བྱེས་འབྱོར་བོད་ཀྱི་རྩོམ་རིག་གི་འཕེལ་རིམ། བེ་རི་འཇིགས་མེད།

ཡོང་ཁུངས་Wikipedia

བེ་རི་འཇིགསམེད་དབང་རྒྱལ།

སྔོན་གླེང༌། ཟླ་ཞལ་དཀྱུས་རིང་ཨུཏྤལ་མཐིང་གའི་ཟུར་མིག་བརྡ་ཐབས་གཡོ་ཙམ་གྱིས།། ཕྱོགས་དུས་རྒྱལ་ཀུན་ཐུགས་ཀྱི་བརྟན་པ་ལྷོ་ཡི་རླུང་གིས་ཤིང་ལོ་བཞིན།། གཡོ་མཛད་སྒྲ་ལྡན་ངག་གི་ལྷ་མོ་རིག་བྱེད་རྒྱ་མཚོའི་དཔྱིད་གྱུར་མ།། ཚེ་རབས་ཕྲེང་བར་བདག་མགྲིན་འོ་མཚོར་ངང་མོ་ཇི་བཞིན་རྩེན་པ་མཛོད།། མཚན་གྱི་སྙན་པ་དབྱར་སྐྱེས་གཞོན་ནུའི་དཔལ།། ཐོས་པ་འཛིན་པའི་ནགས་ཀླུང་འགྲིམས་པའི་མོད།། སྤྲོ་དགའི་སེམས་ཀྱི་དཔྱིད་དཔལ་འདྲེན་མཛད་པའི།། མ་ཧཱ་པཎ་ཆེན་བློ་བཟང་བསྟན་འཛིན་མཆོད།། ལས་དབང་སྔས་སུ་བྱས་པའི་མི་ཡུལ་ནས།། རང་ཡུལ་རིག་པའི་ཕ་ནོར་སྲུང་བའི་སླད།། གངས་ཅན་རྩོམ་རིག་རྒྱ་མཚོའི་འཕེལ་རིམ་རླབས།། མཐོང་ཐོས་དྲན་པའི་ཆ་ཤས་རགས་ཙམ་གླེང༌།། བྱེས་འབྱོར་སྤྱི་ཚོགས་ནི་བསམ་བཞིན་ཆེད་འཛུགས་བྱས་པའི་སྤྱི་ཚོགས་ཤིག་མིན་པར། གཞན་དབང་སྟབས་བསྟུན་གྱིས་མི་ཡུལ་དུ་ཡུལ་གྱར་བའི་ཚོར་བ་ལ་ལས་དབང་སྔས་སུ་བསྡད་དགོས་བྱུང་བ་ཞིག་ཡིན། རི་བོ་རལ་བ་དང་རྒྱ་མཚོ་འཁྲུག་པ་ལྟ་བུའི་དུས་འགྱུར་གྱི་ཡོ་ལངས་སྐྱུར་མོའི་མཇུག་སྣེ་ནས་ལས་དབང་གི་བྱིན་པའི་ས་མཐའི་འཚོ་བ་འདིའི་རྒྱུད་རིམ་ནང༌། བོད་རང་གི་ཕ་མེས་ཡང་མེས་ཀྱི་སྐབས་ནས་བཞག་པའི་ཆོས་དང་རིག་གཞུང་གོམས་སྲོལ་དང་བཅས་པའི་རླབས་རྒྱུན་གྲ་མ་ཉམས་ཤིང་གྲུ་མ་ཆགས་པའི་སྒོ་ནས་ཉམས་པ་སོར་ཆུབ་དང་མི་ཉམས་རྒྱུན་འཛིན་བྱས་པའི་ལོ་རྒྱུས་འགོང་ཆེ་བ་དེ་དག་ལས། འདིར་རྩོམ་རིག་སྤྱི་དང་སྒྱུ་རྩལ་རྩོམ་རིག་གི་འཕེལ་རིམ་རགས་ཙམ་གླེང་བར་བྱའོ།།

༡༽ བྱེས་འབྱོར་དུ་རྩོམ་རིག་སྤྱིའི་རླབས་རྒྱུན་གྱི་འཕེལ་རིམ། བོད་ཀྱི་བསྟན་སྲིད་ལ་ས་གས་རི་ཉིལ་བའི་དུས་ཟིང་བྱུང་སྟེ་མི་ཡུལ་ལ་སྐྱབས་བཅོལ་དུ་སླེབས་པའི་རྗེས་ཀྱི་རྩོམ་རིག་གི་ཐོག་མ་ནི་ྋགོང་ས་མཆོག་གིས་མཛད་པའི་༼ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་༽ཞེས་པ་འདི་ཡིན་ཞིང༌། ལྗགས་རྩོམ་འདི་ནི་དུས་ཐོག་ཆར་པ་དང༌། ནད་ཐོག་སྨན་བཞིན་བོད་བསྟན་སྲིད་མི་རིགས་དང་བཅས་པ་ཆགས་འཇིག་གི་འགག་ལ་སླེབས་པའི་གཉན་ཕྲང་ཆེ་བའི་དུས་སྐབས་ལ་འཁེལ་ཡོད། ལྗགས་རྩོམ་འདིའི་ནང་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ཡུལ་སྲོལ་དང་གོམས་གཤིས། ལྷག་དོན་ཉེ་རབས་ཀྱི་ལོ་རྒྱུས་ཐད་རྒྱ་བོད་ཀྱི་གནས་སྟངས་མཚོན་པའི་གལ་ཆེ་གནས་ཚུལ་མང་པོ་ཞིག་འཁོད་ཡོད། ལྗགས་རྩོམ་འདི་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡིང་ཆ་དང་གཞན་ཡང་སྐད་རིགས་དང་ཡིག་རིགས་མི་འདྲ་བ་དུ་མའི་ཐོག་ནས་འཛམ་གླིང་གང་སར་ཁྱབ་བརྡལ་དུ་སོང་བ་འདི་ཉིད། བྱེས་འབྱོར་ཁྲོད་ཀྱི་རྩོམ་ཡིག་དཔེ་འགྲེམས་ཐེངས་དང་པོ་དེ་ཡིན་རྒྱུ་རེད་སྙམ། ལྗགས་རྩོམ་འདིའི་ནུས་པ་ལས་འཛམ་གླིང་ཤར་ནུབ་ཀྱི་སྐད་དང་ཤ་མདོག་མི་གཅིག་པའི་མི་རིགས་འདྲ་མིན་སྣ་ཚོགས་པའི་ཁྲོད་བོད་དོན་གནས་སྟངས་ངོ་མ་དེ་མཁྱེན་རྟོགས་བྱུང་བའི་གྲངས་འབོར་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་སོང་ཞིང༌། སྤྱི་ལོ་ ༡༩༩༥ ལོར་བཞུགས་སྒར་དྷ་རམ་ས་ལར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཁང་གིས་གོ་བསྒྲིགས་བྱས་པའི་བོད་རྒྱལ་ཡོངས་རྩོམ་པ་པོའི་ཚོགས་ཆེན་ཐེངས་པོའི་ཐོག རྩོམ་ཡིག་འདིའི་སྟེང་ནས་ྋགོང་ན་མཆོག་ལ་བྱབྱདགེ་འདུན་ཆོས་འཕེལ་གྱི་བྱ་དགའ་བྱབྱགཟེངས་བསྟོད་ཀྱང་སྐབས་དེའི་ཚོགས་ཞུགས་པ་ཀུན་སྤྱི་མོས་ཀྱིས་འབུལ་བཞེས་མཛད། བཙན་བྱོལ་སྤྱི་ཚོགས་ནང་རྩོམ་རིག་གི་བྱ་དགའ་འབུལ་སྲོལ་ཐེངས་དང་པོ་ཡང་ཕལ་ཆེར་འདི་ཉིད་ཡིན་རྒྱུ་རེད། ད་ལྟ་དང་ད་དུང་ཡང་མུ་མཐུད་ལྗགས་རྩོམ་འདིའི་ཆུ་ཆེན་ཆུ་རླབས་ལྟ་བུས་བོད་དོན་ཐོག་ཤུགས་མ་ཐུབ་ཀྱིས་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་དབྱར་ཁའི་ཆུ་མཚོ་དང༌། སྟོན་ཀའི་ཟླ་བ་བཞིན་གོང་འཕེལ་དུ་འགྲོ་བཞིན་པ་ཡིན།

༢༽ བཙན་བྱོལ་དུ་ནང་ཆོས་རིག་པའི་རྩོམ་རིག་གི་འཕེལ་རིམ། གཞིས་སུ་བསྟན་སྲིད་ཉམས་རྒུད་སོང་བ་དང་སྟབས་བསྟུན་བཙན་བྱོལ་སྤྱི་ཚོགས་ནང་ྋགོང་ས་སྐྱབས་མགོན་ཆེན་པོས་སྔ་ཕྱི་བཀའ་ནན་གཞིར་བཟུང་གིས་ནང་ཆོས་རིག་པའི་ལྗགས་རྩོམ་གནང་མཁན་ཡང་མི་ཉུང་བ་ཞིག་བྱུང་འདུག་པའི་ནང་ནས། ཧ་ལམ་ཐོག་དང་པོ་ནི་ྋགོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་༼ལེགས་བཤད་བློ་གསར་མིག་འབྱེད༽ཞེས་བསླབ་པ་གསུམ་གྱི་སྐོར་ལས་རྩོམ་པའི་ལེགས་བཤད་ད་ལྟའི་ཆར་གཞི་རིམ་སློབ་གྲྭ་ཁག་གི་སློབ་དེབ་ཏུ་བདམས་པ་དེ་ཉིད་ཡིན་རྒྱུ་རེད་སྙམ། ལྗགས་རྩོམ་འདིའི་ནང་དུ་ནང་བསྟན་སྤྱིའི་རྣམ་བཞག་སྙིང་པོ་བསྡུས་ཤིང་དོན་ཚང་བའི་ཁྱད་ཆོས་དུ་མ་ལྡན་པས། མདོ་སྔགས་ཀྱི་དཔེ་ཆ་མང་དུ་བཀླག་པར་མ་ནུས་ཀྱང༌། དེབ་ཆུང་འདི་ཉིད་བཀླག་ན་ནང་བསྟན་གྱི་སྤྱི་ཆིངས་ལ་བག་ཆགས་ངེས་ཅན་རེ་བཞག་ཐུབ་པ་སྨོས་ཅི་ལ་དགོས། རྒྱལ་བའི་ཡོངས་འཛིན་རིན་པོ་ཆེདགའ་ལྡན་ཁྲི་བྱང་སྤྲུལ་པའི་སྐུ་རིན་པོ་ཆེའི་༼གསུང་འབུམ་༽པོད་ཆེན་བཅུ་གཉིས་བཞུགས་པ་དེ་དག་ལས། བཙན་བྱོལ་དུ་ཕེབས་པའི་རྗེས་སུ་ལྗགས་རྩོམ་གནང་བའི་གསུང་རྩོམ་མང་ཞིང༌། རྩོམ་ཡིག་དེ་དག་གི་ནང་དོན་ཐད་མདོ་སྔགས་རིག་གནས་དང་བཅས་པའི་རྣམ་བཞག་རྒྱ་ཆེན་ཚུལ་དང་གཏིང་ཟབ་ཚུལ་བཤད་མ་དགོས་པའི་ཐོག ཚིག་སྦྱོར་གྱི་ཆ་ནས་བཤད་ནའང་ཚིགས་བཅད་རྣམས་ནི་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་རྩོམ་གཤིས་དང་མཐུན་ལ། ཚིགས་ལྷུག་རྣམས་ནི་གཞུང་བྲིས་དང་མཐུན་པའི་ཁྱད་ཆོས་ལྡན་པས། དེང་སང་རྩོམ་ཡིག་འབྲི་མཁན་ཚོས་ལྗགས་རྩོམ་འདི་དག་གི་ཟུར་ཆ་ཙམ་ལའང་འགྲན་ཐབས་མེད། དེ་བཞིན་གཡུ་དྲུང་བོན་གྱི་སྨན་རི་ཁྲི་འཛིན་རིན་པོ་ཆེའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་གིས་གཡུ་དྲུང་བོན་གྱི་མདོ་སྔགས་ཟུང་གིས་བསྡུས་པའི་གསུང་རྩོམ་སྔ་ཕྱིར་བསྡོམས་ན་༼གསུང་འབུམ་༽པོད་བཅུ་གསུམ་ཙམ་ལྗགས་རྩོམ་གནང་བ་ད་ལྟར་མཇལ་དུ་ཡོད་ཅིང༌། དཔལ་ལྡན་ས་སྐྱ་བའི་༼གདོང་ཐོག་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་རྩོམ་ཆོས་༽དཔེ་དེབ་ཆེ་ཆུང་དུ་མ། ༼རིག་སློབ་འགན་འཛིན་བློ་བཟང་རྒྱ་མཚོའི་གསུང་རྩོམ་༽དཔེ་དེབ་དགུ། དགའ་ལྡན་༼འཛེ་སྨད་བསྟན་འཛིན་ཡར་ལྡན་གྱི་གསུང་རྩོམ་༽པོད་དྲུག བྱ་བྲལ་སངས་རྒྱས་རྡོ་རྗེའི་གསུང་རྩོམ་༽པོད་ཆེན་དུ་མ། ༼མཁན་ཟུར་པདྨ་རྒྱལ་མཚན་གྱི་གསུང་རྩོམ་༽པོད་ལྔ༌། ༼སྒོ་མང་མཁན་ཟུར་བསྟན་པ་བསྟན་འཛིན་གྱི་གསུང་རྩོམ་༽པོད་གྲངས་དུ་མ། ༼མཁས་པའི་དབང་པོ་རྣམ་རྒྱལ་དབང་ཆེན་གྱི་གསུམ་རྩོམ་༽པོད་གྲངས་དུ་མ། ༼དགེ་བཤེས་དཔལ་ལྡན་གྲགས་པའི་གསུང་རྩོམ༽པོད་གྲངས་དུ་མས་མཚོན། ཐམས་ཅད་བརྗོད་པས་མི་ཚར་ཞིང༌། བཙན་བྱོལ་ནང་རྩོམ་རིག་ཐོག་འཚག་ཚུད་ཤོས་དང་གྲ་རྒྱས་ཤོས་ནི་ནང་ཆོས་རིག་པའི་རྩོམ་རིག་ཁག་ཆགས་བསྡད་ཡོད། རྩོམ་ཆོས་དེ་དག་ཀྱང་ལུང་གི་ཁུངས་བཙན་པ། རིགས་པའི་དབལ་ཚ་བ། གོ་བའི་གཏིང་ཟབ། ཉམས་མྱོང་གིས་གཏན་ལ་ཕབ་པ། འཆད་ཉན་གྱི་རྒྱུན་གནསཔ་བཅས་ཀྱི་ཁྱད་ཆོས་ལྡན་པས། དེང་སང་གཞིས་བྱེས་ཀྱི་ཕོ་གསར་རྐྱལ་སྟོང་འགའ་རེས་ཁུངས་ལུང་རྒྱུ་མཚན་འཚོལ་ལོང་མེད་པར་ཤོག་ལྷེ་བརྒྱ་སྐོར་ཁ་ཤས་རེ་བྲིས་ནས་ནང་ཆོས་རིག་པའི་རྣམ་གཞག་ཐོག་ཆ་རྒྱུས་ཡོད་མདོག་བྱེད་པ་དེ་དག་དང་ནམ་ཡང་མི་འདྲ་བས། བཙན་བྱོལ་ཁྲོད་དུ་ནང་ཆོས་ཀྱི་འཕེལ་རིམ་རྒྱུན་འབྱམས་སུ་གནས་པ་འདི་ནི། རྩོམ་རིག་གཞན་དག་ལས་འབུར་དུ་འཐོན་པའི་ཆེ་བ་ལྡན་པ་གསུང་རབ་དང་རྩོམ་རིག་གི་མིག་ཟུང་ལ་ལིང་ཏོག་གིས་མ་སྒྲིབ་པའི་སྐྱེ་བོ་བློ་གྲོས་གཟུ་བོ་གནས་པ་ཞིག་ཡིན་ཕྱིན་ཆད་ཅིས་ཀྱང་མཁྱེན་ངེས་སྙམ།

