོབ་ཐང་དང་རང་དབང་གི་རིགས་སོགས་ཆ་ཚང་སྤྲད་མེད་པར་ཕྱོགས་ཞེན་དང་བཅས་ཏེ་བརྙས་བཅོས་ཚད་མེད་བྱེད་ཀྱིན་ཡོད། གནས་བབས་དེར་ལེགས་བཅོས་བྱེད་པར་ཨ་རིའི་མི་ནག་གཙོས་རྒྱུ་འབྲས་ཀྱི་བློ་མིག་ཅན་ཚོས་སྤྱི་འབངས་ཐོབ་ཐང་རྩོད་པའི་ལས་འགུལ་ཆེན་པོ་ཞིག་(The Civil Rights Movement)སྤེལ་ཡོད་ལ། བྷོབ་*ཌེལིན་ལགས་ཀྱི་《ཁོང་ཚོའི་འགྲན་རྩེད་ཀྱི་སྣ་རྡེའུ་ཙམ། Only a Pawn in Their Game》དང་། 《ཌཝིས་*མོར་ལགས་སུས་བསད་པ་རེད། Who Killed Davey Moore?》 《ཧེཁྲིས་*ཁ་རིལ་ལགས་ཀྱི་ཁེར་འཆི། The Lonesome Death of Hattie Carrol》སོགས་ཀྱིས་མི་ནག་དང་མི་ནག་གི་ཐོབ་ཐང་རྩོད་མཁན་རྣམས་བསམ་ཡུལ་ལས་འདས་པའི་དམར་གསོད་དང་མནར་གཅོད་བྱས་པའི་སྐོར་གཞས་སུ་བཏང་ཡོད། གཞན་ཁོང་གི་གླུ་གྲགས་ཅན་《ཆར་བ་དྲག་པོ་ཞིག་འབབ་གི་རེད》 《དམག་འཁྲུག་གི་དབང་པོ་དག Masters of War》སོགས་ཀྱིས་ནུབ་ཀྱི་རིག་གཞུང་གི་གཏིང་ལ་སིམ་ཡོད་པའི་ཡེ་ཤུའི་གསུང་རབ་(The Christian Bible)ཀྱི་སྒྲུང་གཏམ་དང་གཟུགས་བརྙན་གྱི་རིགས་བེད་སྤྱོད་བྱས་ནས་གཡུལ་འགྱེད་ལ་ཕྱོགས་པའི་ཨ་རིའི་ཕྱི་སྲིད་ལ་རྒོལ་ཡོད་རེད། ཡང་དགོས་ཨ་རིའི་ཆབ་སྲིད་དང་དཔལ་འབྱོར་གྱི་ནུས་ཤུགས་ཐམས་ཅད་དམག་དོན་དུ་བཏངས་ནས་ཚང་མ་དུས་མཐར་ཁྲིད་ཀྱིན་པའི་སེམས་ཁུར་ཞིག་དང་། དམག་འཁྲུག་ནི་ཚོང་སྡེ་ཆེན་པོའི་ཁེ་ཕན་འཚོལ་བའི་མགོ་བདེ་དྲན་འཕྲུལ་གྱི་བྱ་གཞག་ཉག་གཅིག་ཡིན་པའི་བསམ་བློ་ཞིག་བརྗོད་ཡོད།

བྷོབ་*ཌེལིན་ལགས་ནི་གླུའི་རིགས་འདྲ་མིན་བསྲེས་ཏེ་གླུ་ཚིག་གསར་རྩོམ་བྱས་ནས་རང་གི་ཐུན་མིན་གྱི་སྐད་ལ་བསྡོངས་ནས་ལེན་ཐུབ་པར་བརྟེན་ཀུན་ལ་གྲགས་པ་ཞིག་ཡིན་པ་ལས། ཁོང་ལ་སྐད་སྙན་འཇེབས་ལྡན་པ་ཞིག་ཡོད་པས་དང་ངག་ཡ་མཚན་བདེ་བོ་ཞིག་