Jump to content

བློ་སྦྱོང་ཚིག་བརྒྱད་མ།

ཡོང་ཁུངས་Wikipedia

བློ་སྦྱོང་ཚིགས་བརྒྱད་མ་བཞུགས་སོ། །


བདག་ནི་སེམས་ཅན་ཐམས་ཅད་ལ། །

ཡིད་བཞིན་ནོར་བུ་ལས་ལྷག་པའི། །

དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །

རྟག་ཏུ་གཅེས་པར་འཛིན་པར་ཤོག །


གང་དུ་སུ་དང་འགྲོགས་པའི་ཚེ། །

བདག་ཉིད་ཀུན་ལས་དམན་བལྟ་ཞིང༌། །

གཞན་ལ་བསམ་པ་ཐག་པ་ཡིས། །

མཆོག་ཏུ་གཅེས་པར་འཛིན་པར་ཤོག །


སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །

རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །

བདག་གཞན་མ་རུངས་བྱེད་པས་ན། །

བཙན་ཐབས་གདོང་ནས་བཟློག་པར་ཤོག །


རང་བཞིན་ངན་པའི་སེམས་ཅན་རྣམས། །

སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །

རིན་ཆེན་གཏེར་དང་འཕྲད་པ་ལྟར། །

རྙེད་པར་དཀའ་བས་གཅེས་འཛིན་ཤོག །


བདག་ལ་གཞན་གྱིས་ཕྲག་དོག་གིས། །

གཤེ་སྐུར་ལ་སོགས་མི་རིགས་པའི། །

གྱོང་ཁ་རང་གིས་ལེན་པ་དང༌། །

རྒྱལ་ཁ་གཞན་ལ་འབུལ་བར་ཤོག །


གང་ལ་བདག་གིས་ཕན་བཏགས་པའི། །

རེ་བ་ཆེ་བ་གང་ཞིག་གིས། །

ཤིན་ཏུ་མི་རིགས་གནོད་བྱེད་ནའང༌། །

བཤེས་གཉེན་དམ་པར་བལྟ་བར་ཤོག །


མདོར་ན་དངོས་སམ་བརྒྱུད་པ་ཡི། །

ཕན་བདེ་མ་རྣམས་ཀུན་ལ་འབུལ། །

མ་ཡི་གནོད་དང་སྡུག་བསྔལ་ཀུན། །

གསང་བས་བདག་ལ་ལེན་པར་ཤོག །


དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱིས། །

རྟོག་པའི་དྲི་མས་མ་སྦགས་ཤིང༌། །

ཆོས་རྣམས་སྒྱུ་མར་ཤེས་པའི་བློས། །

ཞེན་མེད་འཆིང་བ་ལས་གྲོལ་ཤོག །


 དགེ་བཤེས་ཆེན་པོ་གླང་རི་ཐང་པས་མཛད་པའོ། །