༣༽ བཙན་བྱོལ་དུ་ལོ་རྒྱུས་རིག་པའི་རྩོམ་རིག་གི་འཕེལ་རིམ། བཙན་བྱོལ་སྤྱི་ཚོགས་འདིར་ལོ་རྒྱུས་རིག་པའི་དེབ་ཐེར་གྱི་དཔེ་དེབ་དང་པོ་རྩོམ་སྒྲིག་པར་བསྐྲུན་འགྲེམ་སྤེལ་བྱས་པ་དེ་ནི། བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་བྱས་པ་ཅན་གྱི་མི་ངོ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ཉིད་ཡིན་ཞིང༌། ཁོང་གིས་ལྗགས་རྩོམ་གནང་བའི་༼བོད་ཀྱི་སྲིད་དོན་རྒྱལ་རབས་༽ནི། ས་ཕག་དུས་འགྱུར་མ་བྱུང་སྔོན་ནས་འབྱུང་འགྱུར་ཚོད་དཔག་གིས་འཕགས་ཡུལ་ཀ་སྦུག་ཏུ་བཞུགས་ཏེ། ཕྱོགས་གཅིག་ནས་ཨ་རིའི་གསང་བའི་ལས་ཁུངས་དང་སྲིད་ཀྱི་འབྲེལ་བ་གནང༌། ཕྱོགས་གཅིག་ནས་བོད་རྒྱའི་གནས་བབ་མཚོན་པའི་བོད་ཀྱི་དངོས་བྱུང་གི་ལོ་རྒྱུས་འདི་བཞིན་གསར་རྩོམ་གནང་བ་ཞིག་རེད་ལ། བཙན་བྱོལ་ནང་དུ་བོད་རྒྱའི་གནས་བབ་ཐད་སྔ་ནས་ད་ལྟའི་བར་གནས་སྟངས་མ་འདྲེས་པར་གསལ་བ་བསྟན་པའི་སྲིད་དོན་གྱི་ལོ་རྒྱུས་དེབ་ཐེར་ཐེངས་དང་པོ་དེ་ཡང་འདི་ཉིད་ཡིན། དེབ་ཐེར་འདིར་བརྗོད་གཞིའི་ཆ་ནས་དུས་ལ་ཏག་ཏག་འཁེལ་བ་དང་བརྗོད་སྟངས་ཀྱི་ཐོག་ནས་གོ་རིམ་གྱི་འབྲེལ་ཆགས་པ། ཚིག་སྦྱོར་གྱི་ཆ་ནས་གཞུང་རིས་ཀྱི་ཉམས་འདོད་པ། ལྷག་པར་ཁུངས་དང་ལུང་གི་ཐོག་ནས་སྔ་རབས་ཀྱི་ལོ་རྒྱུས་དང་རྣམ་ཐར་མང་པོའི་རྒྱུ་ཆ་ལྡན་པའི་ཐོག དེང་རབས་མཁས་པའི་བཞེད་སྲོལ་གྱི་འགྲོས་དང་མཐུན་པ། ཉེ་དུས་ཀྱི་རང་གཞུང་གི་རྩ་འཛིན་གལ་ཆེ་ཡིག་ཆ་མང་པོའི་ཁོག་འདོན་པ། ཕྱིའི་རྒོལ་བ་ལ་རྒྱུ་མཚན་གྱི་རིགས་པ་རྣོ་བ། ནང་གི་རིགས་གཏོགས་ལ་ཕྱོགས་ཀྱི་འཐེན་འཁྱེར་མི་མངའ་བ་བཅས་ཀྱི་ཁྱད་ཆོས་དུ་མ་ལྡན་པས། བཙན་བྱོལ་ཁྲོད་ཀྱི་ལོ་རྒྱུས་རིག་པའི་རྩོམ་རིག་གི་འཕེལ་རིམ་ཐད་འདི་ནས་བུ་རབས་ཚ་རྒྱུད་ཀྱི་བར་ནམ་ཡང་ངོ་ནོངས་བའི་མཛད་རྗེས་ཀྱི་མཚན་གཞི་ཞིག་ཀྱང་ཡིན། འཕེལ་རིམ་གྱི་ས་བོན་འདི་ལས་རིམ་པར་བཞིན་རིགས་སློབ་བློ་བཟང་རྒྱ་མཚོའི་༼དགུ་གསུམ་ངན་ཚང་བའི་གཏམ༽དང༌། སྨན་རི་ཡོངས་འཛིན་གྱི་༼འབེལ་གཏམ་ལུང་གི་སྙིང་པོ༽། ནམ་མཁའི་ནོར་བུས༼བོད་ཀྱི་རྒྱལ་རབས་གཟི་ཡི་ཕྲེང་བ་༽དང་༼ཞང་བོད་ལོ་རྒྱུས༽། ༼བོད་ཀྱི་ལོ་རྒྱུས་ཕྱོགས་བསྡུས་བོད་དང་བོད་མི༽ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པ། ༼བདེན་རྫུན་རྣམ་པར་འབྱེད་པའི་དགག་གཞག་ངང་པའི་རྒྱལ་པོ༽ཞེ་བོ་བླློ་བཟང་དར་རྒྱས་དང་བྱམས་པ་བསྟན་འཛིན་གྱིས་བརྩམས་པ། ༼བོད་དམག་སྐོར་གྱི་གནས་ཚུལ་ལ་ཅུང་ཟད་དཔྱད་པ༽པ་སངས་ནོར་བུས་བརྩམས་པ། ༼རྒས་པོའི་འབེལ་གཏམ༽ཁེ་སྨད་བསོད་ནམས་དབང་འདུས་ཀྱིས་བརྩམས་པ། ༼བསྲེགས་ཀྱང་མི་འཚིག་པའི་བོད༽རྟ་ནག་ཀུན་བཟང་དཔལ་འབྱོར་གྱིས་བརྩམས་པ། ༼གཙང་མྱང་སྨད་བསམ་འགྲུབ་རྩེའི་སྡེ་སྲིད་གཙང་པ་རིམབྱུང་གི་མངའ་ཐང་འབྱོར་རྒུད་ཀྱི་ལོ་རྒྱུས༽རྫོང་རྩེ་བྱམས་པ་ཐུབ་བསྟན་གྱིས་བརྩམས་པ། ཕྲན་གྱི༼ཏྲེ་རབས་གཡས་འཁྱིལ་དུང་གི་སྒྲ་དབྱངས༽། ༼བོད་དམག་གི་ལོ་རྒྱུས༽དང་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འབྲེལ་བའི་དམག་དོན་ལོ་རྒྱུས༽རྒྱལ་རྩེ་རྣམ་རྒྱལ་དབང་འདུས་ཀྱིས་བརྩམས་པ། ༼བོད་ཀྱི་མི་སྣ་གལ་ཆེ་ཁག་གཅིག་གི་ལོ་རྒྱུས༽རི་ཁ་བློ་བཟང་བསྟན་འཛིན་གྱིས་བརྩམས་པ། ༼གངས་ཅན་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྔོན་བྱུང་ལོ་ཚིགས་ངེས་རྙེད་མཁས་པའི་ངག་རྒྱན༽གདོང་ཐོག་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པ། ༼སྡེ་པ་སྐྱིད་ཤོད་པའི་སྐོར༽དང་༼བོད་ཀྱི་རྒྱལ་རབས་ལོ་རྒྱུས་དོན་བསྡུས་རྣམ་དཔྱོད་དལ་འབབ་མཛད་ཆེན་འཕྱུར་བའི་ལེགས་བཤད་རླབས་ཀྱི་སྒྲ་བརྒྱ་བཞད་པའི་གདངས་སྙན༽། ༼བོད་དང་རྒྱ་ནག་བར་འཐབ་རྩོད་རྙོག་གྲའི་རྩ་དོན༽བཅས་མདོ་སྨད་ཡོན་ཏན་རྒྱ་མཚོས་བརྩམས་པ། ༼དབལ་ཤུལ་གསེར་རྟའི་ལོ་རྒྱུས་དང་འབྲེལ་བའི་གཏམ༽གསེར་རྟ་ཚུལ་ཁྲིམས་ཀྱིས་བརྩམས་པ། འབྲོང་པ་རྒྱལ་པོས་༼ལྡོང་འབྲོང་པའི་དེབ་ཐེར་སྨུག་པོ༽། གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས༼བོད་ཀྱི་རྒྱལ་རབས་དཔྱོད་ལྡན་དགྱེས་པའི་དབྱངས་སྙན་༽སོགས་སྔ་ཕྱི་རིམ་བརྒྱུད་ཀྱིས་བོད་ཀྱི་ལོ་རྒྱུས་རིག་པའི་རྩོམ་རིག་གི་འཕེལ་རིམ་ཡང་རྒྱ་མཚོའི་རྦ་རླབས་དང༌། སྟོན་ཀའི་རླུང་རླབས་ལྟར་གཡོ་ཞིང་འཕེལ་བ་དེ་དག་ཀྱང་རྩོམ་པ་པོ་སོ་སོའི་མཁྱེན་རབ་དང་རྣམ་དཔྱོད། མཐོང་རྒྱ་དང་ཐོས་རྒྱ་ལ་དཔགས་པའི་བོད་རང་གི་སྤྱི་ཚོགས་འཚོ་བའི་ཁྲོད་ནས་རྒྱལ་སྤྱིའི་སྡིང་ཆ་བར་མཆེད་བཞིན་པ་ཡིན་ཞིང༌། འདི་དག་ཕལ་བོ་ཆེས་གཞི་འཛིན་ས་ནི་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ཁོ་ན་ཡིན་པ་མ་ཟད་གཞིས་བཞུགས་བོད་ཀྱི་ལོ་རྒྱུས་སྨྲ་བའི་རྒྱ་བོད་ཀྱི་མཁས་པ་ཕལ་བོ་ཆེས་མི་མངོན་པའི་སྒོ་ནས་རྒྱལ་རབས་འདིར་དགག་བཞག་ཅི་རིགས་པའི་ཟོལ་གྱིས་གཟིགས་དང་གཟིགས་བཞིན་པས། རྒྱལ་རབས་འདི་ནི་གཞིས་བྱེས་གཉིས་ཀྱིས་མཚོན་པའི་བོད་ཀྱི་རྒྱལ་རབས་སྨྲ་མཁན་གྱི་མི་སྣ་ཕལ་བོ་ཆེས་ཁུངས་དང་རྩ་འཛིན་བྱེད་ས་ཉག་གཅིག་པོ་དེ་ཡིན་པས། འདི་ཉིད་དེང་སང་བོད་ཀྱི་ལོ་རྒྱུས་རིག་པའི་རྩོམ་རིག་གི་ཁྲོད་ནས་ཤིང་བརྒྱའི་རྩ་བ་དང་ཆུ་བརྒྱའི་འབྱུང་ཁུངས་ལྟ་བུ་དེ་ཡིན། ད་ལྟའི་རང་རེའི་གཞོན་སྐྱེས་ཁྲོད་ནས་བོད་ཀྱི་ལོ་རྒྱུས་རིག་པའི་རྩོམ་རིག་ཅིག་སྤྱི་ཚོགས་ཐོག་ལེགས་སྐྱེས་སུ་ཕུལ་དགོས་ན། ཐོག་མའི་རྒྱུ་ཆ་རྒྱལ་རབས་ཚད་ལྡན་འདི་ལྟ་བུ་ཞིག་ལ་ཁུངས་སུ་བཅོལ་ན། ས་བོན་མངར་བ་ལས་འབྲས་བུ་མངར་བ་འབྱུང་བ་ཆོས་ཉིད་ཡིན་པས། ཕན་ནུས་ལྡན་པའི་ལོ་རྒྱུས་ཀྱི་ཡིག་ཆ་གསར་པ་ཞིག་བཞག་ཐུབ་པར་ཐེ་ཚོམ་གང་ཡང་མི་དགོས་སྙམ། བཙན་བྱོལ་བའི་ཉེ་རབས་ལོ་རྒྱུས་ཀྱི་དབང་དུ་བྱས་ན། དྲུང་ཡིག་ལྷ་མོ་ཚེ་རིང་གིས་རྩོམ་སྒྲིག་གནང་པའི་༼བཙན་རྒོལ་རྒྱལ་སྐྱོབ་༽པོད་དྲུག་དང༌། ཆུ་བཞི་སྒང་དྲུག་གིས་བཏོན་པའི་༼གློ་སྒྲིག་འཛུགས་ཀྱི་དངོས་ཡོད་ལོ་རྒྱུས་༽པོད་གསུམ། ཕྲན་དང་ཆབ་མདོ་ཤེས་རབ་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི་༼ཆུ་སྒང་དམག་འཐབ་ལོ་རྒྱུས༽སོགས་བར་ལམ་ནས་ཚོགས་སྡེ་ཁག་དུ་མས་བཙན་བྱོལ་སྤྱི་ཚོགས་ཀྱི་ཉེ་རབས་ཀྱི་ལོ་རྒྱུས་དེབ་ཐེར་གལ་ཆེ་དུ་མ་ཡང་གསར་རྩོམ་བྱས་འདུག་པ་ནས། བོད་ཀྱི་རྩོམ་རིག་གི་བྱ་བཞག་ལ་རང་བཞིན་གྱིས་ཕན་རླབས་ངེས་ཅན་རེ་བྱུང་ཡོད་པ་བཤད་མ་དགོས་པ་རེད། བར་ལམ་ནས་བཙན་བྱོལ་དུ་མི་སྒེར་གྱི་མི་ཚེ་ལོ་རྒྱུས་འབྲི་སྲོལ་ཤུགས་ཆེར་བྱུང་བ་ནས། རྒྱལ་གཅེས་དཔའ་བོ་རྣམ་སྲས་གླིང་དཔལ་འབྱོར་འཇིགས་མེད་ཀྱིས་བརྩམས་པའི་༼མི་ཚེ་ལོ་རྒྱུས་དང་འབྲེལ་ཡོད་སྣ་ཚོགས༽ནང་སྤྱི་རྣམ་གླིང་ཚང་གི་མི་བརྒྱུད་བྱུང་རིམ་དང༌། སྒོས་སུ་རྩོམ་པོ་ཁོ་རང་གི་མི་ཐོག ལྷག་དོན་བོད་ཀྱི་དུས་འགྱུར་བྱུང་བའི་སྔ་ཕྱིའི་རྒྱུད་རིམ་སྐོར་དངོས་ཡོད་ཀྱི་རྒྱབ་ལྗོངས་དང་འབྲེལ་བའི་གསལ་བཤད་ཞིབ་རྒྱས་གནང་འདུག དེ་བཞིན་༼སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱི་མི་ཚེ་ལོ་རྒྱུས་༽གལ་ཆེན་རང་བཞིན་ལྡན་པའི་པོད་ཆེན་གསུམ། སྐུ་ཚེའི་ལོ་རྒྱུས་ཧྲག་བསྡུས་ལས་༼ཕོ་ལྷ་མགྲོན་གཉེན་ཆེན་མོའི་མི་ཚེ་ལོ་རྒྱུས༽བོད་གཞུང་དཔེ་མཛོད་ཁང་གིས་བསྒྲིགས་པ། ༼ཀུན་བདེ་གླིང་ཛ་སག་གི་མི་ཚེ་ལོ་རྒྱུས༽ཀུན་གླིང་འོད་ཟེར་རྒྱ་མཚོས་བརྩམས་པ། ༼བཀའ་བླློན་དབང་འདུས་རྡོ་རྗེའི་མི་ཚེ་ལོ་རྒྱུས༽དབང་འདུས་རྡོ་རྗེས་བརྩམས་པ། ༼ཡབ་གཞིས་གཡུ་ཐོག་པའི་མི་ཚེ་ལོ་རྒྱུས༽གཡུ་ཐོག་ལྕམ་གྱིས་བསྒྲིགས་པ། རྩེ་དྲུང་ཐུབ་བསྟན་ཉིན་བྱེད་ཀྱི་མི་ཚེ་ལོ་རྒྱུས། ༼ཉག་རོང་ཨ་བརྟན་གྱི་མི་ཚེ་ལོ་རྒྱུས་༽རང་ཉིད་ཀྱིས་བྲིས་པ། ༼ལི་ཐང་ཨ་ཐར་ནོར་བུའི་མི་ཚེ་ལོ་རྒྱུས༽ཕྲན་གྱིས་བསྒྲིགས་པ། ༼ལི་ཐང་ག་གཟི་བློ་ཚེའི་མི་ཚེ་ལོ་རྒྱུས༽རང་ཉིད་ཀྱིས་བསྒྲིགས་པ། གཤོང་གཉེར་བསོད་ནམས་དབང་རྒྱལ་གྱི་མི་ཚེ་ལོ་རྒྱུས་༼ཤར་མཐའི་དཔའ་བོའི་གད་རྒྱང་༽ཕྲན་གྱིས་བརྩམས་པ། གཙང་ཁ་བསྟན་པ་དར་རྒྱས་ཀྱི་མི་ཚེ་ལོ་རྒྱུས༼ར་སྨད་གྲུ་ཁ་་་་དམག་འཁྲུག་གིས་བསྐྱལ་བའི་མི་ཚེ༽གཙང་ཁ་བསོད་ནམས་ཀྱིས་བརྩམས་པ། ༼ཨ་མདོ་རྡོ་ཐར་གྱི་མི་ཚེ་ལོ་རྒྱུས༽འོད་ཟེར་རྒྱལ་པོས་བརྩམས་པ། བླ་ཕྱག་མཁན་ཆུང་ཐུབ་བསྟན་བསྟན་དར་གྱི་རྩོམ་པའི་རང་གི་མི་ཚེ་ལོ་རྒྱུས༼རང་མྱོང་དྲང་བརྗོད་ཀྱི་ཟིན་བྲིས༽། ༼རི་འབུར་སྤྲུལ་སྐུའི་མི་ཚེ་ལོ་རྒྱུས་༽རང་ཉིས་ཀྱིས་བྲིས་པ། ༼ཀཻ་ཚང་སྤྲུལ་སྐུའི་མི་ཚེ་ལོ་རྒྱུས༽རང་ཉིད་ཀྱིས་བྲིས་པ། ༼ཨ་ལགས་ཙ་ཡེས་ཀྱི་མི་ཚེ་ལོ་རྒྱུས་༽རང་ཉིད་ཀྱིས་བྲིས་པ། ཨ་མདོ་རིག་འཛིན་གྱི་མི་ཚེ་ལོ་རྒྱུས༼གསུབ་ཏུ་མེད་པའི་རྨ་ཤུལ༽བཀའ་ཐུབ་རྒྱལ་གྱིས་བྲིས་པ། སྨར་ཁམས་སྟོབས་རྒྱས་ཀྱི༼མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་ལོ་རྒྱུས༽། ཨ་མདོ་བློ་བཟང་བསྟན་འཛིན་གྱི༼བསྟན་སྲིད་དང་བླང་དམག་གི་ལོ་རྒྱུས༽། ལི་ཐང་བྱམས་པས་བྲིས་པའི་༼ཆུ་སྒང་དམག་སྤྱི་ལི་ཐང་བློ་བཟང་བྱམས་པའི་ལོ་རྒྱུས་ཕོ་རྒོད་དཔའ་བོའི་ཞབས་རྗེས༽། ཚེ་རིང་བློ་གསལ་གྱི་མི་ཚེ་ལོ་རྒྱུས་༼ཁྲག་དྲོན་གྱི་འཁྱུག་བྲིས༽། སྡེ་དགེ་ལྷུན་གྲུབ་དབང་རྒྱལ་གྱི་མི་ཚེ་ལོ་རྒྱུས༼མུན་ནག་ཁྲོད་ཀྱི་བོད་མི་ཞིག་གི་མི་ཚེ༽བྲག་གཡབ་གྲགས་པས་སྒྲིག་པ། རྡོ་གཅོད་དཀོན་མཆོག་བསྟན་དར་གྱི་མི་ཚེ་མྱོང་ཚོར་༼ཁྲག་གི་མིག་ཆུ༽རང་ཉིད་ཀྱིས་བྲིས་པ་སོགས། ཐམས་ཅད་བརྗོད་པ་མི་ནུས་པའི་ལོ་རྒྱུས་འབྲི་རྩོམ་གནང་འདུག་པ་ཀུན་ཚད་མ་གསུམ་གྱིས་གནོད་པ་ཡོད་མིན་ཇི་ལྟར་ཡང༌། བོད་ཀྱི་རྩོམ་རིག་གི་བྱ་བཞག་ཐོག་རང་བཞིན་གྱིས་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད་པ་ནི་སྨོས་མ་དགོས་པ་རེད་སྙམ།

༤༽ བཙན་བྱོལ་དུ་བོད་ཀྱི་ཆོས་འབྱུང་རིག་པའི་རྩོམ་རིག་གི་འཕེལ་རིམ། ས་ཕག་དུས་འགྱུར་བྱུང་བ་དང་ྋགོང་ས་མཆོག་གིས་བཀའ་ནན་ཕེབས་པ་དང་བརྒྱུད་ནས་འབྲེལ་ཏེ། ཡུལ་གྱར་དུ་སླེབས་པའི་བོད་ཀྱི་མཁས་གྲུབ་བླ་སྤྲུལ་དུ་མས་བོད་ཀྱི་ནང་ཆོས་རིག་པའི་བྱུང་བ་བརྗོད་པ་སྤྱི་དང༌། ཆོས་ལུགས་རང་ཁོངས་ཀྱི་བྱུང་བ་བརྗོད་པའི་རྩོམ་ཡིག་སྣ་མང་སྤེལ་བའི་ནང་ནས། ཆེས་ཐོག་མ་ནི་སྔ་འགྱུར་རྙིང་མ་པའི་བསྟན་པའི་སྲོལ་འཛིན་ཆེན་པོ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཛད་པའི༼སྔ་འགྱུར་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་སྒྲའམ་ཡོངས་གྲགས་སུ་བདུད་འཇོམས་ཆོས་འབྱུང་༽དུ་གྲགས་པ་དེ་ཡིན་སྲིད་སྙམ། ཆོས་འབྱུང་དེའི་ནང་རྒྱལ་བསྟན་སྤྱིའི་བྱུང་རབས་དང་བྱེ་བྲག་སྔ་འགྱུར་གསང་སྔགས་རྙིང་མ་པའི་མདོ་སྒྱུ་སེམས་གསུམ་གྱི་བརྒྱུད་པའི་མན་ངག་ཇི་ལྟར་བྱུང་བའི་རབས་རིང་བརྒྱུད་བཀའ་མ་དང༌། ཉེ་རྒྱུད་གཏེར་མའི་བྱུང་རབས། ཞར་ལ་བོད་ཀྱི་རྒྱལ་པོ་རིམ་པར་བྱུང་རབས་བཅས་ཀྱང་འཁོད་པའི་ཆོས་འབྱུང་གི་རྩོམ་ལུས་ལམ་རྣམ་པར་ཕྱེ་བ་ནས་མཇུག་རྩོམ་བྱང་གི་བར་ཚིག་སྦྱོར་འབྲེལ་ཆགས་ཤིང༌། བརྗོད་དོན་ཁུངས་བཙན་པ། རྒྱས་བསྡུས་འཚམས་ཤིང་གོ་བའི་གནད་ལ་འབིགས་པའི་ཁྱད་ཆོས་དུ་མ་ལྡན་པས་བོད་གཞིས་བྱཻས་གཉིས་ཀར་དཔེ་སྐྲུན་འགྲེམས་སྤེལ་ཙམ་དུ་མ་ཟད། ད་ལྟའི་ཆར་བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་སྨྲ་བའི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་དུ་མས་གཞི་གདིང་ས་དང་ཁུངས་བཅོལ་ས་བྱས་དང་བྱེད་བཞིན་པ་སྣང༌། ད་དུང་ཁོང་གིས་༼བསྟན་པའི་བབ་ཚུལ་སོགས་དང་འབྲེལ་བའི་དུས་ཚིགས་ལ་ཅུང་ཟད་དཔྱད་པ་བསྟན་པའི་གནས་ཚད་བསྟན་པ༽ཞེས་པ་ཡང་བརྩམས་གནང་བ་འདིས་ལོ་ཚིགས་ཀྱི་ཐོག་ཕན་ཐོགས་ངེས་ཅན་བྱུང་འདུག་ལ། བཙན་བྱོལ་ནང་ལོ་ཚིགས་བསྟན་རྩིས་རྩོམ་པ་ཐེངས་དང་པོ་དེ་ཕལ་ཆེར་འདི་ཉིད་ཡིན་སྲིད་སྙམ། ད་དུང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་༼དེབ་ཐེར་ལྗང་ཁུ་༽དང་༼རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས༽། གདོང་ཐོག་སྤྲུལ་སྐུས་༼དཔལ་ལྡན་ས་སྐྱའི་ཆོས་འབྱུང་༽དང༌། འབྲི་གུང་སྐྱབས་མགོན་གྱིས་༼འབྲི་གུང་ཆོས་འབྱུང་༽། ༼འཕགས་བོད་དུ་རྒྱལ་བསྟན་རིན་པོ་ཆེ་དེ་འཛིན་བཅས་པ་སྤྱི་དང་བྱེ་བྲག་འཇམ་མགོན་ས་སྐྱ་པའི་བསྟན་པ་དེ་འཛིན་དང་བཅས་པའི་བྱུང་བ་བརྗོད་པ་འདོད་འབྱུང་ནོར་བུའི་མཛོད་ཆེན་བསོད་དོན་ལྷུན་གྲུབ༽ས་སྐྱ་ཐུགས་རྗེ་དབང་ཕྱུག་གིས་བརྩམས་པ། ༼དགའ་ཤར་ཆོས་འབྱུང་དཔྱད་གསུམ་རྣམ་དག་ནོར་བུའི་ཕྲ་ཚོམ༽ཛེ་སྨད་སྤྲུལ་སྐུ་བསྟན་འཛིན་ཡར་རྒྱས་ཀྱིས་བརྩམས་པ། རྒྱུད་སྨད་ཆོས་འབྱུང་གཡའ་དག་འཔྲུལ་གྱི་མེ་ལོང་༽དགའ་ལྡན་ཁྲི་ཐོག་བརྒྱ་པས་མཛད་པ། ༼རྒྱུད་སྟོད་ཆོས་འབྱུང་ཨུཏ་པ་ལའི་དོ་ཤལ༽རྒྱུུད་གྲྭ་རྡོ་རྗེ་མགོན་པོས་བརྩམས་པ། རྫོང་རྩེ་བྱམས་པ་ཐུབ་བསྟན་གྱིས༼བཀྲ་ཤིས་ལྷུན་པོའི་ཆོས་འབྱུང་༽དང་༼སེ་ར་ཐེག་ཆེན་གླིང་གི་ཆོས་འབྱུང་༽༼སྲད་ཆོས་འབྱུང་༽། ༼སྨིན་གྲོལ་གླིང་གི་མཁན་རབས་རྣམ་ཐར་གཡུལ་ལས་རྣམ་པར་རྒྱལ་བའི་དགའ་སྟོན༽ཨོ་རྒྱན་སྨིན་གྲོལ་གླིང་ནས་བཏོན་པ། མདོ་སྨད་པ་ཡོན་ཏན་རྒྱ་མཚོས་༼དགེ་ལྡན་ཆོས་འབྱུང་གསེར་གྱི་མཆོད་སྡོང་འབར་བ༽དང་༼མདོ་སྨད་དགོན་སྡེ་ཁག་གི་དཀར་ཆགས༽། དཔལ་ཚུལ་གྱིས་༼བན་དེའི་ཆོས་འབྱུང་ཀུན་གསལ་མེ་ལོང་༽དང་༼གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས༽། མོན་གྱི་ནང་བསྟན་རིག་གཞུང་འཛིན་སྐྱོང་ཚོགས་པས་བཏོན་པའི་༼སྦས་ཡུལ་སྐྱིད་མོ་ལྗོངས་ཀྱི་ཆོས་འབྱུང་༽། མཁན་ལྷ་ཚེ་རིང་གི་༼མཁའ་སྤྱོད་འབྲས་མོ་ལྗོངས་ཀྱི་གཙུག་ནོར་སྤྲུལ་པའི་རྣལ་འབྱོར་མཆེད་བཞི་བརྒྱུད་འཛིན་དང་བཅས་པའི་བྱུང་བ་བརྗོད་པ་བློ་གསར་གཞོན་ནུའི་དགའ་སྟོན༽། ༼རྒྱ་བོད་འབྲུག་གསུམ་དུ་གསར་བསྐྲུན་བྱུང་བའི་བོད་ཀྱི་རིས་མེད་དགོན་སྡེ་ཁག་གི་ལོ་རྒྱུས༽༢༠༠༠ལོར་བོད་གཞུང་ཆོས་རིག་ལས་ཁུངས་ནས་བཏོན་པ། ༼ཀིརྟི་ཚང་དང་འབྲེལ་བའི་ངག་རྒྱུན་ལོ་རྒྱུས་ཉམས་མྱོང་རྒན་པོའི་གཏམ་ཕྲེང་༽ཇ་ཚོགས་སྤྲུལ་སྐུ་བློ་བཟང་དོན་འགྲུབ་ཀྱིས་བསྒྲིགས་པ། ཕྲན་གྱིསབརྩམས་པའི་༼འཕགས་བོད་ཆོས་འབྱུང་འཛམ་བུའི་གསེར་གྱི་འཁྲི་ཤིང་༽པོད་བཞི་དང་༼ྋགོང་ས་མཆོག་གི་དགེ་སློབ་སྡོམ་རྒྱུན་མཁན་པོ་རིམ་བྱུང་གི་རྣམ་ཐར་འཛམ་བུའི་གསེར་གྱི་མཆོད་སྡོང་༽སོགས་བརྩམས་ནས། བཙན་བྱོལ་ཁྲོད་དུ་ཆོས་ལུགས་སྤྱི་དང་རང་ཁོངས་ཀྱི་བྱུང་བ་བརྗོད་པའི་གཏམ་ཚོགས་རྒྱ་ཆེ་ཞིང་གཏིང་བརླིང་བའི་འཕེལ་རིམ་གྱི་རླབས་རྒྱུན་ཡང་དབྱར་གཞུང་གི་མེ་ཏོག་དང༌། དགུན་དུས་ཀྱི་ཁ་བ་བཞིན་རྣམ་པར་བཀྲ་བའི་ལེགས་བྱས་ནམ་ཡང་གུད་དུ་མེད་པའི་ལག་རྗེས་རྒྱ་ཆེར་བཞག་དང་འཇོག་བཞིན་པ་ཡིན་ལ། འཕེལ་རིམ་འདིའི་ཐོག་ནས་ཀྱང་བྱེས་འབྱོར་ཁྲོད་དུ་ནམ་ཡང་ངོ་ནོངས་མི་དགོས་པའི་བྱ་བཞག་རྒྱ་ཆེར་བསྐྲུན་གནང་མཛད་འདུག བླ་སྤྲུལ་ཁག་གི་རྣམ་ཐར་རྣམས་ཀྱང་ཆོས་འབྱུང་གི་ཕྱོགས་དང་མཐུན་པས་འདིར་རགས་ཙམ་འགོད་ན། བཙན་བྱོལ་ནང་རྣམ་ཐར་ཐོག་མར་རྩོམ་མཁན་ནི་ཀུན་རྩེ་བསོད་ནམས་དབང་འདུས་རེད། ཁོང་གིས་༼རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ངོས་འཛིན་སྐོར་བདེན་གཏམ་རྣ་བའི་བཅུད་ལེན༽། ཞེས་པ་འདི་བཞིན་སྤྱི་ལོ་ ༡༩༦༨ ལོར་རྩོམ་སྒྲིག་གནང་འདུག རྣམ་ཐར་འདིའི་ནང་ྋགོང་ས་མཆོག་ཡང་སྲིད་ཇི་ལྟར་བརྩད་བཅད་ཞུས་པ་ནས་ཁྲི་འདོན་ཞུས་པའི་བར་གྱི་ལོ་རྒྱུས་ཁ་གསལ་ཞིང་ཁུངས་བཙན་པར་བཀོད་འདུག་པར་མ་ཟད་རྩོམ་རྩལ་གྱི་ཐོག་ནས་བཤད་ན། སྒྱུ་རྩལ་གྱི་རྣམ་གཞག་ཚད་མཐོ་ལྡན་པས་སྐབས་དེའི་རྩོམ་པ་པོ་ཚོས་འགྲན་ཐབས་མེད་པ་ཞིག་ཏུ་སྣང༌། ༼དཔལ་ལྡན་ས་སྐྱའི་ཁྲི་འཛིན་ངག་དབང་ཀུན་དགའ་ཐེག་མཆོག་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་རང་རྣམ་མདོར་བསྡུས༽ཁྲི་ཆེན་ཞེ་གཅིག་པ་ངག་དབང་མཐུ་སྟོབས་དཔལ་འབར་རང་ཉིད་ཀྱི་མཛད་པ། ྋགོང་ས་མཆོག་གིས་སྐུལ་བ་ལྟར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་རང་རྣམ་༼ཀུན་རྟོག་སྒྱུ་མའི་འཁྲུལ་སྣང་༽དང༌། དེའི་ཁ་སྐོང་འཛེ་སྨད་བསྟན་འཛིན་ཡར་རྒྱས་ཀྱིས་མཛད་པའི༼དད་གསུམ་ཆུ་གཏེར་འཕེལ་བའི་ཟླ་ཕྲེང་༽། དེ་ནས་རིམ་པར་བཞིན་༼སྟག་འཚེར་སྤྲུལ་སྐུ་ཐུབ་བསྟན་འཇིགས་མེད་ནོར་བུའི་རྣམ་ཐར་ངེས་དོན་སྤྲིན་གྱི་ཕོ་ཉ༽མདོ་སྨད་པ་ཡོན་ཏན་རྒྱ་མཚོས་བརྩམས་པ། ༼ྋགོང་ས་མཆོག་གི་རྣམ་ཐར་གསེར་གྱི་ཡང་ཞུན༽ནོར་གླིང་ནས་བཏོན་པ། ༼སྡེ་གཞུང་སྤྲུལ་སྐུ་བྱམས་པ་ཀུན་དགའ་བསྟན་པའི་ཉི་མའི་རྣམ་ཐར་དད་གསུམ་པདྨོ་བཞད་པའི་ཉིན་བྱེད༽ངག་སྐལ་གྱིས་དབྱིན་ཡིག་ཐོག་རྩོམཔ་གདོང་ཐོག་པས་བོད་བསྒྱུར་གནང་བ། ༼བྱམས་བརྩེ་དང་དྲང་བདེན་གྱི་བླ་སྲོག༽རོང་པོ་བློ་བཟང་སྙན་གྲགས་ཀྱིས་བརྩམས་པ། ༼ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་གསེར་ཕྲེང་༽ཀིརྟི་བྱེས་པ་གྲྭ་ཚང་གིས་བཏོན་པ། ༼ཀིརྟི་མཚན་ཞབས་ཀྱི་རྣམ་ཐར་གཟི་འོད་མཆེད་པའི་དྲང་སྲོང་གི་ཞབས་ཤུལ༽འབྲོང་བློ་བཟང་དར་རྒྱས་ཀྱིས་བརྩམས་པ། ༼རང་རྣམ་པདྨ་དཀར་པོའི་ཕྲེང་བ༽བ་ཀུ་ལ་ཐུབ་བསྟན་མཆོག་དར་གྱིས་མཛད་པ། རྟའུ་ཆོས་མཛད་ཀྱི་༼དགེ་བཤེས་བློ་བཟང་སྐལ་ལྡན་གྱི་རྣམ་ཐར་སྐུ་གསུམ་རྒྱ་མཚོར་འཇུག་པའི་གྲུ་རྫིངས༽། ༼རྒྱལ་དབང་ཀརྨ་པ་སྐུ་རབས་རིམ་བྱུང་གི་རྣམ་ཐར༽། ༼ཀླུ་སྦྱིན་དགེ་བཤེས་རིན་པོ་ཆེའི་རྣམ་ཐར་དད་གསུམ་རབ་རླབས་འཕྱུར་བའི་ཆུ་གཏེར།༽དང་ཁང་སར་སྐྱབས་མགོན་སྐུ་ཕྲེང་གཉིས་པ་ཐུབ་བསྟན་བློ་བཟང་འཇིགས་མེད་རྒྱ་མཚོའི་རྣམ་ཐར་མདོར་བསྡུས༽ཕྲན་གྱིས་བརྩམས་པ། རག་ར་ཐུབ་བསྟན་ཆོས་དར་གྱི༼གསེར་སྐོང་རྗོ་རྗེ་འཆང་གི་རྣམ་ཐར༽། མཛོད་པ་ངག་དབང་དགེ་འདུན་དང་རྭ་སྟོད་བསོད་ནམས་གཉིས་ཀྱིས་བསྒྲིགས་པའི་༼རྭ་སྟོད་ཆུ་དབར་རིན་པོ་ཆེའི་རྣམ་ཐར་ངོ་མཚར་དད་པའི་འཇུག་ངོགས༽། མི་ཉག་པདྨ་རིན་ཆེན་གྱིས་བརྩམས་པའི་༼མི་ཉག་སྐྱོར་དཔོན་རིན་པོ་ཆེའི་རྣམ་ཐར༽སོགས་ཆོས་འབྱུང་གི་ཆ་ལག་ཏུ་གཏོགས་པའི་རྣམ་ཐར་ཡང་གང་མང་ཞིག་རྩོམ་གནང་མཛད་འདུག་པ་འདི་དག་ཀྱང་རྩོམ་རིག་གི་འཕེལ་རིམ་དང་འབྲེལ་བའི་ཆ་ལག་ཅིག་ཡིན་པ་བཤད་ག་ལ་དགོས།