ཡོད་པས་མིང་གྲགས་ཐོབ་པ་ནི་མ་ཡིན་ནོ།། གཞས་ཚིག་དག་རོལ་མོའི་ཡེར་མོ་རེ་རེར་བསྐྱོན་ནས་སྣ་སྒྲ་ཤས་ཆེ་ཞིང་རྩུབ་ལ་སྦོམ་པའི་སྐད་ངག་གིས་ལེན་མཁན་ཞིག་ཡིན་པས་ཁོང་གི་གླུ་མང་པོར་བླ་འཁྱམས་པར་བྱེད་པའི་ནུས་ཤུགས་ཞིག་མཆིས། རྒྱུ་མཚན་འདིའི་རྐྱེན་གྱིས་བོད་པའི་ནང་ཆོས་ཉམས་ལེན་པ་དབྱིན་ཇུའི་གླུ་ཚིག་རྩོམ་མཁན་དང་གླུ་བ་གྲགས་ཅན་ཌཝིཌི་*བྷོ་བིས་(David Bowie)ལགས་ཀྱིས་སྤྱི་ལོ་༡༩༧༡ལོར།

བྷོབ་*ཌེལིན་ཟེར་བའི་ཕོ་གཞོན་ཁྱད་མཚར་ཞིག། བྱེ་མ་དང་སྤྱིན་ཆུ་འདྲ་བའི་སྐད་ངག་ཅན།། ཁོའི་ཁ་ཚིག་དྲང་བདེན་དགྲ་ཤ་ལེན་པ་དེས། ང་ཚོ་ནི་ཐང་ལ་མནན་ནས་འཛིན་ཐུབ་གི།

ཟེར་ནས་གླུ་ཞིག་བླངས་ཏེ་ཁོང་གི་གླུ་སྐད་དང་སྙན་ཚིག་གི་སྟོབས་ཤུགས་ལ་འགྲེལ་བརྗོད་གནད་ལ་ཕོག་པ་བྱས་ཡོད། བྷོབ་*ཌེལིན་ལགས་ཀྱིས་རོལ་དབྱངས་དང་གླུའི་རིགས་ཀྱི་རྒྱུན་བརྐྱངས་པ་ཙམ་མ་ཡིན་པར། ཁོང་གིས་གཞས་ཚིག་མང་པོ་ཨ་རི་དང་ནུབ་ཕྱོགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ཀློང་ཡངས་པོ་ལས་རྒྱུ་ཆ་བླངས་ཏེ་བརྩམས་ཡོད་པ་དང་རྒྱུན་དེར་ཕྱིར་དཀར་ཐིགས་ཀྱང་མི་དམན་པ་བརྒྱབ་ཡོད། ཁོང་ལ་ཤན་ཤུགས་ཐེབས་མཁན་ཁ་ཤས་ཤིག་དྲངས་ན། ཡེ་ཤུའི་གསུང་རབ་ཀྱི་གཏམ་རྒྱུད་སྣ་མང་དང་། དེའི་ཀུན་སྤྱོད་དང་ནང་སེམས་ཀྱི་སྐོར་གྱི་བསམ་བློའི་རིགས། མི་སྣ་གསོན་པོ་དང་། གཟུགས་བརྙན་གསལ་རྗེན། དམངས་གླུ་དང་ཐ་སྙད་ཀྱི་རོལ་རྩེད་ཀྱིས་ཕྱུག་པའི་ཞེཁི་སི་ཕེར་(Shakespeare)ལགས་ཀྱི་བརྩམས་ཆོས། བརྗོད་གཞི་གཟུགས་བརྙན་གྱི་ཤུགས་ནས་སྟོན་པ་ལས་ཐད་གར་མི་སྨྲ་བའི་ཡུ་རོབ་ཀྱི་བསྡུས་བརྗོད་རིང་ལུགས་དང་མངོན་སུམ་དང་གཏན་ཚིགས་ལས་བྲལ་པའི་དངོས་བརྒལ་རིང་ལུགས། འདི་གཉིས་ཀར་འབྲེལ་འདྲིས་ཆེ་བའི་གསར་གཏོད་དང་ཚོད་ལྟའི་རང་བཞིན་ལྡན་པའི་དབྱིན་ཇི་དང་ཨ་རིའི་དེང་རབས་རིང་ལུགས། དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་པར་རླུང་རྟ་ཆེས་ཆེར་དར་ལ་ནང་ཆོས་ཀྱིས་ལྟ་གྲུབ་ལ་དགའ་བའི་སྙན་ངག་པ་ཨ་ལིན་*ལྗིན་སི་བྷག་(Allen Ginsberg)ལགས(རྗེས་སུ་བོད་ཀྱི་སྤྲུལ་སྐུ་གྲགས་ཅན་ཆོས་རྒྱམ་དྲུང་པར་ཆོས་འབྲེལ་བྱུང་བའི་སྙན་ངག་པ་དེ)ཀྱིས་རུ་འདྲེན་བྱས་པའི་མཁོས་ཆུང་ཞིག་པོའི་སྡེ་སྟེ་བྷིས་ཁྲིའི་མི་རབས(the Beat Generation)ལ་སོགས་ཀྱི་རྐང་རྗེས་དང་མཛུབ་རིས་བྷོབ་*ཌེལིན་ལགས་ཀྱི་བརྩམས་ཆོས་ཀྱི་གསེང་དུ་བཞག་ཡོད་པ་མཐོང་ཐུབ། འདི་ལྟར་བྷོབ་*ཌེལིན་ལགས་ཀྱིས་ཡིག་ངག་གཉིས་ཀྱི་སྒྱུ་རྩལ་གྱི་རྒྱུན་ཞིག་བརྐྱངས་ཡོད་པས་དབྱིན་ཇི་དང་ཨ་རི་ནས་སློབ་གྲྭ་ཆེ་ཆུང་ཁག་དང་། དེང་རབས་ཀྱི་རིག་གཞུང་དང་རྩོམ་རིག་ལ་ཉམས་ཞིབ་བྱེད་མཁན་གྱི་སྡེ་སོགས་ཀྱིས་དུས་རབས་སྔོན་མའི་ལོ་རབས་བདུན་ཅུའི་མགོ་སྟོད་ནས་བཟུང་ཁོང་གི་སྙན་ཚིག་སློབ་ཁྲིད་བྱེད་པ་དང་། དེའི་སྐོར་ལ་དཔྱད་རྩོམ་དང་དཔེ་དེབ་སོགས་ཞིབ་འཇུག་གི་ལས་གཉེར་མང་པོ་སྒྲུབ་དང་སྒྲུབ་བཞིན་ཡོད་རེད།

རྩོམ་པ་པོ་དང་རྩོམ་རིག་དཔྱད་བརྗོད་མཁན་དང་ཞུ་ཆེན་མཁས་དབང་སམས་མོལ་*ལྗོན་སིན་(Samuel Johnson)ལགས་ཀྱིས་ཞེཁི་སི་ཕེར་གྱིས་ཐག་རིང་པ་དེ་ཐག་ཉེར་གཏོང་ལ། རྫུ་འཕྲུལ་གྱིས་བཅིངས་པ་དེ་ཆ་ཡོད་དུ་གཏོང་ཞེས་དང་། གསར་བ་ཐམས་ཅད་ཆ་ཡོད་དུ་གཏོང་ལ། ཆ་ཡོད་པ་ཐམས་ཅད་གསར་བར་གཏོང་ཞེས་ཞེཁི་སི་ཕེར་ལགས་གྱི་བརྩམས་ཆོས་བརྒྱུད་ནས་ཕུལ་དུ་བྱུང་པའི་སྙན་རྩོམ་གྱི་ཡོན་ཏན་རྩ་ཆེན་ཞིག་ངོས་འཛིན་བྱས་ཡོད། བྷོབ་*ཌེལིན་ལགས་ཀྱི་གླུ་ཚིག་མང་པོར་ཡང་རྒྱུས་ཡོད་རྒྱུས་མེད་དུ་གཏོང་ཐུབ་ལ་རྒྱུས་མེད་རྒྱུས་ཡོད་དུ་གཏོང་ཐུབ་པའི་ནུས་པ་ཞིག་གིས་བརླམས་ཡོད། མངོན་སུམ་གྱི་སྣང་བར་མི་བསྟུན་པར་རྨི་ལམ་དང་བག་ལ་ཉལ་བའི་འདུ་ཤེས་ཀྱི་རིགས་ཀྱིས་གྲུབ་པའི་དངོས་བརྒལ་རིང་ལུགས་ཀྱི་ཤན་ཤུགས་ཐེབས་ཡོད་པས་ཁོང་གི་སྙན་ཚིག་ཏུ་ཁྱད་ཆོས་འདི་ལྷག་ཏུ་ཐོན་ཡོད། དཔེར་ན་《སྐྱོན་མི་འདུག ཨ་མ་ལགས། (ང་ལ་ཁྲག་བཞུར་བ་ཙམ།) It’s Alright, Ma (I’m Only Bleeding)》ཞེས་པའི་ངོ་རྒོལ་གྱི་གླུ་གྲགས་ཆེན་ལྟ་བུར་གཟུགས་བརྙན་སྣ་ཚོགས་དང་སྒྲ་རྒྱན་གྱི་རིགས་ནི་ཆུ་མིག་བརྡོལ་བ་དང་འདྲ། ཕན་ཚུན་འཚམས་མིན་ལ་མ་ལྟོས་པར་གཟུགས་བརྙན་མང་པོ་བསྣོལ་ནས་ཨ་རིའི་སྤྱི་ཚོགས་ཀྱི་འདོད་རྔམ་དང་གཡོ་སྒྱུ། རུལ་སུངས། འགྲོ་བ་མི་རྨེག་མེད་གཏོང་བར་བྱེད་པའི་དམག་དོན་ལ་འབད་པའི་ཆབ་སྲིད་སོགས་མི་ཆོས་ལྷ་ཆོས་གཉིས་ཀར་བརྒལ་བའི་རིགས་ཀྱི་སྐྱོན་མཚང་ཁོང་སྒེར་གྱི་ངོས་ནས་བྲུས་ཡོད། གླུ་འདི་གཟུགས་བརྙན་སྣ་ཚོགས་བརྩེགས་ནས་མགོ་འདི་ལྟར་བརྩམས་ཡོད།

ཉིན་གུང་ཤར་མ་ཐག་གི་མུན་ནག་དེས།། དངུལ་གྱི་ཁྱེམ་བུ་དང་ནི་ལག་བཟོའི་གྲི། བྱིས་པའི་དབུགས་སྒང་ལའང་གྲིབ་སོ་འཕེན།། ཉི་མ་ཟླ་བ་གཉིས་ཀྱང་སྒྲིབ་པར་བྱེད།། གང་དེ་རྟོགས་པར་བརྩོན་པའི་ལས་གཉེར་བ།། དོན་མེད་ཡིན་པ་ཁྱེད་ཀྱིས་གང་མགྱོགས་ཤེས།། *

ཉིན་གུང་དང་ཁྱེམ་བུ། དབུགས་སྒང་། ཟླ་བ། གང་མགྱོགས་(noon, spoon, balloon, moon, soon)བཅས་དབྱིན་སྐད་དུ་སྒྲ་ཕལ་ཆེར་མཚུངས་པའི་ཐ་སྙད་དག་ཚིག་རྐང་རེའི་མཐར་སྒྲ་རྒྱན་གྱི་ལམ་ནས་བསྒྲིགས་ཏེ་ཤུགས་བསྟན་གྱི་མཚོན་དོན་ལྡན་པའི་ངང་གཤིབ་ནས་བཞག་ཡོད། སྒྲ་རྒྱན་གྱི་ལམ་ནས་ཟླ་བ་དབུགས་ལྒང་ལ་བསྡུར་པ་དེས་གཟུགས་བརྙན་རིང་ལུགས་ཀྱི་སྙན་ངག་པ་ཐོག་མའི་གྲས་ཀྱི་ཁྲིས་ཨིས་*ཧུམ་(T. E Hulme)ལགས་ཀྱི་སྙན་ངག《གྲུ་ཁའི་སྟེང་ཕྱོགས་སུ། Above