བྲེད་
བྲེད་ཅེས་པ་ནི་ཤིན་ཏུ་འཇིགས་ཤིང་སྐྲག་པའི་ཚེ་ནམ་ཤ་ཞན་ཏེ་ཕྱུང་བར་གྱུར་པ་སྟེ་སྐྲག་པའི་ཚེ་ལུས་ངག་ཡིད་གསུམ་རབ་ཏུ་འཁྲུགས་ཏེ་རང་དབང་མེད་པར་གྱུར་པའི་གནས་སྐབས་ཤིག་ལ་ཟེར། དེ་ཡང་སྐྲག་པའི་ཚེ་སེམས་ཤུགས་ཉམས་ནས་ཤ་ཞན་ཏེ་ཕྱུང་བ་དང་། ཁ་སྐམ་པ། མིག་རྩ་ངན་པ། ལུས་སྐམ་ཞིང་འདར་བ། སྔར་གྱི་ངང་ཚུལ་ལས་རྣམ་འགྱུར་གཞན་དུ་འགྱུར་བ་སོགས་ཀྱི་རྟགས་མཚན་མངོན་སུམ་དུ་ཐོན་པ་ཞིག་ཡིན།
མིར་ཆད་པ་ཕོག་པའི་འཇིགས་སྐྲག་གི་དཔེ།
[རྩོམ་སྒྲིག]བྲེད་ཅེས་པའི་ནང་དོན་གསལ་བྱེད་ཀྱི་དོན་དུ་དཔེ་མཚོན་ནང་བཞིན། "སྐྱེ་བོ་ཉེས་པ་ཅན་འགའ་ཞིག་ལ་རྒྱལ་པོའི་ཆད་པ་ཕོག་ནས་ཡན་ལག་གཅོད་པའི་སར་དེ་རིང་སྐལ་མཉམ་གྱི་མི་འགའ་ཞིག་གིས་ཁྲིད་པར་གྱུར་པ་ན་དེ་ལ་ངན་སོང་གི་སྡུག་བསྔལ་གྱི་ཆ་ཤས་ཙམ་ཞིག་མེད་ནའང་ཤིན་ཏུ་སྐྲག་ནས་བྲེད་པར་འགྱུར་"[༡]ཞེས་གསུངས་པ་ལྟར་ནའང་མིའི་ཆད་པ་ཕོག་པ་ཙམ་ལ་ཡང་ཤིན་ཏུ་འཇིགས་ཤིང་བྲེད་པར་འགྱུར་རོ། །
བྲེད་པའི་རྟགས་མཚན།
[རྩོམ་སྒྲིག]བྲེད་པའི་ཚེ་ཕྱི་ནང་གི་རྟགས་མཚན་ཤུགས་ཆེ་འབྱུང་བ་ནི། "སྐོམ་པས་གདུངས་ཏེ་ཁ་བསྐམས་པར་གྱུར་ལ་བཞིན་མདངས་ཉམས་པ་དང་མིག་རྩ་ངན་པ་སྟེ་ཉམ་ཐག་པའི་ལྟ་སྟངས་དང་ལུས་སྐམ་ཞིང་འདར་ལ་སྨྲེ་སྔགས་འདོན་པ་སོགས་སྔ་མའི་ངང་ཚུལ་ལས་རྣམ་འགྱུར་གཞན་དུ་འགྱུར་བར་སྣང་"[༢]ཞེས་གསལ་ལོ། །
གཤིན་རྗེའི་ཕོ་ཉས་བཟུང་བའི་འཇིགས་སྐྲག
[རྩོམ་སྒྲིག]གཤིན་རྗེའི་ཕོ་ཉས་བཟུང་བའི་ཚེ་ཡི་བྲེད་པ་ནི། "སྐལ་བ་མི་མཉམ་པའི་གཤིན་རྗེའི་ཕོ་ཉ་ཤིན་ཏུ་འཇིགས་འཇིགས་ལྟ་བུར་གྱུར་པའི་ཤ་ཚུགས་ཅན་བྱས་བཟུང་བར་གྱུར་ཏེ་སྐེ་ཞགས་པས་བཅིངས་ལུས་ལ་ཐོ་བས་བསྣུན་ནས་འབྲོག་དགོན་ཚེར་མ་སྟུག་པོ་ཅན་དང་ཕ་བོང་ཐག་ཐུག་ཅན་དུ་ལུས་གཅོད་ཅིང་བརྡུང་སྟེ་རང་གཅིག་པུར་ཁྲིད་ནས་འཇིགས་ཤིང་སྐྲག་པའི་སྣང་བ་ཆེན་པོའི་ནད་ཀྱིས་ཐེབས་པར་གྱུར་པའི་ཚེ་རབ་ཏུ་ཉམ་ཐག་ཅིང་བྲེད་ནས་སྔར་ལས་རྣམ་འགྱུར་གཞུན་དུ་འགྱུར་བ་སྨོས་ཀྱང་ཅི་དགོས་"[༣]ཞེས་པ་ལྟར་ངན་སོང་དུ་སྐྱེ་བའི་ཚེ་ཀྱི་སྐྲག་པ་ཆེ་ཤོས་ཤིག་ཡིན་པར་གསུངས།