༥༽ བྱེས་འབྱོར་དུ་ཆབ་སྲིད་རིག་པའི་རྩོམ་རིག་གི་འཕེལ་རིམ། ས་ཕག་དུས་འགྱུར་བྱུང་ནས་མི་རིང་བར་རྒྱ་གར་དུ་སྐྱབས་བཅོལ་སླེབས་པའི་རྒྱུད་རིམ་ཁྲོད། གསུམ་ཅུའི་དུས་དྲན་ནམ་བོད་རང་དབང་སྒེར་ལངས་ཀྱི་དུས་དྲན་དང་པོ་དེ། སྤྱི་ལོ་ ༡༩༦༠ ཟླ ༣ ཚེས ༡༠ ཉིན་རྒྱ་གར་ཌལ་ཧོར་དུ་གནང་འདུག་པ་དེའི་ཐོག་ྋགོང་ས་མཆོག་གི་ཡོངས་ཁྱབ་གསུང་བཤད་བཀའ་སློབ་ཅིག་གནང་འདུག་པ་དེ་ཉིད་བྱེས་འབྱོར་ཁྲོད་ཆབ་སྲིད་དང་འབྲེལ་བའི་རྩོམ་རིག་དཔེ་འགྲེམ་གནང་བ་ཐེངས་དང་པོ་དེ་ཡིན་རྒྱུ་རེད། དེ་ནས་མུ་མཐུད་ད་ལྟའི་བར་གསུམ་ཅུའི་དུས་དྲན་རིམ་བརྒྱུད་དུ་ྋགོང་ས་མཆོག་གི་བཀའ་སློབ་ཡོངས་ཁྱབ་གསལ་བསྒྲགས་རེ་གནང་བ་རྣམས་སྐབས་དང་སྐབས་སུ་རང་གཞུང་ནས་ཕྱོགས་བསྡུས་དཔེ་སྐྲུན་འགྲེམ་སྤེལ་རྒྱ་ཆེར་གནང་བ་དེ་རིགས་ནི་བཙན་བྱོལ་ནང་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་རྩོམ་རིག་གི་མཚན་གཞི་ཙམ་དུ་མ་ཟད། བཙན་བྱོལ་གཞུང་གི་ཡུལ་དུས་གནས་བབ་ལ་ལྟོས་པའི་ཆབ་སྲིད་ཀྱི་གཞི་འཛིན་ས་ལྟེ་བ་ཡང་ཡིན་པ་བཤད་མི་དགོས་པ་རེད། གསུམ་དུས་གསུང་བཤད་ཕྱོགས་སྒྲིག་གི་དེབ་དེ་དག་ལ་གཟིགས་ན། བོད་རྒྱའི་འཐབ་རྩོད་ཀྱི་བྱུང་རིམ་དང་གླེང་རྙོག་དེ་ལྟར་ཡོང་བའི་རྒྱུ་རྐྱེན། གླེང་རྙོག་གི་མཇུག་འབྲས་དང་འབྱུང་འགྱུར་གྱི་རེ་འཆར་སོགས་ཡུལ་དུས་གནས་བབ་འགྱུར་འགྲོས་དང་འབྲེལ་བའི་ཆབ་སྲིད་ཀྱི་གནས་སྟངས་ཐོག་འཕོ་འགྱུར་གང་ཞིག་བྱུང་བ་རྣམས་གསལ་པོར་འཁོད་ཡོད་ལ། གསལ་པོ་འཁོད་པའི་རྩོམ་ཡིག་དེ་དག་རྒྱལ་ཁབ་ཕྱི་ནང་གང་སར་རྒྱ་ཁྱབ་ཏུ་འགྲོ་བཞིན་པ་ལགས་པས། བཙན་བྱོལ་ཁྲོད་ཀྱི་ཆབ་སྲིད་དང་འབྲེལ་བའི་རྩོམ་རིག་གི་འཕེལ་རིམ་འགོ་འཛུགས་བྱེད་ས་དང་གཞི་འཛིན་ས་ཡང་འདི་ཉིད་ལ་ངོས་འཛིན་གནང་ན་མི་འགྲིག་པ་མེད་དོ་སྙམ། སྤྱི་ལོ་ ༡༩༧༩ ལོར་ད་ལྟའི་སྐུ་སྒེར་དྲུང་ཟུར་བློ་བཟང་སྦྱིན་པ་ལགས་ཀྱིས་༼བདེན་དོན་གསལ་བའི་སྒྲོན་མེ་དང༌། ཡང་སྤྱི་ལོ་ ༡༩༨༤ ལོར་ཁོང་གཞོན་ནུའི་ཚོགས་གཙོ་ཡིན་པའི་སྐབས་བྲིས་པའི་༼བོད་ཀྱི་ཕྱི་སྲིད་དང་འབྲེལ་བའི་གཏམ༽། ཞེས་པ་འདི་གཉིས་ཉེ་རབས་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་གལ་ཆེ་རང་བཞིན་ལྡན་པའི་ཆེད་རྩོམ་ཞིག་ཏུ་ངོས་འཛིན་ཞུ་ཆོག་པར་སེམས་ཏེ། ཁོང་གིས་རྩོམ་ཡིག་འདི་ཉིད་འབྲི་རྒྱུའི་ཆ་རྐྱེན་དང་གོ་སྐབས་ཡག་ཤོས་ཤིག་ལ། སྐབས་དེའི་བོད་ཀྱི་ཕྱི་སྲིད་བཀའ་ཟུར་སྣེའུ་ཤར་ཐུབ་བསྟན་ཐར་པ་མཆོག་གི་གཟིམས་ཤག་དང་ཁ་ཐག་ཉེ་བས། དམ་པ་དེ་ཉིད་ལ་ཡང་ཡང་གཏུགས་འབྲེལ་གྱིས་བཀའ་ཟུར་དམ་པ་དེ་ཉིད་ལོ་ཤས་ཕྱི་སྲིད་བཀའ་བློན་གནང་རིང་གི་མཐོང་ཐོས་ཉམས་མྱོང་གང་ཞིག་བསགས་པ་རྣམས་རིམ་པར་གསན་རྒྱུའི་གོ་སྐབས་བྱུང་བ་དང༌། གོ་སྐབས་དེ་ཉིད་ངོས་འཛིན་གྱིས་གནད་དོན་ཕྱོགས་བསྡུས་ཀྱི་སྙིང་པོ་གཅིག་ཏུ་དྲིལ་ནས་རྩོམ་སྒྲིག་བྱས་པས། ཚིག་ཉུང་ཡང་དོན་ཟབ་པ། བོད་རྒྱའི་གནས་བབ་དང་ཉེ་རབས་ཀྱི་ལོ་རྒྱུས་ཐོག་ཁ་ཚ་དགོས་གཏུགས་ཀྱི་ཕན་རླབས་ཆེ་བའི་ཁྱད་ཆོས་ལྡན་སྟབས། རང་གཞུང་དྲིལ་བསྒྲགས་ལས་ཁུངས་ནས། ལོ་དེའི་མང་གཙོའི་དུས་ཆེན་དང་བསྟུན་ནས་དཔེ་སྐྲུན་དང་འགྲེམས་སྤེལ་བྱས་འདུག ཡང་སྤྱི་ལོ་ ༡༩༨༦ ལོར་སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་སྐབས། ༼ཤིང་སྟག་སིམ་ལའི་ཆིངས་ཡིག་ལ་བསྐྱར་ཞིབ་བྱས་པ་༽ཞེས་པའི་ཆེད་རྩོམ་ཡིག་སྤེལ་འདུག་པ་དེའི་ནང་བོད་རྒྱ་གཉིས་དང༌། རྒྱ་གར་དབྱིན་ཇི་སྲིད་གཞུང་བར་གྱི་ཆིངས་ཡིག་དེ་ཉིད་བཞག་པའི་རྒྱུ་མཚན་དང༌། རྒྱུ་རྐྱེན་མཇུག་འབྲས་དང་བཅས་པ་གསལ་བཤད་ནན་པོ་གནང་ནས། དོན་དངོས་ཀྱི་བོད་རྒྱའི་གནས་བབ་ངོ་མ་དེ་ཉིད་ལོ་རྒྱུས་དངོས་བྱུང་གི་རྒྱབ་ལྗོངས་བརྟན་པའི་སྒོ་ནས་རྩལ་དུ་བཏོན་འདུག སྤྱི་ལོ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་ཐོག སྐབས་དེའི་བོད་ཀྱི་རྩ་དོན་དང་གཞོན་ནུའི་ལྟ་གྲུབ་གཙོ་འདོན་གྱི་དུས་དེབ་༼རང་བཙན་༽དང་༼བོད་གནས་བསྐྱར་ཞིབ༽ཞེས་པ་གསར་སྤེལ་གནང་འདུག་པ་དེ་དག་གི་ནང་དུའང་བོད་རྒྱའི་གནས་བབ་གསལ་བཤད་དང༌། གུང་ཁྲན་གྱིས་གཞིས་སྡོད་བོད་མིའི་ཐོག་གཉའ་གནོན་སྡང་ཟུག་དང༌། རིག་གནས་གསར་བརྗེའི་ལས་འགུལ་ཁྲོད། བོད་ཀྱི་ཆོས་རིག་གོམས་སྲོལ་རྩ་གཏོར་གཏོང་བའི་གནས་བབ་གང་ཞིག་བྱུང་དང་འབྱུང་བཞིན་པ་ཀུན་མང་ཚོགས་ལ་ཁྱབ་བརྡལ་གཏོང་སའི་གདེང་ཆ་གལ་ཆེ་ཤོས་ཤིག་ཏུ་གྱུར་པའི་རྒྱུན་ད་ལྟའི་བར་དུ་མཐོང་ཆོས་ཡོད་པ་འདི་བཞིན་ཡིན་པས། བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཁྲོད་ཆབ་སྲིད་དང་འབྲེལ་བའི་རྩོམ་རིག་གི་འཕེལ་རིམ་གྱི་ཆ་ལག་ཅིག་ཏུ་ངོས་འཛིན་ཆོག་པ་སྙམ། སྤྱི་ལོ་ ༡༩༩༨ ལོར་ཆུང་ཚེ་རིང་དང་བསོད་ནམས་རྡོ་རྗེ་གཉིས་ཀྱི་༼བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་༽ཅེས་དོན་ཚན་བཅུ་བདུན་ལས་འཕྲོས་པའི་དཔྱད་བརྗོད་རིང་པོ་ཞིག་སྤེལ་གནང་མཛད་འདུག་པ་དེའི་ནང་དུ་བོད་རྒྱའི་ཉེ་རབས་ཀྱི་གནས་བབ་མང་པོ་ཞིག་ཁ་གསལ་ཞིང་གོ་བདེ་བའི་ལུགས་སུ་བཀྲལ་བས། ཉེ་བའི་བོད་རྒྱའི་གནས་བབ་ལ་ཐུགས་སྣང་གནང་མཁན་ཚོར་དུས་ཐོག་ཆར་པ་ལྟར་གྱུར་འདུག སྤྱི་ལོ་ ༢༠༠༡ ནས་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འགྲེམ་སྤེལ་བྱས་པའི་༼བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཞིབ་འཇུག་༽དེབ་ཕྲེང་དང་པོ་དང་གཉིས་པ་རིམ་པ་བཞིན་བཏོན་པ་དེ་དག་ཀྱང༌། མཐུན་ཚོགས་དེ་ཉིད་ཀྱི་ཚོགས་གཙོ་དང་ཚོགས་མི་ཁ་ཤས་ཀྱི་བྱེད་བབ་ལས་ད་ལྟར་སྦལ་པ་རྨ་ཅན་དུ་གྱུར་པས་ལག་པ་འཆང་མི་རུང་ནའང༌། དེ་སྔོན་བཏོན་པའི་དེབ་དེ་དག་ནི་ཕྱོགས་མཐའི་ཆབ་སྲིད་པ་དང་ལོ་རྒྱུས་སྨྲ་བ་སོགས་མཁས་པ་མང་པོས་བོད་རྒྱའི་གནས་བབ་དང་འབྲེལ་བའི་ཆབ་སྲིད་ཀྱི་དཔྱད་བརྗོད་གང་མང་སྤེལ་ཡོད། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་བཏོན་པའི་༼སློབ་དཔོན་ཟམ་གདོང་རིན་པོ་ཆེས་བོད་མི་དམངས་སྐབས་བཅུ་གཅིག་དང་བཅུ་གཉིས་ཐོག་གནང་བའི་གསུང་བཤད་གལ་གནད་ཆེ་ཁག་ཕྱོགས་བསྡུས༽། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་བཏོན་པའི་༼རང་སྐྱོང་གི་བཀོད་སྒྲིག་ལམ་ནས་གཞུང་སྲིད་རང་སྐྱོང་ཡོང་ཐབས༽། གཞན་ཡང་དོན་གྲུབ་ལྷ་དར་གྱིས་བརྩམས་པའི་༼བདག་གི་བསམ་གཞིགས་དང་བོད་སྐྱོབ་རེ་འབོད༽། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཏོན་པའི་༼བོད་དུ་ལག་བསྟར་བྱས་པའི་རྒྱ་དམར་གྱི་སྲིད་ཇུས༽། བོད་ཀྱི་ཡིག་བསྒྱུར་ཁང་ནས་འགྲེམ་སྤེལ་བྱས་པའི་༼བོད་རྒྱ་ཉམས་ཞིབ་༽དེབ་ཕྲེང༌། ཉེ་ཆར་འགྲེལ་སྤེལ་གནང་བའི་སེར་བྱེས་གྲྭ་འཇིགས་བྲལ་བསྟན་འཛིན་ལགས་ཀྱིས་༼བོད་ཀྱི་དྲིས་ལན་༽ཞེས་པ་དྲི་བ་དྲིས་ལན་གྱི་ཐོག་ནས་བོད་ཀྱི་རྩ་དོན་ཐེར་འདོན་བྱས་པའི་ཆབ་སྲིད་ཀྱི་དེབ་ཆུང་ཞིག་བཏོན་འདུག་པ་དེ་ཉིད་གྲྭ་པའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་དེབ་ཕྲེང་དང་པོ་དེ་ཡིན་སྲིད་སྙམ། སྤྱི་ལོ ༡༩༩༥ ལོར་ཝ་ཎའི་ཉམས་ཞིབ་པ་རྒྱལ་མཚན་རྣམ་གྲོལ་གྱི་༼འཚེ་མེད་ཞི་བའི་འགྲེལ་བརྗོད་༽ཀྱི་དེབ་ཆུང་དང༌། ཟམ་གདོང་པཎ་ཌི་ཏ་བློ་བཟང་བསྟན་འཛིན་གྱི་༼བདེན་པའི་ཨུ་ཚུགས་ཀྱི་དེབ་ཆུང་༽རྣམས་བཙན་བྱོལ་ཁྲོད་ཀྱི་ཆབ་སྲིད་དང་འབྲེལ་བའི་རྩོམ་རིག་གི་ཆ་ལག་གལ་ཆེན་ཞིག་ཏུ་ངོས་འཛིན་ཞུ་ཆོག་གོ་སྙམ། འོན་ཀྱང་བཙན་བྱོལ་གྱི་ཆབ་སྲིད་གནས་བབ་ལ་རྟག་པ་ཐེར་ཟུག་གི་གཞི་རྐང་བརྟན་པོ་ཞིག་ད་ཕན་མ་བྱུང་བས། རྩོམ་པ་པོའམ་ཡང་ན་རྩོམ་རིག་ལ་དགའ་བའི་མི་མང་པོ་ཞིག་གིས་བརྗོད་གཞི་འདི་ཉིད་འབུར་འདོན་གྱིས་རྩོམ་ཡིག་འབྲི་མཁན་དེ་ཙམ་མང་པོ་བྱུང་མེད། རྒྱུ་མཚན་ནི་དེ་རིང་ཆབ་སྲིད་ཀྱི་ལངས་ཕྱོགས་དང་གཞི་འཛིན་གང་ཞིག་བྱས་ནས་བྲིས་པ་དེ་ཉིད། སང་ཉིན་ལངས་ཕྱོགས་དེ་ལས་གཞན་པའམ་ཕྱོགས་འགལ་གྱི་གནས་བབ་ལ་རང་བཞིན་གྱིས་ལྷུང་འགྲོ་བའི་ཉེན་ཁ་ད་དུང་ཡང་སོ་ན་གནས་པས་ལག་པ་འཆང་སྟབས་བདེ་པོ་རང་ཞིག་མེད་པ་ཡིན་ནོ་སྙམ།

༦༽ བཙན་བྱོལ་ནང་བོད་ཀྱི་གསར་ཤོག་རིག་པའི་རྩོམ་རིག་གི་འཕེལ་རིམ། སྤྱི་ལོ་༡༩༦༤ཡན་མན་ནས་རྡོར་གླིང་ཆུ་བཞི་སྒང་དྲུག་གི་ལས་ཁུངས་དང་ཨ་རིའི་གསང་བའི་ལས་ཁུངས་དང་འབྲེལ་བ་བྱས་ནས་༼ཆུ་ཨ་གསར་འགྱུར་༽ཞེས་པའི་གསར་ཤོག་འདོན་ཐེངས་ཁ་ཤས་བཏོན་འདུག་པ་དེ་ནི་བཙན་བྱོལ་ནང་བོད་པ་རང་གིས་བཏོན་པའི་གསར་ཤོག་དང་པོ་དེ་རེད། དེ་རྗེས་གསར་ཤོག་དེ་ཉིད་དགག་དགོས་ལ་བརྟེན་ནས་༼བོད་མིའི་རང་དབང་༽ཞེས་པར་མིང་བསྒྱུར་གྱིས་འདོན་སྤེལ་གནང་འདུག རྒྱུད་ལམ་དེ་དག་གི་ཐོག་ཏུ་བོད་རྒྱའི་འཐབ་རྩོད་དང་བཙན་བྱོལ་བའི་གནས་སྟངས་ངོ་སྤྲོད་རྨང་གཞིར་བཞག་པའི་ཐོག དང་བླངས་དཔའ་བོ་ཚོས་རྒྱ་དམག་དང་དམར་འཛིངས་བྱས་རབས་ཀྱི་ལོ་རྒྱུས། སྐབས་འགར་བྱེས་འབྱོར་བོད་ཀྱི་མཁས་པ་དུ་མས་སྒྱུ་རྩལ་རྩོམ་རིག་ཀྱང་འདྲ་མིན་སྤེལ་གནང་མཛད་འདུག་པ་འདི་དག་བཙན་བྱོལ་ཁྲོད་དུ་རྩོམ་རིག་སྤྱིའི་འཕེལ་རིམ་གྱི་མགོ་འཛུགས་གནང་པའི་དུས་ཚིགས་ལ་ངོས་འཛིན་གནང་ན་སྤྱིའི་ཆ་ནས་མི་འགྲིགས་པ་མེད་སྙམ། སྤྱི་ལོ་ ༡༩༦༨ ལོར་བོད་ཀྱི་༼ཤེས་བྱ་༽དུས་དེབ་འདོན་སྤེལ་གནང་འདུག དུས་དེབ་དེ་ནི་དེང་སང་སྐུ་སྒེར་དྲུང་ཆེ་ཡིན་པའི་བསྟན་འཛིན་དགེ་བྱེད་ལགས་དང༌། བཀའ་བློན་ཁྲི་ཟུར་བསྟན་རྣམ་རྒྱལ་གྱིས་ཇུས་འགོད་ལྟར། ད་ལྟའི་བཀའ་ཁྲི་ཟུར་པ་བྲག་གཡབ་མཛེས་བཅུ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་རྩོམ་སྒྲིག་གནང་ནས། སྒྲ་གྱིས་དཔེ་བསྐྲུན་དང་འགྲེམས་སྤེལ་བྱས་པ་ཞིག་རེད། བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་ཐོག་སྤེལ་བའི་གསར་འགྱུར་དུས་དེབ་ཐེངས་དང་པོ་དེ་ཕལ་ཆེ་དེ་ཉིད་ཡིན་རྒྱུ་རེད། དུས་དེབ་འདིའི་ཐོག་ནས་སྐབས་དེའི་བྱེས་འབྱོར་བོད་ཀྱི་སྤྱི་ཚོགས་ཁོར་ཡུག་ཁྲོད་བོད་ཀྱི་ཆོས་སྲིད་རིགས་གཞུང་གང་ཐད་ནས་མང་ཚོགས་ལ་གོ་རྟོགས་སྤེལ་བའི་རྒྱུད་ལམ་ཡག་ཤས་ཤིག་བྱུང་འདུག སྐབས་འགར་ཕྱོགས་བཞུགས་བོད་ཀྱི་མཁས་པ་ཁག་གཅིག་གིས་སྒྱུ་རྩལ་རྩོམ་རིག་ཀྱང་མི་ཉུང་བ་ཞིག་སྤེལ་འདུག དུས་ཕྱིས་བཙན་བྱོལ་སྤྱི་ཚོགས་ཡར་རྒྱས་རིམ་པར་འགྲོ་བ་དང༌། ྋགོང་ས་མཆོག་གི་མཛད་འཕྲིན་ཉིན་རེ་ནས་ཉིན་རེར་ཇེ་རྒྱས་སུ་འགྲོ་བ་དང་སྟབས་བསྟུན། སྤྱི་ལོ་༡༩༧༡ནས་ཤེས་བྱ་རྩོམ་སྒྲིག་ཁང་འདི་བཞིན་རང་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱི་ཆ་ལག་ཏུ་ཚུད། དེ་དང་ཆབས་གཅིག་གསར་འགྱུར་མཁོ་སྒྲུག་གི་གཞི་རྒྱ་ཡང་ཇེ་ཆེར་སོང་པས་དུས་དེབ་འདིར་ཡང་དེ་དག་གི་སྐོར་ཇེ་མང་དུ་འགོད་དགོས་སྟབས་སྒྱུ་རྩལ་རྩོམ་རིག་གི་སྐོར་འགོད་རྒྱུ་མཚམས་འཇོག་བྱས་པ་འདྲ། འདི་ཉིད་ད་ལྟའི་བར་མུ་མཐུད་གནས་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས། དེ་རྗེས་གཞོན་སྐྱེས་ཤེས་ཡོན་དང་དྲང་ཚུགས་ཅན་འགའ་ཞིག་གིས་༼ཟླ་གསལ་༽དང༌། གཞོན་ནུ་ལྷན་ཚོགས་ཀྱིས་༼རང་བཙན་༽གཉིས་ཀྱང་རིམ་པར་བཞིན་བཏོན་འདུག དུས་རབས་ཉེར་གཅིག་པའི་དུས་མགོ་ཡན་མན་དུ་གསོག་སྒར་དགེ་རྒན་ཟླ་བ་ཚེ་རིང་གིས་རྩོམ་སྒྲིག་གནང་བའི་༼མཐོ་སྒང་གི་རྒྱབ་མདུན༽ཞེས་པ་བཏོན། ཉེ་ཆར་ཝཱཎ་རྒྱ་གར་ལེགས་སྦྱར་ཆེས་མཐོའི་སློབ་གཉེར་བ་ཇོ་ལེབ་ཆོས་འཕེལ་སོགས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གཞོན་སྐྱེས་ཁག་གཅིག་གིས༼འོད་ སྤྱི་ཚོགས་དུས་དེབ༽རྩོམ་སྒྲིག་དང་འགྲེམ་སྤེལ་ཤུགས་ཆེར་གནང་འདུག་པ་དེ་དག་གི་ནང༌། བཙན་བྱོལ་སྤྱི་ཚོགས་ནང་ཁུལ་གྱི་གནས་བབ་དངོས་དོན་གཞིར་བཟུང་གི་དཔྱོད་བརྗོད་དང༌། བོད་རྒྱའི་གནས་བབ་དང་འབྲེལ་བའི་ཆབ་སྲིད་ཀྱི་སྐོར་སོགས་བརྗོད་གཞིར་བཟུང་ནས་སྤྱི་ཚོགས་ནང་གོ་རྟོགས་འཕེར་ངེས་ཀྱི་ཁྱད་ཆོས་འབུར་དུ་འཐོན་པ་བྱུང་འདུག གཞན་ཡང་བཙན་བྱོལ་ཁྲོད་བསམ་ཕོད་པ་དང༌། བཤད་ཕོད་པ། འབྲི་ཕོད་པ་སྟེ། ཕོད་པ་གསུམ་ལྡན་གྱི་བསམ་བློའི་གདོང་མཆོང་པ་གཞོན་སྐྱེས་ཤེས་ཡོན་ཅན་དཔུང་ཁག་གཅིག་གིས་༼མ་འཁྱོགས་དྲང་ཐིག༽ཅེས་པའི་གསར་ཤོག་ཅིག་བཏོན་འདུག མ་འཁྱོགས་དྲང་ཐིག་ནི་མ་འཁྱོགས་དྲང་ཐིག་རང་རེད། སྐབས་དེའི་སྤྱི་ཚོགས་ཁྲོད་ཀྱི་བསམ་བློ་དང༌། ཀུན་སྤྱོད། འཐེན་ཁྱེར་སོགས་ཞན་ཆ་མང་པོ་ཞིག་ཐེར་འདོན་བྱས་པས། སྤྱི་ཚོགས་ལེགས་བཅེས་གནང་སའི་སྨན་ཁང་ཡག་ཤས་ཤིག་ཆགས་འདུག དེ་རྗེས་༼བོད་མིའི་རྩ་དོན་༽དང༌། ལྷག་པར་དུས་ཕྱིས་༼དམངས་གཙོ་༽གསར་ཤོག་ཨ་མྱེས་རྨ་ཆེན་ལ་རྩིས་སྤྲོད་གནང་བའི་རྗེས་སྤྱི་ཚོགས་ཀྱི་ངན་སྲོལ་དང་རུལ་སུང་མང་པོ་ཞིག་གཤའ་བཅོས་གཏོང་སའི་གདེངས་ཆ་ཡག་ཤས་དེ་གྱུར། དབང་འཛིན་པའི་དགྲ་བོ་ལྟེ་བ་དེ་གསར་ཤོག་ཡིན་པས་དཔོན་ཆེན་མི་ཆེ་ནང་ཁུལ་ངན་པ་ཁ་མཐུན་གྱིས་གསར་ཤོག་དེ་སྐུ་ཚེ་ཡུན་རིང་མ་བརྟན་ཀྱང་གསོན་ན་རླབས་ཆེ་བ་དང༌། ཤི་ན་གཟི་བརྗིད་ཆེ་བའི་སྒོ་ནས་མཇུག་བསྡུས་བྱས་འདུག དེ་རྗེས་༼བོད་ཀྱི་དུས་བབ༽། ༼གཉན་ཆེན་ཐང་ལྷ༽། ༼ནོར་ལྡེ༽། ༼བོད་ཀྱི་བང་ཆེན༽། ༼ཕ་ཡུལ་ཤེས་བྱའི་བང་མཛོད༽། ༼དྲང་བདེན༽། ༼བདེན་པའི་ཕོ་ཉ༽། ༼སྤྱི་ཚོགས་མེ་ལོང་༽། ༼བག་གསར༽། ༼ལྷོ་ཕྱོགས་ཕོ་ཉ༽། ༼བདེན་པའི་གླེང་བཏེགས༽། ༼སྤྱི་ཚོགས་གླེང་བཏེགས་༽། ༼ལྗང་རླུང་༽སོགས། ཚགས་ཤོག་འདྲ་མིན་ཡང་རིམ་པར་བཞིན་མང་དུ་འཕེལ་རྒྱས་བྱུང་བ་དེ་དག་རང་རང་གི་ཁ་ཕྱོགས་དང་དམིགས་ཡུལ་མི་འདྲ་བ་ཅི་རིགས་སྣ་ཚོགས་སུ་ཡོད་ནའང༌། གཞི་རྩའི་བོད་ཀྱི་རྩོམ་རིག་གི་འཕེལ་རིམ་ཐོག་ཕན་ཐོགས་ངེས་ཅན་རེ་བྱུང་འདུག