the Dock》ཞེས་པར་དབུགས་ལྒང་ཟླ་བའི་གཟུགས་སུ་བྱས་པའི་ཆ་ཡོད་ཆ་མེད་དུ་གཏོང་པའི་ནུས་པ་དེ་དྲན་གསོ་བྱས་ཡོད་འདུག་སྙམ། གཞན་ཕལ་ཆེར་འཛམ་བུ་གླིང་རྡུལ་ཕྲན་མཚོན་ཆས་ནག་ཚུབ་སེར་འཇིག་གི་རེད་བསམ་པའི་འཆར་སྣང་དེ་ཉིན་གུང་གི་མུན་ནག་ཉི་ཟླ་གཟས་བཟུང་བ་འདྲ་བའི་གཟུགས་བརྙན་ཞིག་གིས་བཞེངས་འདུག་ལ། སྣང་བརྙན་དེའི་རྒྱབ་ཡོལ་ན་ཡེ་ཤུ་མ་ཤི་ཀ་བརྒྱངས་ཤིང་ལ་དམར་གསོད་བྱས་ཉིན་ལ་ཉིན་གུང་ཡུལ་ལུང་སྨག་རུམ་གྱིས་བཏུམས་པའི་གསུང་རྒྱུན་དེ་ཡོད་སྲིད། མདོར་དྲིལ་ན་《སྐྱོན་མི་འདུག ཨ་མ་ལགས། (ང་ལ་ཁྲག་བཞུར་བ་ཙམ།)》ཞེས་པས་ཆ་ཡོད་དང་ཆ་མེད་མང་པོ་ཞིག་གཟུགས་བརྙན་གྱི་ལམ་ནས་བསྟན་ཏེ་སྤྱི་ཚོགས་དང་རྒྱལ་སྲིད་ཀྱི་སྒྲོག་གིས་བཅིངས་པའི་མི་སྒེར་གྱི་ལས་དབང་དང་དེ་ལས་ཐར་འདོད་ཀྱི་རང་དབང་གི་འདུན་པ་ཞིག་བཅས་བླངས་ཡོད་རེད།

བྷོབ་*ཌེལིན་ལགས་ཀྱི《རྔ་སིལ་དཀྲོལ་མཁན་ལགས། Mr. Tambourine Man》དང་《རྦབ་རྡོ་ཞིག་འགྲིལ་གྱིན་པ་ནང་བཞིན། Like a Rolling Stone》སོགས་གླུ་གྲགས་ཅན་གང་མང་ཞིག་གིས་མི་ལ་རང་དབང་སྤྲོད་ཐུབ་པའི་སྒྱུ་རྩལ་གྱི་བྱེད་ནུས་དང་། སྒྱུ་རྩལ་པ་ནི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་དབང་འཛིན་པར་བརྩི་མཐོང་དང་འཛེམ་དོགས་མི་བྱེད་པའི་སྒེར་ཚུགས་ཅན་ཞིག་ཡིན་པར་བསམ་པའི་སྣང་ཚུལ་ཞིག་བརྗོད་ཡོད། བོད་པའི་གཏམ་དཔེ་གར་འགྲོ་ཐང་དཀར་རྒོད། གང་ལ་ཐོན་ན་ཡུལ། ཆུ་ཁ་ཐོན་ན་ཇ་ཟེར་བར་འཐིམ་ཡོད་པའི་སྨྲེང་བ་དང་། རང་དབང། རེ་སྤོབས་ཀྱིས་གྲུབ་པའི་སེམས་ཁམས་དེ་ལྟ་བུ་ཞིག་ཁོང་གིས་ཐེངས་མང་པོར་གླུར་བླངས་ཡོད། བྷོབ་*ཌེལིན་ལགས་ནི་གཞུང་སྒེར་གྱི་ཚོགས་པ་དབང་ཤུགས་ཅན་ཚོར་རྒོལ་མཁན་ཞིག་དང་མི་སྒེར་གྱི་རང་དབང་གཙིགས་སུ་འཛིན་མཁན་ཞིག་ཡིན་པས། ཁོང་ནི་ཨཌི་ཝརཌི་*ས་ཡསཌི་(Edward