སྐྱབས་འཚོལ་བའི་གནས་སྐབས།
[རྩོམ་སྒྲིག]སྐྲག་ནས་བྲེད་པའི་ཚེ་སྐྱབས་འཚོལ་བའི་གནས་སྐབས་ནི། "ཤིན་ཏུ་འཇིགས་ཤིང་བྲེད་ཤ་ཐོན་པ་སྟེ་སྐྲག་པའི་ཉམས་འགྱུར་ཐོན་ཏེ་མིག་རྩ་ཞན་པས་མིག་རབ་ཏུ་བགྲད་ནས་ཕྱོགས་བཞིར་བལྟས་ནས་སྐྱབས་དག་འཚོལ་བར་བྱེད་"[༤]ཅེས་གསལ་ལོ། །
དམྱལ་བར་སྐྱེ་བའི་ཚེ་ཀྱི་སྐྲག་པ།
[རྩོམ་སྒྲིག]"སུ་ཞིག་གིས་གཤིན་རྗེའི་ཕོ་ཉས་བཟུང་ཞིང་དམྱལ་བར་འགྲོ་བའི་འཇིགས་སྐྲག་ཆེན་པོ་འདི་ལས་ཕོངས་ཤིང་ཉམ་ཐག་པ་བདག་ལེགས་པར་ཡོངས་སུ་སྐྱོབ་པར་བྱེད་པར་འགྱུར་ཞེས་ཤིན་ཏུ་འཇིགས་ཤིང་བྲེད་ཤ་ཐོན་པ་སྟེ་སྐྲག་པའི་ཉམས་འགྱུར་ཐོན་ཏེ་མིག་རྩ་ཞན་པས་མིག་རབ་ཏུ་བགྲད་ནས་ཕྱོགས་བཞིར་བལྟས་ནས་སྐྱབས་དག་འཚོལ་བར་བྱེད་"[༥]ཅེས་པ་ལྟར་དམྱལ་བར་སྐྱེ་བའི་ཚེ་ཀྱི་སྐྲག་པ་ཆེ་ཤོས་ལ་ཟེར།
ཀུན་ཏུ་ཡི་མུག་པའི་གནས་སྐབས།
[རྩོམ་སྒྲིག]སྐྱབས་བཙལ་ཡང་མི་རྙེད་པའི་ཚེ། "དེ་ལྟར་བཙལ་ཡང་ཕྱོགས་བཞིར་སྐྱབས་མེད་པར་མཐོང་ནས་ནི་དེ་ནས་ཀུན་ཏུ་ཡི་མུག་འགྱུར་"[༦]ཞེས་པ་ལྟར་ཀུན་ཏུ་ཡི་མུག་པར་འགྱུར་རོ། །
བསྡུས་དོན།
[རྩོམ་སྒྲིག]བྲེད་ཅེས་པ་ནི་ཤིན་ཏུ་འཇིགས་ཤིང་སྐྲག་པའི་ཚེ་ལུས་ངག་ཡིད་གསུམ་རབ་ཏུ་འཁྲུགས་ཏེ་རང་དབང་མེད་པར་གྱུར་པའི་གནས་སྐབས་ཤིག་ལ་ཟེར། དཔེར་ན་མི་ཆད་པ་ཕོག་པའི་ཚེ་ཙམ་ལ་ཡང་ཁ་སྐམ་པ་དང་མིག་རྩ་ངན་པ་སོགས་ཀྱི་རྟགས་མཚན་དང་བཅས་ཏེ་བྲེད་པར་འགྱུར་ཞིང་། ལྷག་པར་དུ་དམྱལ་བར་སྐྱེ་བའི་ཚེ་གཤིན་རྗེའི་ཕོ་ཉས་བཟུང་ནས་ཁྲིད་པའི་ཚེ་ཡི་སྐྲག་པ་ཆེ་ཤོས་ལ་ཡང་ཟེར། དེ་ཡང་སྐྲག་ནས་ཤ་ཞན་ཏེ་ཕྱུང་བ་དང་ཕྱོགས་བཞིར་སྐྱབས་འཚོལ་བ་སོགས་ཀྱི་རྟགས་མཚན་མངོན་སུམ་དུ་ཐོན་པ་ཞིག་ཡིན་པར་གསུངས།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།