༧༽ བཙན་བྱོལ་དུ་བོད་ཀྱི་བརྡ་སྤྲོད་རིག་པའི་རྩོམ་རིག་གི་འཕེལ་རིམ། དུས་འགྱུར་བྱུང་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་ཀྱི་བརྡ་སྤྲོད་རིག་པའི་རྩོམ་རིག་ཆེས་ཐོག་མ་སྤེལ་མཁན་ནི་བྲག་གཡབ་སྐྱབས་མགོན་རིན་པོ་ཆེ་ཡིན་ལ། ཁོང་གིས་བོད་ཀྱི་བརྡ་དག་ཚིག་མཛོད་ཀྱི་དེབ་ཆེན་དེ་ཉིད་གསར་རྩོམ་དང་དཔེ་སྐྲུན་གནང་བ་ནས། མི་ཡུལ་དུ་གསར་འཛུགས་བྱས་མ་ཐག་པའི་སྲིད་གཞུང་གི་ལས་ཁུངས་ཁག་ཏུ་བརྡ་དག་འདི་ཉིད་མིག་དང་འདྲ་བ་བྱུང༌། བརྡ་དག་གི་གཞུང་འདི་ཁོག་སྒྲིག་སྟངས་སོག་པོ་དགེ་བཤེས་ཆོས་གྲགས་ཀྱིས་མཛད་པའི་༼བོད་ཀྱི་བརྡ་དག་མིང་ཚིག་གསལ་༽བ་དང་འདྲ་བར་ཀ་ཁོངས་སྦྱོར་ཀློག་གི་སྔ་ཕྱི་བང་རིམ་བཞིན་བསྒྲིགས་པའི་སྲོལ་གསར་གཏོད་མཛད་པ་དེ་ལ་བརྟེན་ནས་བསྒྲིགས་བོད་གཞུང་དཔེ་མཛོད་ཁང་ནས་དཔེ་སྐྲུན་བྱསའདུག ཚིག་མཛོད་འདིའི་ནང་མིང་ཚིག་ཁྲི་ཕྲག་ལྷག་བསྡུས་ཤིང་མདོ་སྔགས་ཀྱི་གསུང་རབ་དང་སྨན་རྩིས་སོགས་ཐ་སྙད་ཀྱི་སྐོར། ལི་ཤིའི་གུར་ཁང་དང་བརྡ་གསར་རྙིང་གིས་མཚོན་པའི་ཁུངས་ལྡན་ཡིག་རྙིང་མང་པོ་གཞིར་བཅོལ་ནས་བསྒྲིགས་པས་ཁུངས་བཙུན་པ་དང༌། སྒྲིག་སྟངས་ལྟ་ཀློག་བདེ་བའི་ཁྱད་ཆོས་ལྡན། ད་དུང་ཁོང་གིས་བརྩམས་པའི་༼དུས་གསུམ་རེའུ་མིག་༽དུས་ཕྱིས་ཤེས་རིག་ལས་ཁུངས་ནས་བ་གཞིས་པའི་མིང་ཐོག་ནས་བཏོན་པ། གཞན་ཡང་བ་གཞིས་ཕུན་ཚོགས་དབང་རྒྱལ་གྱིས་༼སྙན་སུམ་གྱི་སྐོར་༽དུ་མ་དང༌། ཝཱར་དགེ་པདྨ་རྒྱལ་མཚན་གྱིས་གླེང་བརྗོད་ཆེན་པོ། འཛེ་མེད་བསྟན་འཛིན་ཡར་རྒྱས་ཀྱིས་༼སུམ་རྟགས་སྐོར༽། བདུད་འཇོམས་ཡེ་ཤེས་རྡོ་རྗེས༼བརྡ་སྤྲོད་ཀྱི་སྐོར༽། འབྲས་སྤུངས་ཁྲི་པ་བསྟན་པ་བསྟན་འཛིན་གྱིས་༼སུམ་རྟགས་སྐོར༽། རག་ར་ཐུབ་བསྟན་ཆོས་དར་གྱིས་༼གནས་བརྒྱད་འགྲེལ་བ༽། ཨ་མདོ་དགེ་འདུན་སྦྱིན་པས་༼སུམ་རྟགས་ཀྱི་སྐོར༽། ན་ག་སངས་རྒྱས་བསྟན་དར་གྱིས་༼ནག་ཊིཀ་༽། ཆབ་མདོ་ཤེས་རབ་ཀྱི་༼སུམ་རྟགས་གཉིས༽། ཕྲན་གྱི་༼རྟགས་ཀྱི་འཇུག་པའི་དཀའ་གནད་འགའ་ཞིག་གི་དོགས་སེལ་གཟུ་གནས་དགྱེས་པའི་གཏམ༽སོགས། རིམ་པར་བརྩམས་པས་བྱེས་འབྱོར་ཁྲོད་དུ་བོད་ཀྱི་བརྡ་སྤྲོད་རིག་པའི་རྩོམ་རིག་གི་འཕེལ་རིམ་གྱི་རླབས་རྒྱུན་དགུང་ལ་འཕྱོ་བའི་ཟེགས་མ་འཛམ་གླིང་ཤར་ནུབ་གང་སར་འཐོར་དང་འཐོར་བཞིན་པ་འདིའི་ཐོག་ནས་ཀྱང་ང་ཚོའི་སྤྱི་ཚོགས་ཁོར་ཡུག་ཆུང་ཆུང་འདིས་ཕྱིས་འབྱུང་བུ་རབས་ཚ་རྒྱུད་ཚོར་ངོ་ནོངས་མི་དགོས་པའི་རྩོམ་རིག་འཕེལ་རིམ་ལོ་རྒྱུས་ཀྱི་ས་བོན་བརྟན་པོ་བཞག་འདུག་སྙམ།

༨༽ བཙན་བྱོལ་དུ་བོད་ཀྱི་སྙན་གཞུང་རིག་པའི་རྩོམ་རིག་གི་འཕེལ་རིམ། དུས་འགྱུར་བྱུང་རྗེས་གཞིས་ཕྱོགས་སུ་རིག་གནས་གསར་བརྗེའི་རྐྱེན་པས་དུས་ཡུན་རིང་པོ་ཞིག་ལ་བོད་རིག་པའི་གཞུང་ལུགས་ཡོངས་རྫོགས་རེ་ཞིག་དུར་སར་མནན་པས། ལུང་པ་ཆུས་འཁྱེར་ན་རྡོ་ལེབ་སྐམ་པོ་མི་ལུས་པའི་དཔེ་ལྟར། རེ་ཞིག་སྙན་ཚིག་དང་སྙན་ཚིག་རིག་པའི་གཞུང་ལུགས་མཐོང་ཐོས་ཀྱི་ཡུལ་ལས་བསྐལ་ནའང༌། བྱེས་འབྱོར་ཁྲོད་དུ་ྋགོང་ས་མཆོག་གི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས་ཆོས་དང་རིག་གཞུང་གི་རྨང་གཞི་གསར་འཛུགས་དང་བསྟུན་ནས་ཐ་སྙད་རིག་པའི་གཞུང་གི་རྟེན་གཞི་ཡང་རྒྱུན་འཛིན་ཐུབ་པའི་གོ་སྐབས་བྱུང་བའི་མགོ་འཛུགས་གནང་མཁན་ཕལ་ཆེར་བ་གཞིས་ཕུན་ཚོགས་དབང་རྒྱལ་སོགས་ཡིན་ལ། ཁོང་གིས་ཝཱཎ་དང་རྡ་ས་མཚན་ཉིད་སློབ་གྲྭ། སྨན་རྩིས་ཁང་སོགས་སུ་སྙན་སུམ་གྱི་ལམ་ཁྲིད་དང༌། ལྷག་དོན་༼སྙན་ངག་གི་འགྲེལ་བ་དང་དཔེར་བརྗོད་༽ཀྱང་རྩོམ་འབྲི་གནང་འདུག་པ་དེ་ཉིད་བཙན་བྱོལ་ཁྲོད་དུ་སྙན་གཞུང་རིག་པའི་རྩོམ་རིག་གི་འཕེལ་་རིམ་དང་པོ་དེ་ཡིན་སྲིད་སྙམ། གཞན་ཡང་མཛེ་མེད་བསྟན་འཛིན་ཡར་རྒྱས་དང་ལྷ་ཁང་བློ་བཟང་རྣམ་རྒྱལ་སོགས་ཀྱིས་སྙན་ངག་དཔེར་བརྗོད་དང༌། དུས་ཕྱིས་ཧོར་གཙང་འཇིགས་མེད་ཀྱིས་༼སྙན་འགྲེལ་ཚངས་སྲས་དགྱེས་པའི་འཛུམ་ཟེར༽དང༌། དབྲ་ཆུང་སྐལ་བཟང་ནོར་བུས་༼ཨེ་སངས་ལྷ་མོའི་མགུལ་རྒྱན་༽སོགས་བརྩམས་པས་བཙན་བྱོལ་ཙམ་དུ་མ་ཟད། གཞིས་ཕྱོགས་སུའང་དཔེ་སྐྲུན་དང་འགྲེམས་སྤེལ་གྱིས་བཙན་བྱོལ་ནང་ཕྱུར་བའི་སྙན་གཞུང་གི་འཕེལ་རླབས་ཀྱིས་བོད་ཕྱི་ནང་གཉིས་ཀར་ཁྱབ་བརྡལ་དུ་ཕྱིན་པ་མཐོང་གསལ་ལྟར་ཡིན། གཞན་ཡང་ཨ་མདོ་དགེ་འདུན་སྦྱིན་པའི་༼སྙན་ངག་ལེའུ་བར་བའི་འགྲེལ་དང་དཔེར་མརྗོད༽། འཛེ་སྨད་ཀྱི་༼སྙན་ངག་དཔེར་བརྗོད༽། ལྷ་ཁང་བློ་བཟང་རྣམ་རྒྱལ་གྱི༼སྙན་ངག་གི་དཔེར་བརྗོད༽། ཕྲན་གྱི་༼སྙན་ངག་གི་སྡོམ་ཚིག་མུ་ཏིག་ཕྲེང་བ༽དང་༼ལེའུ་དང་པོའི་དཔྱོད་བརྗོད༽སོགས་སྙན་གཞུང་དང་འབྲེལ་བ་ཡོད་པའི་རྩོམ་རིག་ཀྱང་མི་ཉུང་བ་ཞིག་བྱུང་འདུག་པ་དེ་དག་གིས་རྩོམ་རིག་སྤྱི་དང་ཡང་སྒོས་སྒྱུ་རྩལ་རྩོམ་རིག་གི་འཕེལ་རིག་ཐད་བག་ཆགས་ངེས་ཅན་ཞིག་བཞག་ཡོད་སྲིད་སྙམ།

༩༽ བོད་ཀྱི་སྨན་རྩིས་རིག་པའི་རྩོམ་རིག་གི་འཕེལ་རིམ། བྱེས་འབྱོར་སྤྱི་ཚོགས་ནང་བཞུགས་སྒར་རྡ་རམ་ས་ལར་དབུས་སྨན་རྩིས་ཁང་གསར་འཛུགས་ཀྱིས་བོད་ཀྱི་སྨན་རྩིས་རིག་པའི་རྒྱུན་སྲོལ་མི་ཉམས་སླར་གསོའི་རླབས་ཆེན་གྱི་མཛད་རྗེས་མཐོང་ཆོས་སུ་ཡོད་ལ། འདི་ཉིད་མགོ་བཙུགས་པ་ནས་ྋགོང་ས་མཆོག་གི་བླ་སྨན་རིམ་བྱོན་ཚོས་སྨན་རྩིས་ཀྱི་འཆད་ཉན་རྒྱ་ཆེར་བསྐྱངས་པའི་ལོ་རྒྱུས་ལས། སྨན་གཞུང་དང་རྩིས་གཞུང་གི་གསར་རྩོམ་གྱི་འཕེལ་རིམ་ཐོག་དེ་ཙམ་ཆ་རྒྱུས་མེད། ཤེས་རབ་གླིང་སྡེ་དགེ་ཚེ་རྣམ་དང༌། ཝཱར་ཎ་སིར་རག་རྡོ་སྤྲུལ་པའི་སྐུ་བློ་བཟང་བསྟན་འཛིན་ཟུང་གིས་སྨན་དང་རྩིས་ཀྱི་རྒྱུན་སྲོལ་བཟང་པོ་བསྐྱངས་དང་སྐྱོང་བཞིན་པའི་ཐོག ཕྱི་མས་དེ་དག་དང་འབྲེལ་བའི་རྩོམ་ཐུང་༼གསོ་བ་རིག་པ་དང་ཚེའི་རིག་བྱེད་ཀྱི་ཁྱད་པར་ལ་ཅུང་ཟད་དཔྱད་པ་ངང་པའི་བཞེད་སྒྲ༽། ཞེས་བོད་ཀྱི་གསོ་བ་རིག་པའི་བྱུང་རིམ་དང་ལྟ་གྲུབ་རྣམས་རང་འདོད་ལྟར་རང་གི་སྲིད་དོན་དང་ཆབ་སྲིད་ཀྱྀ་དགོས་མཁོ་བསྐོང་སླད༌། འགའ་ཞིག་གིས་མནའ་བོའི་རྒྱ་ནག་གི་སྨན་གཞུང་རྒྱ་བཟས་བོད་དུ་ཁྱེར་བ་སོགས་ལས་གཞི་ནས་ཡུལ་དེར་དར་བས་རྒྱ་ནག་གི་སྨན་གཞུང་ཡིན་པར་འདོད་ཅིང་སྒྲུབ་བྱེད་ལྟར་སྣང་དུ་མ་འགོད་པ་དང༌། འགའ་ཞིག་གིས་རྒྱ་གར་ནས་དར་བ་ཡིན་ཞིང་རྒྱ་གར་གྱི་ཚེའི་རིག་བྱེད་ཡུལ་དེར་མ་དར་སྔོན་དུ་བོད་ལ་སྨན་བཅོས་མེད་པར་བཤད་ཅིང་དེ་ལ་ཕྱོགས་རེའི་རིག་པ་དང་ལུང་དོན་རང་ཕྱོགས་སུ་འཐེན་ནས་བཤད་སྒྲོས་དུ་མ་བྱེད་པ་མནའ་དེང་གཉིས་ཀར་སྣང་བར་བརྟེན་བློ་གྲོས་ཀྱི་ལང་ཚོ་མ་བརྟས་པ་རྣམས་ལྟར་སྣང་གི་གཟུགས་བརྙན་དང་གཟུགས་དངོས་གཉིས་འཁྲུལ་ནས་རེ་དོགས་སྣ་ཚོགས་ཡོང་གི་ཡོད་པ་དང་ཡོང་སྲིད་པ་དེ་དག་གི་ལོག་རྟོག་དང་འཁྲུལ་སྣང་བསལ་བའི་སླད། བོད་ཀྱི་གསོ་བ་རིག་པའི་བྱུང་རིམ་དངོས་དང༌། དེའི་ལག་ལེན་གྱི་ཕན་ནུས་ཤེས་པའི་ཕྱིར༌། དབྱེ་ཞིབ་བྱེད་དགོས་པའི་རྒྱུ་རྐྱེན་དང༌། དཔྱད་པ་ཞུགས་པར་ངེས་པར་ཚང་དགོས་པ། དཔྱད་འོས་པ། ཐོག་མའི་བྱུང་རིམ། ཚེའི་རིག་བྱེད་ཀྱི་བྱུང་བ། བོད་ཀྱི་གསོ་བ་རིག་པའི་བྱུང་བ། བར་དུ་ལྟ་གྲུབ། ལུས་གྲུབ་ཚུལ་སོགས་ཀྱི་ཁྱད་པར། གྲུབ་པའི་ལུས་ཀྱི་ཆ་ཤས་འགའི་ཁྱད་པར། ཀླད་པ༌།Central nervous system སྙིང་ཁམས། བསམ་སེའུ། རེག་པའི་རྩ་ལ་བརྟག་པ། རྩ་བརྟག་ཐབས་ཀྱི་རིག་པ། མཐོང་བ་ཆུ་ལ་བརྟག་པ། ཕྱི་ནང་གི་འབྱུང་བའི་འབྲེལ་ཚུལ། ནད་བཅོས་ལག་ལེན། སྦྱོར་བ་སྨན། བཅས་དོན་ཚན་ཆུང་ངུ་བཅུ་བདུན་ཕྱེས་ཏེ་དཔྱོད་པའི་ལམ་ནས་གསོ་རིག་དང་ཚེའི་རིག་བྱེད་ཀྱི་བྱུང་རིམ་དང་ཁྱད་པར་གསལ་བཤད་གནང་བ་སོགས་འགའ་ཞིག་ཀྱང་བྲིས་སྣང་བ་དེ་ཀོ། མཐོང་ཐོས་ཉམས་མྱོང་གིས་རྒྱུད་ཕྱུག་པ་དང༌། བརྗོད་གཞིའི་ཁུངས་བཙན་ཞིང་རྗོད་བྱེད་ཚིག་སྦྱོར་སྙན་འཇེབས་ལྡན་པའི་ཁྱད་ཆོས་དུ་མ་ལྡན་པ་མཐོང༌། གཞན་བོད་ཀྱི་སྨན་རྩིས་ཁང་ནས་བཏོན་པའི་སྨན་རྩིས་ཀྱི་གཞུང་༼བཻཌཱུརྱ་དཀར་སྔོན་༽དང༌། ཟུར་མཁར་བ་བློ་གྲོས་རྒྱལ་པོའི་༼རྒྱུད་བཞིའི་འགྲེལ་བ་མེས་པོའི་ཞལ་ལུང་༽། སྨན་རམས་པ་བསྟན་དར་གྱི་༼རྒྱུད་བཞིའི་བརྡ་སྤྲོད་ཨ་རུ་རའི་ཕྲེང་བའི་མཛེས་རྒྱན༽། ཁྲོ་རུ་ཚེ་རྣམ་གྱི་སྒྲ་སྨན་རྩིས་གསུམ་གྱི་གཞུང་སོགས་གནའ་དེང་བོད་ཀྱི་མཁས་པ་མང་པོའི་གསུང་རྩོམ་བསྐྱར་པར་གནང་བ་དུ་མ་མཐོང་ཐོང་བྱུང་བ་ལས། གསར་རྩོམ་གང་ཞིག་གནང་ཡོད་པ་ནི་མཐོང་ཐོས་མ་བྱུང༌།