Said)ལགས་ཀྱིས་བསྟོད་བསྔགས་བྱས་པའི་སྒེར་ཚུགས་ཅན་གྱི་ཤེས་ལྡན་དེ་དབང་ཤུགས་ཅན་ལ་སྐྲག་སྣང་མེད་པར་གཤེ་ཕོད་ལ་དེར་དྲང་བདེན་བཤད་ཐུབ་མཁན་གྱི་སྐྱེས་བུ་དམ་པ་དེ་དང་མཚུངས་སྙམ། ཁོང་ལ་དབང་ཡོད་ལ་སྣང་ཆེན་མི་བྱེད་པའི་ལྟ་སྤྱོད་འདི་འདྲ་ཞིག་ཡོད་པས་ནུབ་ཕྱོགས་ཀྱི་ཤེས་ལྡན་མང་པོར་ཁོང་གིས་ནོ་བྷེལ་གཟེངས་རྟགས་ངོས་ལེན་བྱེད་མིན་མི་ཤེས་པའི་ཐེ་ཚོམ་ཞིག་སྐྱེ་བཅུག་ཡོད། ཁོང་གིས་ནོ་བྷེལ་ཚོགས་པར་ད་དུང་ཡིན་ནའང་ཁ་ཡ་ཅི་ཡང་བྱས་མེད་པས་དོགས་པ་འདི་ལུང་བསྟན་དུ་འགྲོ་མིན་བཤད་དཀའ། བྷོབ་*ཌེལིན་ལགས་ཀྱིས་ཁོང་གཞོན་ནུ་ཡིན་དུས་ནས་བཟུང་རང་འདོད་དང་རང་ཤེད་ཚ་བོས་སྒྱུ་རྩལ་གྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་སྣང་བརྙན་ཞིག་བསྐྲུན་ཡོད། དེར་མི་སུ་དང་མི་མཐུན་པའི་རྩིང་སྤྱོད་དང་། རློམ་སེམས། སྣང་ཆུང་གི་རིགས་ཀྱང་གང་འཚམས་འདྲེས་ཡོད། རང་གིས་རང་ལ་བསྐྲུན་པའི་སྣང་བརྙན་གྱིས་རང་ཉིད་བཙོན་དུ་འཛིན་ཡང་སྲིད་པས་དེའི་སྐོར་ལའང་འདང་ཞིག་རྒྱག་རྒྱུ་འདུག་སྙམ། གཞན་ཁོང་གིས་ཚིམ་པ་མེད་པའི་མཛད་སྤྱོད་པའི་བྱ་སྤྱོད་དང་ཁེ་ཕན་མ་གཏོགས་མི་མཐོང་བའི་ཚོང་ལས་རིགས་ལ་དགག་ཡོད་ནའང་ཁོང་གི་བརྩམས་ཆོས་མང་པོའི་བྲིན་ཚད་དང་ཀུན་ལ་ཁྱབ་པའི་སྙན་གྲགས་སོགས་ཀྱང་ཚོང་སྡེ་ཆེན་པོ་དག་གི་དབང་ཤུགས་དང་། གཅིག་ཆོད། འདྲ་མཉམ་མེད་པའི་འབྲེལ་བ་མང་པོར་བརྟེན་ནས་ཡོང་བ་ཞིག་ཡིན་པའང་ཞོར་དུ་ཤེས་པར་བྱ།

