Jump to content

བློ་ཡིས་བླངས་

ཡོང་ཁུངས་Wikipedia

བློ་ཡིས་བླངས་ཞེས་པ་ནི་ཡིད་ཀྱིས་བདག་གིར་བཟུང་ནས་ཞེས་པའི་དོན་ཡིན། དེ་ལ་བསྡུ་ན་བློ་ཡིས་མཆོད་རྫས་རྣམས་ལ་བདག་གི་ཡིན་པ་ལྟ་བུའི་འདུ་ཤེས་བསྐྱེད་ཅིང་ཕངས་སེམས་མེད་པར་རང་གི་ཡིན་པ་ལྟ་བུར་ཐོག་ཏུ་བཟུང་སྟེ་མཆོད་ཡུལ་རྣམས་ལ་འབུལ་བར་བྱེད་པའི་ལས་ཏེ་ཡིན།

ནང་དོན།

[རྩོམ་སྒྲིག]

"དེ་ལྟའི་མཆོད་རྫས་རྣམས་བདག་གིས་བློ་ཡིས་བླངས་པའམ་ཡིད་ཀྱིས་བདག་གིར་བཟུང་ནས་མཆོད་པའི་ཡུལ་ཐུབ་པ་རྣམས་ཀྱི་དབང་པོ་སྐྱེས་བུ་ཡོངས་ཀྱི་ཁྱུ་མཆོག་ཏུ་གྱུར་པ་སངས་རྒྱས་རྣམས་དང༌། དེ་དག་གི་སྲས་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་རྣམས་ལ་ལེགས་པར་ཏེ་དད་དང་གུས་པས་དང་འཁོར་གསུམ་དག་པས་འབུལ་བར་བགྱི་ན།"[] ཞེས་པ་ལྟར་འདི་ལ་མཆོད་རྫས་རྣམས་ལ་བདག་གིར་བཟུང་ནས་འབུལ་བའི་ཚུལ་གསལ་པོར་བཤད་ཡོད། ཡིད་ཀྱིས་བདག་གིར་བཟུང་བའི་ཚུལ་ནི་ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་བཏུགས་པ་མཐའ་ཡས་པ་ན་བདག་པོས་ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན་ཡིན་ཡང་། "ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་བཏུགས་པ་མཐའ་ཡས་པ་ན་བདག་པོས་ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན་བདག་གིས་བློ་ཡིས་བླངས་ནས་མཆོད་པའི་ཡུལ་ཐུབ་པ་སྐྱེས་བུ་རྣམས་ཀྱི་མཆོག་སྲས་དང་བཅས་པ་རྣམས་ལ་གུས་པས་ལེགས་པར་འབུལ་ན།"[] ཞེས་པ་ལྟར་སེམས་ཐོག་ཏུ་བཟུང་སྟེ་རང་གི་ཡིན་པ་ལྟ་བུའི་འདུ་ཤེས་བསྐྱེད་ཅིང་ཕངས་སེམས་མེད་པར་འབུལ་བ་ཡིན། "སྦྱོར་བའི་ཁྱད་པར་བློ་ཡིས་བླངས་ནས་ཞེས་སེམས་ཐོག་ཏུ་བཟུང་སྟེ་རང་གི་ཡིན་པ་ལྟ་བུའི་འདུ་ཤེས་བསྐྱེད་ཅིང་ཕངས་སེམས་མེད་པར།"[] ཞེས་གསུངས་པ་ནི་མཆོད་རྫས་རྣམས་ལ་རང་གི་ཡིན་པ་ལྟ་བུར་ཐུགས་ཀྱིས་གཟུང་ནས་མཆོད་ཡུལ་རྣམས་ལ་འབུལ་བར་བྱེད་པ་ཡིན། མཆོད་རྫས་འབུལ་བའི་ཚུལ་ནི་"དག་པའི་ཞིང་དང་སྒྲ་མི་སྙན་ལ་སོགས་པ་ན་ཡོད་པའི་རྫས་བདག་པོས་ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན་བདག་གིས་བློ་ཡིས་བླངས་ནས་མཆོད་ཡུལ་ཐུབ་པ་སྐྱེས་བུ་རྣམས་ཀྱི་མཆོག་སྲས་དང་བཅས་པ་རྣམས་ལ་ལེགས་པར་འབུལ་ན།"[] ཞེས་གསུངས་པ་ལྟར་ཤུགས་ཀྱིས་ཁྱབ་པའི་ཞིང་ཁམས་ཀྱི་གྲུབ་པ་ཡོད་ཚད་ལ་ཡིད་ཀྱིས་བདག་གིར་བཟུང་ནས་མཆོད་ཡུལ་རྣམས་ལ་འབུལ་བའི་ཚུལ་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

བློ་ཡིས་བླངས་ཞེས་པ་ནི་"ཡིད་ཀྱིས་ཞེས་པའོ། །"[]ཞེས་གསུངས་པ་ལྟར་ཡིད་ཀྱིས་ཞེས་པའི་དོན་ཡིན། དེ་ལ་བློ་ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཞེས་པ་ཡིན། ཡིས་ཞེས་པ་ནི་བྱེད་སྒྲ་ཡིན། བླངས་ཞེས་པ་ནི་ལེན་པ་སྟེ་བདག་གིར་འཛིན་པའི་དོན་ཡིན།

མཆོད་པའི་ཡུལ།

[རྩོམ་སྒྲིག]

མཆོད་ཡུལ་ནི་"ཞིང་གི་ཁྱད་པར་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་བསྲུང་བ་མེད་པར་ཐུབ་པས་ཐུབ་པ་འགྲོ་དྲུག་ལས་སྙིང་སྟོབས་ཆེ་བའི་སྐྱེས་བུ་རྐང་གཉིས་མི་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ།"[] ཞེས་གསུངས་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་ཞེས་པ་ཡིན།

ཡོན་ཏན་འབྱུང་ཚུལ།

[རྩོམ་སྒྲིག]

ཡོན་ཏན་འབྱུང་ཚུལ་ནི་"ཡོན་ཆུང་ངུ་ཙམ་ཕུལ་ན་འབྲས་བུ་ཆེན་པོ་སྦྱིན་པ་མཛད་པ་དཔེར་ན་སངས་རྒྱས་ལ་སྲན་རྡོག་བདུན་ཕུལ་བས་མི་དབང་ང་ལས་ནུ་དང་བྱེ་མ་སྤར་གང་གཏོར་བས་ཆོས་རྒྱལ་མྱ་ངན་མེད་དུ་གྱུར་པ་ལྟ་བུའི།"[] ཞེས་གསུངས་པ་ལྟར་ཡོན་ཕུལ་ན་འབྲས་བུ་ཆེན་པོ་འབྱུང་བ་ཡིན། "ཡོན་ཕུལ་ན་འབྲས་བུ་ཆེན་པོ་འབྱུང་བའི་ཡོན་གནས་ཀྱི་དམ་པ་སེམས་ཅན་གྱི་དོན་མཛད་པར་བཞེད་པ་ཐུགས་རྗེ་ཆེན་པོ་ཅན་རྣམས་ཀྱིས་བདག་ལ་བརྩེ་བར་དགོངས་ཏེ།"[] ཞེས་གསུངས་པ་ལྟར་ཡོན་གནས་ཀྱི་དམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་བཞེད་པ་ཐུགས་རྗེ་ཆེན་པོ་ཅན་རྣམས་ཀྱི་ཡོན་ཏན་ཆེ་བའི་ཕྱིར་ཡོན་ཆུང་དུ་ཕུལ་ཡང་འབྲས་བུ་ཆེན་པོ་སྦྱིན་པ་ཡིན།

བསྡུས་དོན།

[རྩོམ་སྒྲིག]

བློ་ཡིས་བླངས་ཞེས་པ་ནི་ཡིད་ཀྱིས་མཆོད་རྫས་རྣམས་ལ་བདག་གི་ཡིན་པ་ལྟ་བུའི་འདུ་ཤེས་བསྐྱེད་ཅིང་ཕངས་སེམས་མེད་པར་སེམས་ཀྱིས་བདག་གིར་འཛིན་ནས་མཆོད་ཡུལ་རྣམས་ལ་འབུལ་བའི་ཚུལ་ལ་ཞེས་པ་ཡིན། དེ་ནི་ནམ་མཁའ་རབ་འབྱམས་ཁམས་ཀྱི་གྲུབ་པ་ཡོད་ཚད་ལ་ཡིད་ཀྱིས་བདག་གིར་བཟུང་ནས་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་འབུལ་བར་བྱེད་པ་ཡིན། ཡོན་གནས་ཀྱི་དམ་པ་ཐུགས་རྗེ་ཆེན་པོ་ཅན་རྣམས་ཀྱིས་ཡོན་ཆུང་ངུ་ཙམ་ཕུལ་ཡང་འབྲས་བུ་ཆེན་པོ་སྦྱིན་པ་མཛད་པ་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. རྒྱལ་ཚབ་དར་མ་རིན་ཆེན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  5. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  7. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  8. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།