༡༠༽ བཙན་བྱོལ་དུ་བོད་ཀྱི་བྲིས་འབུར་དང་ཐིག་རྩ་རིག་པའི་རྩོམ་རིག་གི་འཕེལ་རིམ། བཙན་བྱོལ་ནང་རི་མོ་དང་ཐིག་རྩ་སྐོར་གྱི་རྩོམ་རིག་གི་དེབ་འགའ་ཞིག་ལས་མཐོང་ཐོས་བྱུང་མྱོང་མེད་ནའང༌། དེ་དག་གི་རྩོམ་པ་པོ་དང་རྩོམ་དེབ་ཀྱི་ཆེ་བ་དེ་སྔོན་དོ་སྣང་ཞུ་མྱོང་མེད། དྲན་ངོས་སུ་ཡོད་པ་ཞིག་ནི་སེར་བྱེས་འདན་མ་ཁང་ཚན་གྱི་གྲྭ་ཟུར་ད་ལྟ་མ་ཇུ་ཊི་ལ་རིན་ཆེན་ཟ་ཁང་གི་སྦྱིན་བདག་ཁོང་ཉིད་ཀྱིས་བརྩམས་པའི་༼ཐིག་རྩལ་གྱི་དེབ་༽གཅིག་རྩོམ་པ་པོ་རང་ཉིད་ཀྱིས་འགྲེལ་བརྗོད་ཟབ་རྒྱས་གནང་བྱུང་བ་དེའི་བྲོ་བ་ཆ་ཚང་མི་ཤེས་ཀྱང༌། དེབ་དེ་བཙན་བྱོལ་ནང་ཐིག་རྩ་རྩོམ་དེབ་གལ་ཆེན་ཞིག་ཡིན་པ་ར་འཕྲོད་ཞུ་ཐུབ་ངེས་སྙམ། དེ་རྗེས་༼ལྷ་བཟོ་སངས་རྒྱས་ཡེ་ཤེས་ཀྱི་མི་ཚེའི་ལོ་རྒྱུས་༽ཕྲན་ལ་བྲིས་སྐུལ་དུ་མངགས་པར་ཨ་མྱེས་རྨ་ཆེན་མཁས་དབང་བཀྲ་ཤིས་ཚེ་རིང་གི་ལམ་སྟོན་དང་རྒྱུད་སྐུལ་ལྟར་ལྷ་བྲིས་པ་ཁོང་གི་ཁྲིད་རྒྱུད་སྡེ་སྲིད་ཀྱི་གཡའ་སེལ་གཞིར་བཟུང་ནས་ད་ལྟར་འབྲི་བཞིན་པའི་ཐིག་རྩ་མ་དཔེ་འདི་བཞིན་བཙན་བྱོལ་ནང་གཡའ་སེལ་དང་འབྲེལ་བའི་ལྷ་བྲིས་ཀྱི་ཐིག་རྩ་ཐེར་འདོན་བྱས་པའི་རྩོམ་རིག་ཐེངས་དང་པོ་དེ་ཡིན་སྲིད། ད་དུང་གཞན་དང་གཞན་གྱི་ཐིག་རྩལ་རྩོམ་རིག་མི་ཉུང་བ་ཞིག་ཡོད་སྲིད་ཀྱང་ཕྲན་ལ་མཐོང་ཐོས་ཉམས་མྱོང་དེ་ཙམ་ལ་མེད་པས་བཤད་མ་སྤོབས། བཙན་བྱོལ་ནས་འབུར་སྐུའི་ཐིག་རྩ་རྩོམ་ཐོག་མའི་འཕེལ་རིམ་ནི། ནོར་གླིང་རྟེན་བཞེངས་ཆེན་མོ་རྩེ་གདོང་སྤེན་པ་རྡོ་རྗེ་ལགས་ཀྱིས་བརྩམས་པའི་༼བོད་ཀྱི་མཆོག་གི་ལུས་བཟོ་འབུར་སྐུའི་མདོ་རྒྱུད་ཐིག་ཡིག་གྱིས་བརྒྱན་ཅིང་རྩེ་གདོང་རིག་པའི་འབྱུང་གནས་ཀྱི་བཟོ་རྩལ་གྱི་བྱུང་བ་མཐོང་རྒྱུད་ལག་ལེན་མན་ངག་གཅིག་ཏུ་བཀོད་པའི་དེབ་ཐེར་རིན་ཆེན་སྣ་བདུན་གྱི་ཕྲ་ཚོམ་༽ཞེས་པ་འདི་རེད་སྙམ། དེ་ཡང་དོ་བདག་དངོས་དང་བཀའ་མོལ་བྱུང་དོན་བཞིན། བྲིས་འབུར་གྱི་ཐིག་རྩ་གཉིས་ཀ་གཞི་རྩའི་ཆ་ནས་གཅིག་པ་ཡིན་ཡང༌། བྲིས་ཐིག་གིས་འབུར་ཐིག་ཡོངས་རྫོགས་ཀྱི་གོ་ཆོད་མི་ཐུབ་པ། དཔེར་ན། བྲིས་སྐུར་མདུན་ཐིག་མ་གཏོགས་གཡས་གཡོན་རྒྱབ་གསུམ་གྱི་ཐིག་རྩ་མི་དགོས་ཀྱང༌། འབུར་སྐོས་གཡས་གཡོན་རྒྱབ་མདུན་བཞི་ཀའི་ཐིག་ཚད་ངེས་པར་དུ་དགོས་པས། བྲིས་ཐིག་ལས་འབུར་ཐིག་མགོ་ཉོག་པ་དང་ཞིབ་ཚགས་པ་བཤད་མ་དགོས་པ་དང༌། འབུར་སྐུ་ནི་གང་ཞིག་དཔེ་མཚོན་དུ་བྲིས་ཚར་བ་གཞིར་བཟུང་གིས་བརྡུང་བ་དང་བླུག་པ་སོགས་ཀྱི་ཆོ་ག་གཞན་ཤིན་ཏུ་མང་སྟབས་བྲིས་ཐིག་དང་རྒྱ་ཆེ་ཆུང་གཏིང་ཟབ་མིན་ཁྱབ་པར་ངེས་ཅན་ཡོད་པར་གསུངས། དེ་ལྟ་ནའང་བཙན་བྱོལ་དུ་བྲིས་ཐིག་ལས་གཞན་འབུར་ཐིག་དང༌། དེའི་ལག་ལེན་གྱི་མཛུབ་ཁྲིད་འཕེར་བའི་རྩོམ་རིག་གསར་པ་གཞན་སུས་ཀྱང་བྲིས་མེད་པ་འདྲ། གོང་ལྟར་ལྗགས་རྩོམ་འདི་ཉིད་ད་ལྟར་ནོར་གླིང་རྟེན་བཞེངས་སློབ་གྲྭར་ལག་ལེན་དང་འགྲོགས་ནས་སློབ་ཁྲིད་གནང་བཞིན་པ་རེད། ད་ལྟའི་རྡ་སའི་གཙུག་ལག་ཁང་གི་རྟེན་གཙོ་ཁག་གིས་མཚོན་འཛམ་གླིང་ཤར་ནུབ་གང་སར་རྩོམ་པ་པོ་འདི་ཉིད་ཀྱིས་གསར་བཞེངས་གནང་བའི་འབུར་སྐུ་འདྲ་མིན་སྙན་གྲགས་དང་མཉམ་དུ་ཁྱབ་བཞིན་པ་ཡིན། དེས་ན་བྱེས་འབྱོར་ཁྲོད་ནས་མ་འོངས་པའི་བུ་རབས་ཚ་རྒྱུད་ཚོར་བཤད་ན་བཤད་རིན་ཡོད་པ་དང༌། བསྟན་ན་བསྟན་རིན་ཡོད་པའི་བཟོ་རིགས་ཀྱི་རྩོམ་ཆོས་ཡང་ངེས་ཅན་ཞིག་འཕེལ་རྒྱས་བྱུང་ཡོད་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་བཤད་ཆོག་སྙམ།

༡༡༽ བོད་ཀྱི་སློབ་དེབ་རིག་པའི་རྩོམ་རིག་གི་འཕེལ་རིམ། ས་ཕག་དུས་འགྱུར་མ་བྱུང་བའི་སྔོན་དུ་བོད་ལ་སློབ་གྲྭ་ཁ་ཤས་ཡོད་པ་འདྲ་ཡང༌། དེ་དག་ལ་དེང་སང་ནང་བཞིན་ཚགས་ཚུད་རང་བཞིན་གྱི་རིག་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་ལྡན་པའི་སློབ་དེབ་ཅིག་ཡོད་རབས་གོ་མྱོང་མེད་ཀྱང༌། ས་ཕག་དུས་འགྱུར་བྱུང་ནས་མི་རིང་བར། སྤྱི་ལོ༡༩༦༥ལོར་བཙན་བྱོལ་དུ་ྋགོང་ས་མཆོག་གི་ཐུགས་བསྐྱེད་བླ་ན་མེད་པའི་དང་རྒྱ་གར་གཞུང་གི་བཀྲིན་ལ་བརྟེན་ནས། བོད་ཀྱི་སྐད་ཡིག་རིག་གཞུང་གི་རྨང་གཞི་ཡོད་པའི་སློབ་གྲྭ་ཟུར་འཛུགས་ཀྱི་གོ་སྐབས་བྱུང་བ་དང་བསྟུན། སྐབས་དེའི་ཡུལ་དུས་དང་མཚམས་པའི་རིག་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་ངེས་ཅན་ལྡན་པའི་སློབ་དེབ་ཀྱང་གཏན་འབེབས་གནང་ལུགས་སྐབས་དེའི་སློབ་དེབ་རྩོམ་སྒྲིག་གནང་མཁན་ཆོས་དོན་བཀའ་ཟུར་ཐུབ་བསྟན་ནོར་བཟང་དང༌། པད་བཀོད་བདུད་འཇོམས་སྤྲུལ་སྐུ། དགའ་ཤར་མཛེ་སྨད་སྤྲུལ་སྐུ། རྭ་སྟོད་སྐྱོང་ལྟ་སྤྲུལ་སྐུ། ངོར་ཐར་རྩེ་མཁན་པོ། ཁེ་སྨད་བསོད་ནམས་དབང་འདུས། རྙིང་འཐུས་དཔལ་ཡུལ་སྤྲུལ་སྐུ། ཁམས་སྤྲུལ་དོན་བརྒྱུད་ཉི་མ་བཅས་རེད་འདུག ཁོང་རྣམ་པས་རྩོམ་སྒྲིག་བྱས་པའི་སློབ་དེབ་ཁག་ཏུ་མདོ་རྒྱུད་བསྟན་བཅོས་ཀྱི་ནང་ནས་འབྱུང་བའི་ལེགས་བཤད་གལ་ཆེ་རིགས་དང༌། བོད་ཀྱི་རྒྱལ་རབས་ལོ་རྒྱུས། ཆོས་རྒྱུད་ཁག་གི་ཆོས་འབྱུང༌། བྱིས་སྒྲུང་དང་གནའ་སྒྲུང་སུམ་རྟགས་དག་གསུམ་དང་སྡེབ་སྦྱོར་མངོན་བརྗོད་བཅས་རྒྱས་བསྡུས་འཚམས་པའི་བསྡུ་སྒྲིག་གནང་ནས། ༼སྐད་ཡིག༽དང༌། ༼རྒྱལ་རབས༽། ༼ཆོས་འབྱུང་༽། ༼ནང་ཆོས༽། ༼ཚད་མ༽བཅས་ཀྱི་སློབ་དེབ་གསར་བཟོ་གནང་འདུག གང་ཞིག་བསྡུས་བསྒྲིགས་ཀྱིས་སློབ་དེབ་གསར་བཟོ་གནང་འདུག་པ་དེ་དག་དེང་སང་བྱིས་པ་ཚོའི་བསམ་བློ་དང་དུས་ཚོད་ལ་འཚམ་མིན་ཇི་ལྟར་ཡང༌། སྐབས་དེར་ཕན་ཐོགས་ངེས་ཅན་ཞིག་བྱུང་འདུག་པ་དེ་དག་ནི་བྱེས་འབྱོར་བོད་ཀྱི་སྤྱི་ཚོགས་ཁྲོད་སློབ་དེབ་རིག་པའི་རྩོམ་རིག་གི་འཕེལ་རིམ་ཐོག་མ་མགོ་འཛུགས་གནང་བར་ངོས་འཛིན་གནང་ན་མི་འགྲིགས་པ་མེད་སྙམ། དེ་ནས་རིམ་པ་བཞིན་གོམ་གང་མདུན་སྤོས་ཀྱིས་ཡུལ་དུས་གནས་བབ་དང༌། ཕྲུ་གུའི་བསམ་བློ་བཅས་ལ་ཉམས་མྱོང་ཟབ་མོའི་ལུགས་ཀྱིས་སྒོ་བསྟུན་ནས་ལེགས་བཅོས་སྔ་ཕྱི་རིམ་པར་བྱས་འདུག ལྷག་པར་ལོ་ཤས་སྔོན་ནས་མཁས་དབང་ཟམ་གདོང་རིན་པོ་ཆེའི་རླབས་ཆེན་གྱི་མཛད་བཟང་འོག ཤེས་ཡོན་སྲིད་ཇུས་གསར་འཛུགས་ཀྱིས་བོད་ཀྱི་སྐད་ཡིག་རིག་པའི་རྨང་གཞི་བརྟན་ལྷིངས་སུ་འཇགས་པའི་ཆེད། འཕགས་བོད་མཁས་པ་མང་པོ་སྔ་ཕྱིར་གདན་དྲངས་ནས་བགྲོ་གླེང་དང་གཏན་འབེབས་བྱུང་དོན་གཞིན། དེང་སང་ནི་༼ཨང་རྩིས་༽དང་༼ཚན་རིག་༽སོགས་ཀྱང་བོད་བསྒྱུར་གྱིས་བོད་ཀྱི་སྐད་ཡིག་ཐོག་ནས་བསླབ་པའི་ཁོར་ཡུག་གསར་འཛུགས་གནང་བ་འདི་ཚོ་བཙན་བྱོལ་དུ་བོད་ཀྱི་སློབ་དེབ་རིག་པའི་རྩོམ་རིག་གི་འཕེལ་རིམ་གྱི་ཆ་ལག་གལ་ཆེ་ཞིག་ཏུ་ངོས་འཛིན་ཞུ་ཆོག་སྙམ།