མཐའ་དོན་རྩོམ་པ་ཐམས་ཅད་རྐུན་མ་ཡིན།། ང་ནི་རྐུན་མའི་རྒྱལ་པོ་ཡིན་ཞེས་བོད་པའི་མཁས་པ་སུ་ཞིག་གིས་རང་གཞན་ལ་ཟུར་ཟ་དང་བཅས་གསུངས་ཡོད་པ་བཞིན། གཞན་ནས་ལེན་ཐུབ་དགོས་ལ་བླངས་པ་དེའང་ལེགས་བཅོས་བྱེད་ཐུབ་དགོས་པ་ནི་གསར་རྩོམ་གྱི་ཁྱད་ཆོས་གཙོ་བོ་ཞིག་རེད་འདུག བྷོབ་*ཌེལིན་ལགས་ལ་བག་ཆགས་བཞག་ཡོད་མཁན་ཏེ་དེང་རབས་རིང་ལུགས་ཀྱི་སྙན་ངག་པ་དང་རྩོམ་རིག་དཔྱད་བརྗོད་པ་ཁྲིས་ཨེསི་*ཨེ་ལས་ཡ་ཁྲི་T. S. Eliotལགས་ཀྱིས་མ་སྨིན་པའི་སྙན་ངག་པ་རྣམས་ཀྱིས་ལད་ཟློས་བྱེད་ལ། སྨིན་པའི་སྙན་ངག་པ་རྣམས་ཀྱིས་རྐུ་བར་བྱེད། སྙན་ངག་པ་ངན་པ་རྣམས་ཀྱིས་རང་གིས་བླངས་པ་དེ་རྫོབ་བར་བྱེད་ལ། སྙན་ངག་པ་བཟང་པོ་རྣམས་ཀྱིས་དེ་ཇེ་ལེགས་སུ་གཏོང་བའམ། མ་མཐའ་ཡང་མ་འདྲ་བ་ཞིག་ཏུ་བསྒྱུར་ངེས་ཞེས་རྩོམ་པར་འཇུག་སྐབས་ཀྱི་རང་གི་ཉམས་མྱོང་དང་གཞན་གྱི་ཉམས་ལེན་གསུངས་ཡོད་པ་ལྟར། བྷོབ་*ཌེལིན་ལགས་ཀྱིས་ཀྱང་ཁོང་གི་གླུ་ཚིག་རྣམས་ཨ་རི་དང་ནུབ་ཕྱོགས་ཀྱི་སྒྱུ་རྩལ་གྱི་རིག་གཞུང་ཆེན་པོའི་ཆུ་རྒྱུན་ལས་བཅུ་བཞིན་བརྩམས་ནས་གནའ་དེང་གི་དབྱངས་སྣ་ཚོགས་ངག་ལ་བཀུགས་ནས་ལེན་ཐུབ་པས་ཁོང་ལ་ད་ལོའི་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་ཐོབ་པ་རེད་ཞིག་རེད་འདུག བྷོབ་*ཌེལིན་ལགས་རང་ཉིད་ཀྱིས་ཀྱང་ངས་གླུ་ཚང་མའི་རྩོམ་ལུགས་ང་མ་སྐྱེས་སྔོན་ནས་གྲུབ་ཚར་ཡོད་རེད་ཅེས་གསུངས་ཡོད་པ་དང་། ཁོང་གི་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་དབྱངས་རྟའི་རིགས་ཀྱིས་བཅིངས་ཡོད་པའི་ཆེད་བསྒྲིགས་སུམ་ཅུ་སོ་གཅིག་པར《བརྩེ་བ་དང་རྐུ་ཁྱེར། Love and Theft》ཞེས་མིང་བཏགས་ནས་རིག་གཞུང་གི་རྒྱུན་ཞིག་ལ་བརྟེན་ཡོད་པ་དེ་ངོས་ལེན་བྱས་ཡོད་རེད། ཡང་སྙིང་བྷོབ་*ཌེལིན་ལགས་ཀྱིས་སྙན་ཚིག་དང་རོལ་དབྱངས་དབྱེར་མེད་སྒྲིལ་ནས་འཇིག་རྟེན་འཁོར་བའི་ཡག་སྡུག་གླུར་ལེན་ཐུབ་པས་ཁོང་རྩོམ་རིག་གི་ཁྲི་འཕང་མཐོ་བོ་དེར་བཀོལ་པ་རེད་འདུག་གོ།

མདའ་ཚན་པ་བླ་མ་སྐྱབས་ནས་