༡༢༽ བཙན་བྱོལ་དུ་བོད་ཀྱི་སྒྱུ་རྩལ་རྩོམ་རིག་གི་འཕེལ་རིམ། བྱེས་འབྱོར་ཁྲོད་ལ་བོད་ཀྱི་སྒྱུ་རྩལ་རྩོམ་རིག་གི་འཕེལ་རིམ་དང་པོ་མགོ་འཛུགས་བྱེད་ས་ནི་རང་གཞུང་དཔེ་མཛོད་ཁང་ཡིན་རྒྱུ་རེད་སྙམ། དེ་ཡང་བཙན་བྱོལ་གཞུང་གསར་འཛུགས་བྱས་ནས་ཡུན་རིང་མ་སོང་བར་བོད་ཀྱི་དཔེ་མཛོད་གསར་སྐྲུན་བྱས་ཐོག་རིས་མེད་མཁས་གྲུབ་དུ་མ་གདན་ཞུས་ཀྱིས་བོད་ཀྱི་གཙུག་ལག་རིག་པའི་རྨང་གཞི་ལ་སྨན་པའི་མཛད་པ་རྒྱ་ཆེར་བསྐྱངས་འདུག དེ་དག་གི་ནང་ནས་སྒྱུ་རྩལ་རྩོམ་རིག་གི་འཕེལ་རིམ་དང་འབྲེལ་བའི་དབང་དུ་བཏང་ན། དཔེ་མཛོད་འདི་ནས་མཁས་པའི་དབང་པོ་བཀྲིས་ཚེ་རིང་གིས་རྩོམ་སྒྲིག་འགན་འཛིན་གནང་ནས་སྤེལ་བའི་༼གཏམ་ཚོགས་༽དུས་དེབ་འགྲེམས་སྤེལ་གནང་འདུག དུས་དེབ་འདི་ཉིད་བཙན་བྱོལ་སྤྱི་ཚོགས་ནང་གི་སྒྱུ་རྩལ་རྩོམ་རིག་དུས་དེབ་ཐེངས་དང་པོ་དེ་ཡིན་ངེས་སྙམ། དུས་དེབ་འདིའི་ནང་སྔོན་གྱི་ལོ་རྒྱུས་ཁག་དུ་མ་དང་བླ་སྤྲུལ་ཆེ་ཁག་གི་རྣམ་ཐར་དང་སྙན་ཚིག་སོགས་གནས་ཚད་མཐོན་པོར་སླེབས་པའི་རྩོམ་པ་པོ་དུ་མས་སྤེལ་བའི་རྩོམ་རིག་མ་གཏོགས། དེང་སང་གི་ཕོ་གསར་འགའ་རེས་བྲིས་པ་ལྟ་བུའི་ཁུངས་ལུང་རྒྱུ་མཚན་ཡོད་མེད་ལ་བལྟ་མི་དགོས་པ་ཚིག་སྐམ་རེ་གཉིས་བྲིས་ནས་སྡེབ་སྒྲིག་བྱས་པ་དེ་དག་དང་རིགས་ཙམ་ཡང་འདྲ་ས་མེད་པ་བལྟས་པ་ཙམ་གྱིས་ཤེས་ཐུབ་པ་ཞིག་ཡིན་ལ། དུས་དེབ་དེའི་རྒྱུན་ད་ལྟའི་བར་བྱུང་ཞིང༌། ད་ལྟར་ཡང་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་རྩོམ་སྒྲིག་གནང་ནས་རྒྱུན་སྐྱོང་བཞིན་པ་རེད། བཙན་བྱོལ་ཁྲོད་དུ་སྒྱུ་རྩལ་རྩོམ་རིག་གི་དུས་དེབ་གཉིས་པ་ནི་༼ལྗང་གཞོན་༽དུས་དེབ་ཡིན་ལ། དུས་དེབ་འདིར་ཁྱད་ཆོས་གསར་པ་ཞིག་བྱུང་བ་དེ་ནི། དེ་སྔོན་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་དར་སྲོལ་རྩ་བ་ནས་མེད་པའི་རང་མོས་སྙན་ངག་དང་དུས་རབས་ཀྱི་ཚིག་ལྷུག སྙན་ཚིག དུས་རབས་སྒྲུང་རྩོམ་སོགས་མདོར་ན་གནའ་དེང་གི་ཁ་མཚོན་གསལ་པོ་གཅོད་པའིརྣམ་པ་འབུར་དུ་དོན་པའི་སྒྱུ་རྩལ་གྱི་རྩོམ་རིག་དུ་མ་མུ་འགོད་བྱས་པས། བཙན་བྱོལ་ཁྲོད་དུ་གསར་རྩོམ་གྱི་མྱུ་གུ་དང་པོ་དེ་ནས་འབུས་པས། ལྗང་གཞོན་ནི་གསར་རྩོམ་གྱི་ལྗང་མྱུག་འབུས་སའི་སྐྱེས་ཕྲན་གཞོན་ནུ་ཞིག་ཏུ་ངེས་པས་མིང་དོན་མཚུངས་པའི་ལྗང་མྱུག་རང་དུ་གྱུར། ལྗང་གཞོན་རྩོམ་སྒྲིག་པ་པདྨ་འབུམ་ཨ་མྱེས་རྨ་ཆེན་དུ་འཛུལ་ཞུགས་བྱས་རྗེས་ལྗང་གཞོན་ཡང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་ཞིང་ཁར་འདེབས་འཛུགས་བྱས་ནས་སྔ་ཕྱི་འདོན་ཐེངས་དགུ་ཙམ་སྤེལ་མྱོང༌། བྱེས་འབྱོར་ཁྲོད་དུ་སྒྱུ་རྩལ་རྩོམ་རིག་གི་དུས་དེབ་གསུམ་པ་དེ་ནི་ཝཱ་ར་ཎ་སི་ནས་བཏོན་པའི་༼གངས་རྒྱུན་༽ཡིན། འདི་ནི་ད་ལྟའི་ཝཱཎའི་དཔེ་མཛོད་ལས་བྱེད་སྤེན་པ་ཚེ་རིང་ལགས་དང་ད་ལྟའི་རང་གཞུང་ཤེས་རིག་ལས་བྱེད་སྐལ་བཟང་མཁས་གྲུབ། དལྟའི་ཝཱ་ཎའི་རིག་གནས་སློབ་དགེ་ལྷག་པ་ཚེ་རིང་སོགས་ཀྱིས་རྩོམ་སྒྲིག་གནང་བའི་དུས་དེབ་ཡིན་ལ། དུས་དེབ་འདིའི་ནང་ཝཱཎ་མཁས་དབང་དུ་མའི་དཔྱད་རྩོམ་རིན་ཐང་ཅན་གང་མང་ཐོག སྒྲུང་རྩོམ་དང༌། སྙན་རྩོམ་སོགས་རྩོམ་རིག་སྣ་མང་སྤེལ་སའི་དུས་དེབ་གལ་ཆེ་ཞིག་ཏུ་གྱུར་པར་མ་ཟད། འདིའི་ནང་གི་དཔྱད་རྩོམ་དེ་དག་ནི་གསེར་སྲང་སྟོང་ཕྲག་གིས་མི་ཁུག་པའི་རིན་ཐང་ལྡན་པ་ཡང་གཟུར་གནས་མཁས་པ་ཞིག་ཡིན་ན་མཁྱེན་ངེས་ཡིན། བྱེས་འབྱོར་ཁྲོད་ཀྱི་སྒྱུ་རྩལ་རྩོམ་རིག་གི་དུས་དེབ་བཞི་པ་དེ་ལྡི་ལི་བོད་ཁང་ནས་བཏོན་པའི་༼ཟ་མ་ཏོག་༽ཡིན། དུས་དེབ་འདི་ནི་མཁས་དབང་རྡོ་བུམ་རིན་པོ་ཆེས་གཙོས་མཁས་དབང་བརྒྱད་ལས་གྲུབ་པའི་ཚོགས་ཆུང་ཞིག་གིས་རྩོམ་སྒྲིག་གནང་བ་ཞིག་ཡིན་ལ། འདིའི་ནང་ཆོས་དང་རིག་གཞུང་གི་ཆེད་རྩོམ་མང་བས་དུས་དེབ་གཞན་དང་མི་འདྲ་བའི་རིན་ཐང་ལྡན་ལྷག་པར་ཆེ། བར་ལམ་ནས་༼སྐུལ་བའི་གཏམ༽ཞེས་པའི་དུས་དེབ་ཅིག་སྤེལ་ཡང་ཡུན་རིང་མ་སོང་བར་འཇའ་ལུས་སུ་གཤེགས། དེ་ནས་རིམ་པར་བཞིན་འབྲས་སྤུངས་སྒོ་མང་གི་༼ལྡུམ་རྭ་༽དང༌། བློ་གསལ་གླིང་གི་༼བློ་གསལ་རྩོམ་རིག་དགའ་ཚལ༽། སཱ་ར་རིག་སློབ་ཀྱི་༼རྩམ་པ༽། སྒོ་མང་ནང་བསྟན་གྱི་༼ཤཀྱཱའི་འོད་སྣང་༽དང་༼དཔྱིད་ཀ༽། དྷ་ས་ནས་བཏོན་པའི་༼ཞི་བདེའི་མཆོད་སྤྲིན༽། དགའ་ཤར་གྱི་༼ཆོས་རའི་ནང་གི་དྷི་སྐད་༽དང་༼ལྷོ་མཐའི་ཁ་བ༽། བློ་གླིང་སློབ་གྲྭའི་༼གངས་སུལ་གྱི་རོལ་དབྱངས༽། སུ་ཇའི་༼ཟམ་པ༽། སྨན་རིའི་༼བོན་སྒོ༽། ཁྲི་སྡེ་ནོར་བུའི་རྩེའི༼བགྲེས་པོའི་འབེལ་གཏམ༽། སཱ་རའི་སློབ་འཐོན་པའི༼རྩོམ་རིག་གི་གྲུ་ག༽། སཱ་རའི་༼གངྒཱའི་གཞེད་སྒྲ༽། ༼ཟླ་འོད་གཞོན་ནུ༽། སེ་རའི་༼ཅང་ཤེས་སྨིག་སྒྲ༽། ནོར་གླིང་མཐོ་སློབ་ཀྱི་༼ནོར་རྒྱུན༽། ཤེས་བྱ་ཀུན་བཏུས་ཀྱི་༼ཁ་བ༽། ཀིརྟི་བྱེས་པ་གྲྭ་ཚང་གི་༼རླབས་ཕྲེང་༽། ཉེ་ཆར་ཝཱཎའི་༼ཞི་བདེའི་ཆུ་གཏེར་༽སོགས་རིམ་པར་བཏོན་པ་དེ་དག་རང་རང་ལ་འབུར་དུ་འཐོན་པའི་ཁྱད་ཆོས་རེ་ཡོད་པ་བཤད་མ་དགོས་མོད། དེ་དག་རེ་རེ་བཞིན་འབྲི་བའི་ངལ་བ་མ་བྱས། ཕྱི་ལོ་ ༢༠༠༤ ལོ་ནས་ཝཱཎའི་མཐོ་སློབ་ཀྱི་ཁྲོད་ནས་གཞོན་སྐྱེས་ལྷག་བསམ་ཅན་གྱི་དཔུང་སྡེ་གཅིག་དང་བླངས་ཀྱི་ཐོག་ནས་གདོང་མཆོངས་བྱས་ཏེ། ༼རིག་རླབས་༽དུས་དེབ་འདོན་མགོ་ཚུགས་པ་ནས་རླུང་རླབས་ཀྱིས་གཡོ་བའི་མཚོ་གྲུ་བཞིན་འཕེལ་འགྲིབ་འགྱུར་འགྲོས་ཀྱི་ཀྱག་ཀྱོག་དུ་མའི་འཕྲང་ལམ་ནས་བརྒྱུད་དེ། ད་ཆར་ ༢༠༠༧།༡ ལོར་སྤུས་ཀ་ཚགས་ཚུད་དུ་བཏང་ནས་འགྲེམས་སྤེལ་བྱས་འདུག་པ་དེའི་ནང༌། རྗེས་དྲན་དང་སྒྲུང༌། ཆོས་ལུགས་སོགས་ཀྱི་ངོ་སྤྲོད། གནའ་དེང་གི་སྙན་ངག་སོགས་ཀྱིས་མཚོན་པའི་བརྗོད་གཞི་སྣ་མང་འདུས་པའི་ཚིག་སྦྱོར་སྙན་འཇེབས་ཀྱིས་གསོན་ཉམས་ལྡན་པ་འདི་བཞིན་ཝཱཎའི་གཙུག་ལག་རིག་པའི་རྒྱ་མཚོའི་འཇིངས་ནས་ཕྱུར་བར་བློ་གྲོས་ཀྱི་གཤོག་རྩལ་དང༌། སྒྱུ་རྩལ་གྱི་རྐྱལ་རྩལ་ཡོད་ན་འཇུག་པའི་དུས་ལས་གཡོལ་བ་མི་རུང་བར་སེམས། གཞན་ཡང་རང་གཞུང་ཤེས་རིག་ནས་བཏོན་པའི་༼སྨྱུག་གསར་༽དང༌། ༼སློབ་གསོ་རིག་པའི་དུས་དེབ༽། དེ་བཞིན་གཏན་སློབ་ཁག་སོ་སོ་ནས་བཏོན་པའི་དུས་དེབ་མི་ཉུང་བ་ཞིག་མཐོང་ཐོས་བྱུང་བ་དེ་དག་ཀྱང་སྒྱུ་རྩལ་རྩོམ་རིག་གི་འཕེལ་རིམ་ཐད་སྐས་མཛེགས་དང་རྐང་བཏེགས་ལྟར་ཞབས་འདེབས་ཀྱི་རྨང་གཞི་རིན་ཐང་ལྡན་པ་ཞིག་ཏུ་ངོས་འཛིན་ཞུ་ན་མི་ཆོག་པ་མེད་སྙམ།

༡༣༽ བཙན་བྱོལ་ནང་རིག་གཞུང་བསྟི་གནས་ཁང་དང་འབྲེལ་བའི་རྩོམ་རིག་གི་འཕེལ་རིམ། བཙན་བྱོལ་ནང་རིག་གཞུང་གི་བསྟི་གནས་ཆེས་ཐོག་མ་ནི་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ཡིན། བསྟི་གནས་འདིའི་ནང་སྔ་ཕྱིར་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དང་མི་རིགས། སྐད་ཡིག་དང་ཆོས་ལུགས་སོགས་ཅི་རིགས་སྣ་ཚོགས་པས་འཚང་ཀ་བྱས་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་དཔྱད་ཞིབ་བྱས་དང་བྱེད་བཞིན་པ་ཡིན་ལ། དེ་དང་འབྲེལ་ནས་བསྟི་གནས་འདིས་རྒྱས་ཁབ་ཕྱི་ནང་གི་མི་རིགས་དབྱེ་མེད་ལ་བོད་ཀྱི་གཙུག་ལག་རིག་པའི་ཟབ་སྦྱོང་ཡང་སྔ་ཕྱི་དུ་མ་ཚུགས་མྱོང་བ་དེས་ཆུ་ཆེན་ཆུ་རླབས་ཀྱི་དཔེ་ལྟར་བོད་ཀྱི་རྩོམ་རིག་ལའང་རང་བཞིན་གྱིས་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་དཔེ་ལྟར་བྱུང་ཡོད། གཉིས་པ་དེ་ཝཱརཎ་སི་ཡིན། འདི་ཉིད་ཐོག་མ་ཚུགས་སྐབས་ཆུ་ཐོག་རི་མོ་དང་རྡོ་ཐོག་རི་མོ་ཕུར་པ་ལྟར་ཟུག་མ་ཟུག་གི་གཉན་འཕྲང་དུ་མ་བརྒལ་བའི་མཐའ་འཇུག་ཏུ་མཁས་པའི་དབང་པོ་ཟམ་གདོང་རིན་པཎཌིཏ་སློབ་བཟང་བསྟན་འཛིན་གྱི་བཀྲིན་ལས་དེང་སང་འཛམ་གླིང་ཤར་ནུབ་ཀྱི་བོད་རིག་པའི་མཁས་པ་མི་ཉུང་བ་ཞིག་གིས་དོ་སྣང་ཞུ་ས་ཆགས་ཡོད། དེ་དང་ཆབས་གཅིག་མཐོ་སློབ་འདིའི་ནང་སྔ་ཕྱིར་ཕྱི་ནང་གི་དགེ་རྒན་མཁས་པ་དུ་མས་ཆོས་རིག་གི་གཙུག་ལག་རིག་པའི་ཁྲིད་རྒྱུན་རྒྱ་ཆེར་སྤེལ་བའི་རླུང་རླབས་ཀྱིས་རྩོམ་རིག་འཕེལ་རིམ་ཐོག་བརྒྱུད་ནས་ཕན་ཐོགས་ཀྱི་འབྲེལ་བ་གཏིང་ཟབ་བྱུང་ཡོད་སྙམ། བཙན་བྱོལ་ཁྲོད་དུ་བོད་ཀྱི་གཙུག་ལག་རིག་གཞུང་ཐོག་བྱས་རྗེས་ཆོས་ཤོས་ཤིག་ནི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ཡིན། ཞིབ་འཇུག་ཁང་འདི་ཐོག་མར་གསར་འཛུགས་གནང་མཁན་ནི་གནམ་འོག་འདིར་སུ་ལ་མི་སྐྲག་པའི་ཕོ་རྒོད་དཔའ་བོ་མཁས་པ་མི་བཞི་མིན། བསྟི་གནས་ཁང་འདི་བཙུགས་པ་ནས་ཕྱི་གླིང་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་མར་འཚང་ཀ་བྱས་ནས་འབྲེལ་མཐུད་བྱེད་བཞིན་ཡོད་ལ། སློབ་གླིང་དེ་དག་ལ་བོད་ཀྱི་གཙུག་ལག་རིག་པའི་དགེ་རྒན་སོང་བ་ཡང་ཉུང་ཉུང་མིན། བསྟི་གནས་ཁང་འདིར་རྩོམ་རིག་དཔེ་བསྐྲུན་བྱས་པའི་དཔེ་དེབ་ཀྱང་སྔ་ཕྱི་བཅུ་ཕྲག་ཁ་ཤས་བཏོན་ཡོད། ལྷག་པར་ ༡༩༩༥ ལོར་བོད་རྒྱལ་ཡོངས་རྩོམ་པ་པོའི་ཚོགས་ཆེན་ཐེངས་དང་པོ་དེ་བསྐངས་ཚོགས་བྱས་པ་དེ་ཉིད་བཙན་བྱོལ་ནང་རྩོམ་པ་པོའི་ཚོགས་འདུ་ཐེངས་དང་པོ་རང་དེ་ཡིན། ཚོགས་འདུ་འདིའི་རྗེས་འབྲེལ་ལས་བཙན་བྱོལ་ནང་རྩོམ་རིག་གི་འཕེལ་རིམ་ཐོག་དབྱར་དགུན་དུས་གཅིག་ཏུ་བརྗེས་པ་ལྟ་བུའི་འགྱུར་བ་ཆེན་པོ་ཞིག་ཕྱིན་ཡོད་པས། བཙན་བྱོལ་ཁྲོད་རྩོམ་རིག་གི་འཕེལ་རིམ་རྒྱ་ཆེར་བྱུང་བའི་མགོ་འཛུགས་བྱེད་སའང་འདི་ནས་ཡིན། བཞི་པ་དེ་ནོར་གླིང་བོད་ཀྱི་རིན་གཞུང་བསྟི་གནས་ཁང་ཡིན། བསྟི་གནས་ཁང་འདི་ནི་ལུགས་གཉིས་གནས་ལ་གཟིགས་པ་ཡངས་པའི་བཀའ་ཁྲི་ཟུར་པ་སྐལ་བཟང་ཡེ་ཤེས་ཀྱིས་ཕྱི་ལོ་ ༡༩༩༥ ཡན་མན་ལ་འཛུགས་བསྐྲུན་བྱས་པའི་བསྟི་གནས་ཤིག་ཡིན། འདིའི་ནང་ཚན་ཉམས་ཞིབ་སྡེ་ཚན་གྱིས། ༼གངས་ཅན་ཤེས་རིག་བང་མཛོད་༽སྒྲིག་བཞིན་པའི་ཐོག་ད་དུང༌། རྩོམ་རིག་དུས་དེབ་༼ནོར་འོད་༽དང༌། ཚགས་ཤོག་༼ནོར་ལྡེ༽། དཔྱད་རྩོམ་༼ནོར་མཛོད་༽སོགས་དུས་གཅིག་ལ་རྩོམ་རིག་དུས་དེབ་མི་འདྲ་བ་དུ་མ་གསར་བཏོན་གནང་བ་དེས་བྱེས་འབྱོར་ཁོར་ཡུག་ཆུང་ཆུང་འདིའི་ནང་རྩོམ་རིག་གི་འཕེལ་རླབས་ཐོག་བྱང་ཐང་ལ་ཅང་ཤེས་བཞིན་མདུན་བསྐྱོད་ཀྱི་གོམ་ཁ་མྱུར་དུ་གྱུར་བའི་ཕན་རླབས་ཆེ་ཤོས་བྱུང་ཡོད། ལྔ་པ་དེ་འབྲི་གུང་སྲོང་བཙན་དཔེ་མཛོད་ཡིན་ལ། འདིས་ཀྱང་ལོ་རབས་ཁ་ཤས་ཀྱི་སྔོན་ནས་བཟུང་བོད་ཀྱི་གཙུག་ལག་རིག་པའི་གཞུང་དང་འབྲེལ་བའི་མཛད་རྗེས་མི་ཉུང་བ་ཞིག་བཞག་པ་དེའི་རྒྱུད་ནས་རྩོམ་རིག་གི་འཕེལ་རིམ་ལའང་རང་བཞིན་གྱིས་ཕན་ཐོགས་རྒྱ་ཆེར་བྱུང་ཡོད་ངེས་སྙམ། གཞན་ཡང་ཀིརྟི་བྱེས་པ་གྲྭ་ཚང་སོགས་ཆོས་སྡེ་ཁག་དུ་མ་ནས་སྔ་དུས་ཀྱི་རྩོམ་རིག་ཅི་རིགས་སྣ་ཚོགས་པ་ཞིག་གྲོག་ཚང་བརྡོལ་བ་ལྟར་གློ་བུར་དུ་འཕེལ་རྒྱས་རྒྱ་ཆེར་བྱུང་སྣང་ཞིང༌། དེ་དག་གི་ནང་ནས་རྩོམ་རིག་གི་ཐད་ཀིརྟི་བྱེས་པ་གྲྭ་ཚང་འདི་ཉིད་ཆེས་འབུར་དུ་དོན་པའི་རྩོམ་རིག་གི་དེབ་ཕྲེང་མང་བ་ཞིག་སྤེལ་དང་སྤེལ་བཞིན་པར་བརྟེན། བཙན་བྱོལ་སྤྱི་ཚོགས་ནང་དགོན་པ་གྲྭ་ཚང་ཞིག་ལ་རྩོམ་ཡིག་གསར་པ་འགྲེམས་སྤེལ་གནང་སའི་ཁོར་ཡུག་ཆེ་ཤོས་དང་བཟང་ཤོས་ཤིག་ཏུ་ཁུམས།

༡༤༽ བཙན་བྱོལ་དུ་བོད་ཀྱི་བུད་མེད་རྩོམ་པ་པོའི་རྩོམ་རིག་གི་འཕེལ་རིམ། སྤྱིར་བོད་ཀྱི་བུད་མེད་ནི་སྤྱི་ཚོགས་རྙིང་པའི་གོམས་སྲོལ་གྱི་བག་ཆགས་ལས་འགོང་པའི་སྙིང་སྟོབས་དང་སྤོབས་པ་ད་དུང་ཡང་ཆེས་ཞན་པས། རྩོམ་རིག་ཐོག་ཀྱང་དེ་འབྲེལ་གྱིས་ཧ་ཅང་མང་པོ་རང་ཡོད་པ་མ་མཐོང༌། བཙན་བྱོལ་བོད་ཀྱི་བུད་མེད་དག་ལ་མཚོན་ནའང་ར་བ་དེའི་ནང་ནས་བསམ་བློའི་འཆིངས་རྒྱ་གློད་ཐུབ་མཁན་གྱི་གྲངས་འབོམ་མང་པོ་མིན་པ་གསལ་པོ་རེད། བོད་ཀྱི་བུད་མེད་རྩོམ་པ་པོ་ཆུ་སྐྱེས་སྒྲོལ་མས། ‘‘བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་རིག་གི་གནས་བབ་དངོས་ནི། ད་དུང་ཡང་འཚར་ལོངས་བརྒྱུད་རིམ་ཞིག་གི་ངོ་བོར་གནས་ཡོད་པ་ལས། འཕེལ་རྒྱས་ཀྱི་མངོན་རྟགས་གསལ་པོ་ཞིག་ནི་ད་དུང་ཡང་མཐོང་དཀོན་པ་ལྟ་བུར་མཐོང༌། གང་གིས་ཞེ་ན། སྤྱིར་བོད་ཀྱི་སྤྱི་ཚོགས་ནང་བུད་མེད་རྩོམ་པ་པོ་ཉུང་ངུ་ལས་མེད་པ་དང༌། ཉུང་ངུ་དེ་དག་གིས་ཀྱང་གཞི་རྒྱ་ཆེ་བའི་བརྩམས་ཆོས་སྤེལ་བའི་སེམས་ཤུགས་བསྐྱེད་ཀྱི་མེད་པ་ནི་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་རིག་འཕེལ་རིམ་ནང་གི་སྟོང་ཆ་ཞིག་རེད། འདི་ནི་བོད་ཡིག་གི་ལམ་ནས་རྩོམ་བྲིས་སྤེལ་མཁན་གཞི་ལ་བཞག་ནས་བཤད་པ་ཡིན།’’ ཞེས་བྲིས་གནང་འདུག་པ་ནི་དོན་ལ་གནས་པའི་ཉམས་ཞིབ་ཀྱི་མཇུག་སྡོམ་ཞིག་རེད་སྙམ། ཡིན་ནའང༌། བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་རིག་ཐད་མེད་པའམ། ཆེས་ཧ་ཅང་ཉུང་བ་ཡང་མ་ཡིན་ཏེ། འདིར་དཔེ་མཚོན་གཞན་ཞིག་བཀོད་ན། དུས་རབས་སྔ་མའི་ལོ་རབས་དགུ་བཅུའི་ནང་ཙམ་ནས། བཀའ་རྙིང་བློ་བཟང་བདེ་སྐྱིད་ལགས་ཀྱིས་བརྩམས་གནང་བའི་༼མི་ལོ་ཉི་ཤུའི་རིང་གི་སྐྱོ་གནས་རྩིས་རྒྱག་གི་དྲན་ཐོ་༽དང༌། ཚེ་རིང་ཆོས་འཛོམས་སམ་ཟླ་སྲིང་དགྱེས་པའི་བློ་གྲོས་ཀྱིས་བརྩམས་སྤེལ་༼བོད་ས་སྤྲུལ་ཕྱི་ལོ་༡༩༨༩ལོའི་ལི་ཐོ་རྒྱས་པ་མུན་སེལ་སྒྲོན་མེ༽དང༌། འདི་ནི་བོད་ཀྱི་ལོ་རྒྱུས་ནང་བུད་མེད་ཅིག་གིས་ལི་ཐོའི་ཟིན་བྲིས་ཕབ་པ་ཐོག་མ་ཡིན། ༼དུས་སྦྱོར་གྱི་ལག་ལེན་འགའ་ཞིག་བསྟན་པ་ག་ནི་པའི་སྙིང་ནོར༽ གཞན་ཡང་རྩིས་རིག་དང་འབྲེལ་བའི་ཕྱག་རྩོམ་འགའ་ཤས་བྲིས་བརྩམས་གནང་མྱོང་ཡོད་པ་བཅས་ཀྱི་ཆ་ནས་བུད་མེད་ནང་རྩིས་པ་མཁས་པར་བགྲངས་འོས་པ་ཡིན། གངས་ལྷ་མོས་རང་ཉིད་བོད་དུ་སྡོད་རིང་གི་གནས་སྟངས་ལས་བརྩམས་པ་༼ཚ་ཟེར་ངར་དུག་གིས་གཞོམ་མ་ནུས་པའི་གངས་རིའི་ཆུ་ཐིགས༽། ཚ་རོང་དབྱངས་ཅན་སྒྲོལ་དཀར་གྱིས་བརྩམས་པའི་༼སྡེ་དཔོན་མི་དྲག་གི་སྲས་མོ་གཞོན་ནུ་མ་ཞིག་གིས་སྒེའུ་ཁུང་ནས་མཐོང་བའི་བོད་ཀྱི་རྒྱལ་ས་ལྷ་སའི་སྣང་ཚུལ་མདོར་བསྡུས༽སོགས་རིམ་ཅན་དུ་ཐོན་ཡོད་པ་དང༌། ལྷག་པར་བོད་ཀྱི་བུད་མེད་ཁྲོད་སྒྱུ་རྩལ་གྱི་བྲོ་བ་ངེས་ཅན་ནམ་ཚད་མཐོར་སླེབས་པའི་རྩོམ་རིག་ཀྱང་གང་འཚམས་བྱུང་ཡོད། དཔེར་ན། སྐལ་བཟང་ལྷ་མོའི་༼དྲང་སྲོང་བསྟི་གནས་ཀྱི་རྨི་ལམ་ཡུན་གཅིག༽ལྟ་བུ་ནི་དངོས་མཚོན་སྒྲུང་རྩོམ་ཚད་མཐོའི་རང་བཞིན་ལྡན་པ་ཞིག་ཡིན་ལ། བཙན་བྱོལ་ཁྲོད་བུད་མེད་སྒྲུང་རྩོམ་འབྲི་མཁན་ཐེངས་དང་པོ་དེ་ཡང་ཁོ་མོ་ཡིན་རྒྱུ་རེད། ཆུ་སྐྱེས་སྒྲོལ་མའི་སྙན་རྩོམ་ཕྱོགས་བསྒྲིགས་༼སྤྲིན་བྲལ་ཟླ་བའི་འཛུམ་རླབས༽ལྟ་བུར་མཚོན་ན། བཙན་བྱོལ་དུ་བོད་ཀྱི་བུད་མེད་རྩོམ་པ་པོས་སྙན་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་ཕྲེང་སྤེལ་བ་ཐེངས་དང་པོ་དེ་ཡིན་ལ། སྙན་རྩོམ་དེར་བོད་ཀྱི་སྙན་ངག་མཁས་ཅན་བཀྲས་མཐོང་རཀ་ར་སྤྲུལ་པའི་སྐུ་བློ་བཟང་ཆོས་དར་གྱིས་དེབ་དེའི་གླེང་བརྗོད་ནང་བསྟོད་ར་ཆེན་པོ་བཏང་གནང་འདུག བཙན་བྱོལ་ཁྲོད་བོད་ཀྱི་བུད་མེད་ཚོར་སྒྱུ་རྩལ་རྩོམ་རིག་གི་སྒོར་འཇུག་རྒྱུའི་དྲན་སྐུལ་གྱི་བྱ་སྐད་དང་པོ་ཡང་འདི་ཉིད་ཡིན་ཞེས་འགྲེལ་བརྗོད་བྱས་ནའང་མི་མཚམས་པ་གང་ཡང་མེད་སྙམ། ད་དུང་གཟུངས་ཕྱུག་སྐྱིད་ཀྱི་བརྩམས་པའི་༼འཇགས་མི་སྲིད་པའི་བཞུར་རྒྱུན༽། ཚེ་རིང་སྐྱིད་ཀྱིས་བརྩམས་པའི་སྙན་རྩོམ་དེབ་ཕྲེང་དང་པོ་༼ཚེ་རིང་སྐྱིད་ཀྱི་རྩོམ་བཏུས༽དང་དེབ་ཕྲེང་གཉིས་པ་༼ཟླ་བའི་ཚོམས༽། རྣམས་ལའང་ཡིད་དབང་འཕྲོག་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པས་བྱེས་འབྱོར་ཁྲོད་བོད་རིགས་བུ་མོ་ཚོར་རྩོམ་རིག་ཐད་མཐོང་ཆུང་གནང་མི་རུང་པའི་བརྡ་ཐབས་ཞིག་ཀྱང་རང་བཞིན་གྱིས་བསྟན་གནང་འདུག དེ་ལས་གཞན་པ་འཇམ་དཔལ་སྒྲོལ་མ་དང་ཉི་མ་འཚོ་གཉིས་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས༼མི་ཚེའི་འགྲུལ་བཞུད་དང་པོ༽སོགས་བུད་མེད་ཀྱི་རྩོམ་ཆོས་ཕྱོགས་སྒྲིག་གནང་བའི་དཔེ་དེབ་ཀྱང་འགའ་ཞིག་བཏོན་འདུག བཙན་བྱོལ་ནང་བོད་མེད་ཀྱི་དུས་དེབ་ཀྱང་སྔ་ཕྱིར་འགའ་ཞིག་བཏོན་གནང་མཛད་འདུག་སྟེ། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་བོད་ཀྱི་བུད་མེད་རྣམས་ཀྱིས་སྤྱི་ཚོགས་ནང་ནུས་པ་འདོན་ཐབས་གོང་སྤེལ་དང༌། སྤྱི་ཚོགས་ཀྱི་འགན་ཁུར་ལེན་པར་འབོད་སྐུལ། བུད་མེད་རྣམས་ཀྱི་ཤེས་ཡོན་གོ་རྟོགས་མཐོར་འདེགས་ཡོང་ཐབས་ཐོག ད་དུང་སྔོན་བྱོན་ལོ་རྒྱུས་ཐོག་རླབས་ཆེན་གྱི་བྱ་བཞག་ལྡན་པའི་བུད་མེད་ཚོས་མཛད་པའི་བཀའ་རྩོམ་དང་མཛད་རྗེས་ངོ་སྤྲོད་སོགས་ལ་དམིགས་ཏེ་འདོན་འགྲེམས་གནང་བ་བོད་ཀྱི་བུད་མེད་རྩོམ་རིག་ཆེད་འགོད་ཀྱི་དུས་དེབ༼གཡུ་མཚོ༽དང༌། བོད་ཀྱི་བུད་མེད་ཚོགས་པས་བུད་མེད་ནང་ཕན་ཚུན་བསམ་ཚུལ་ལྷུག་འདོན་དང༌། ལྟ་ཚུལ་སྤེལ་རེས་སོགས་ལ་དམིགས་ནས་འདོན་འགྲེམས་གནང་བ་༼སྒྲོལ་མ༽དུས་དེབ། བོད་ཀྱི་བཙུན་མའི་ལས་འཆར་གྱིས་བཙུན་མའི་སྤྱི་ཚོགས་ནང་རྩོམ་རིག་ལ་དོ་སྣང་སྤེལ་ཐབས་དང༌། རྩོམ་པ་པོ་བསྐྱེད་བསྲིང་སོགས་ལ་དམིགས་ནས་འདོན་འགྲེམས་གནང་མུས༼ཐེའུ་གསར༽བཅས། ད་ལྟའི་ཆར་བྱེས་འབྱོར་བོད་ཀྱི་སྤྱི་ཚོགས་ཁྲོད་བུད་མེད་ཀྱི་རྩོམ་རིག་དུས་དེབ་གསུམ་ཙམ་ཡོད་ཅིང༌། དེ་དག་གི་ནང་རྩོམ་ཡིག་གི་གོ་སྐབས་ལེན་མཁན་བུད་མེད་དང༌། བུ་མོ། བཙུན་མ་བཅས་མི་ཉུང་བ་ཞིག་ཡོད་པ་དུས་དེབ་དེ་དག་བཀླག་ན་མཁྱེན་གསལ་རེད། དེ་ལས་གཞན་ཡང་ད་ལྟར་བཙན་བྱོལ་ཁྲོད་དུ་ཡོད་པའི་རྩོམ་རིག་དུས་དེབ་བཞི་བཅུ་ཡས་མས་ཤིག་ཡོད་པའི་སྟེང༌། བུད་མེད་ཀྱིས་ཆེད་བྲིས་རྩོམ་རིག་གིས་གོ་གནས་གང་འཚམབཟུང་ཡོད་པ་སྟེ། འདིར་དཔེ་མཚོན་ཙམ་བཀོད་པ་ཡིན་ན། ༼གཡུ་མཚོ༽། ༼སྒྲོལ་མ༽། ༼རྩམ་པ་༽། ༼ལྡུམ་ར༽། ༼ནོར་འོད༽། ༼བློ་གསལ་རྩོམ་རིག་དགའ་ཚལ༽། ༼རྩོམ་རིག་གི་གྲུ་ཁ༽། ༼བོན་སྒོ༽། ༼ཁ་བ༽་སོགས་དུས་དེབ་ཁག་དང༌། ༼ནོར་ལྡེ༽རིག་གཞུང་སྐྱེས་འཕྲིན། ༼ཕ་ཡུལ་ཤེས་བྱའི་བང་མཛོད༽རིག་གཞུང་སྐྱེས་འཕྲིན་སོགས་ཀྱི་ནང་དུ་བུད་མེད་རྩོམ་པ་པོས་སྤེལ་བའི་སྙན་ངག་དང་སྒྲུང་རྩོམ། སྒྱུར་རྩོམ་ཡོད་པ་ཕུད། དཔྱད་བརྗོད་དང་དཔྱད་རྩོམ་ཡང་གང་འཚམ་ཞིག་སྤེལ་ཐོན་ཡོད་པ་དེ་དག་གི་རིན་ཐང་གི་ངོས་ནས་བཤད་ན། ལོ་རྒྱུས་ཀྱི་མྱོང་བྱང་དང༌། སེམས་ཁམས་ཀྱི་ཚོར་འདུ་སོགས་བརྗོད་གཞིར་བཟུང་ཡོད་པ་ཡིན་སྟབས། ཚད་གཞི་འདི་ནི། བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་རིག་གི་ཚད་གཞིའི་ངོས་ནས་བཤད་ན། གླེང་རིན་ཡོད་པ་དང་ངོམ་རིན་ཡོད་པ་ཞིག་རེད་ཅེས་བོད་ཀྱི་བུད་མེད་རྩོམ་པ་པོ་ཆུ་སྐྱེས་སྒྲོལ་མས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་གླེང་བཏེགས་ཐོག་སྒྲོག་སྦྱངས་གནང་བའི་ཚིག་ཐོ་ལྟར་དོན་ལ་གནས་པ་ཞིག་རེད་སྙམ། དེ་དག་གི་སྐོར་ཅུང་ཟད་རྒྱས་པ་ནི་ཆུ་སྐྱེས་སྒྲོལ་མས་བརྩམས་པའི་བོད་ཀྱི་བུད་མེད་རིག་པའི་སྐོར་ལ་ཞིབ་འཇུག་དེབ་༼བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་རིག་སྐོར་གླེང་བ༽འི་ནང་དུ་གསལ་བས་དེར་གཟིགས་དགོས། བཙན་བྱོལ་ནང་དུ་བུད་མེད་རྩོམ་ཡིག་འབྲི་མཁན་མང་ཆེ་བ་ནི་སློབ་ཕྲུག་ཡིན་ཞིང༌། དེ་དག་གིས་སྤེལ་བའི་རྩོམ་ཡིག་ཀྱང་མང་ཆེ་བ་སྙན་ངག་དང༌། སྒྲུང་ཐུང༌། ངོ་སྤྲོད་རྩོམ་ཡིག་བཅས་རེད། དེ་ལས་གཞན་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་དཔྱད་རྩོམ་སྤེལ་མཁན་གྱི་བུད་མེད་རྩོམ་པ་པོ་ནི་གཉིས་ནས་གསུམ་ཙམ་ལས་མི་འདུག དེར་བརྟེན་ད་ལྟའི་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་རིག་གི་གནས་བབ་ནི་འཚར་ལོངས་འབྱུང་བཞིན་པའམ་འབྱུང་འགྱུར་གྱི་གནས་སྟངས་ཤིག་ཏུ་ངོས་འཛིན་ཞུ་རྒྱུ་རང་རེད། བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་པ་པོའི་གྲངས་འབོར་དང་ཚད་གཞིའི་ངོས་ནས་བཤད་ན་བརྒྱ་ཆ་མང་ཤོས་ནི་སློབ་གཉེར་བ་ཡིན་ཞིང༌། དེ་དག་གིས་སློབ་གྲྭ་རང་ཉིད་ཀྱི་དུས་དེབ་ཁག་གི་ནང་རྩོམ་ཡིག་སྤེལ་བ་ཙམ་ལས། དུས་དེབ་གཞན་དང་གཞརྣ་དུ་རྩོམ་ཡིག་སྤེལ་བ་ཉུང་ཉུང་ཡིན་སྟབས། དུས་དེབ་སྤྱི་ཡོངས་ནས་བལྟས་ན། བུད་མེད་རྩོམ་པ་པོ་ཚོས་ཆ་ཤས་ཉུང་ངུ་ཞིག་ལས་ལེན་ཐུབ་མེད།

༡༥༽ བཙན་བྱོལ་ནང་སྒེར་གྱི་རྩོམ་དེབ་སྤེལ་བའི་རྩོམ་རིག་གི་འཕེལ་རླབས། བྱེས་འབྱོར་ཁྲོད་སྒེར་གྱི་ངོས་ནས་སྒྱུ་རྩལ་རྩོམ་རིག་སྤེལ་མཁན་ཐེངས་དང་པོ་དེ་ཧོར་གཙང་འཇིགས་མེད་རེད། ཁོང་གིས་ཕྱི་ལོ་ ༡༩༩༤ ལོར་བརྗོད་གཞི་ངེས་མེད་ཀྱི་སྙན་ངག་འདྲ་མིན་ཕྱོགས་བསྡུས་བྱས་པའི་དེབ་ཆུང་བཞི་བཏོན། སྐབས་དེར་བཙན་བྱོལ་ཁྲོད་སྒྱུ་རྩལ་རྩོམ་རིག་གི་དཔེ་དེབ་མེད་པའམ་དཀོན་པོ་ཡིན་སྟབས། དེབ་ཆུང་འདི་ཚོར་མང་ཚོགས་ཀྱིས་འཚང་ཀ་བྱས་ནས་ཀློག་མཁན་བྱུང་བས། བྱེས་འབྱོར་ཁྲོད་སྒྱུ་རྩལ་གྱི་རྩོམ་རིག་ཐོག་ཕན་རླབས་རྒྱ་ཆེར་བྱུང་ཡོད། དེ་རྗེས་ཤ་བོ་འགྱུར་མེད་ཀྱི་ལྷོ་རུ་འཁྱམས་པའི་རྣམ་ཤེས་དང༌། ཕྲན་བེ་རི་འཇིགས་མེད་ཀྱི་༼ཟུངས་ཁྲག༽ ཀླུ་སྨྱོན་ཧེ་རུ་ཀའི་༼ཤམྦྷལའི་དུད་སྤྲིན་༽དང་༼ཟང་ཟིང་གི་འཇིག་རྟེན་༽། བྱ་འཕར་ནམ་མཁའ་རྒྱལ་མཚན་གྱི༼རྩོམ་ཆོས་ཕྱོགས་སྒྲིག༽།རྣམས་ཡིན། བཙན་བྱོལ་ནང་སྙན་རྩོམ་དེབ་ཆུང་འདི་དག་ཕལ་ཆེར་སྒེར་ངོས་ནས་བཏོན་པའི་སྒྱུ་རྩལ་དཔེ་དེབ་ཐེངས་དང་པོ་གྲས་ཡིན་སྲིད། སྐབས་དེར་བཙན་བྱོལ་ནང་སྤྱིར་བོད་ཀྱི་དཔེ་དེབ་སྐོར་ཧ་ཅང་དཀོན་པས། དེབ་ཆུང་འདི་ཚོས་སྟེས་དབང་ལྟ་བུས་བྱེས་འབྱོར་ཁོར་ཡུག་ཆུང་ཆུང་འདིའི་ནང་རྩོམ་རིག་གི་མདུན་ལྗོངས་ལ་གོམ་ཁ་སྤོ་བའི་སྐུལ་འདེད་ངེས་ཅན་ཞིག་བྱས་ཡོད་སྙམ། དེ་ནས་རིམ་པར་བཞིན་དཔལ་ལྡན་རྒྱལ་གྱི་༼མཆོད༽དང༌། ཆབ་བྲག་ལྷ་མོ་སྐྱབས་ཀྱི་༼དབྱངས་ཅན་སྤྲུལ་པའི་གླེགས་བམ༽། ཆབ་མདོ་ཤེས་རབ་ཀྱི་༼འབྲིང་རིམ་ཆུ་བོ་དལ་འབབ༽། ཨ་ཚོགས་བསྟན་འཛིན་འཇམ་དབྱངས་ཀྱི་༼སྙན་ངག་རྒྱབ་ཤ་དཀར་པོ༽། ཀླུ་སྨྱ྄ོན་ཧེ་རུ་ཀ༔འི་༼བདག་དང་འབྲོང་གི་ཕ་ས༽། སྐལ་བཟང་མཁས་གྲུབ་ཀྱི་༼རྩོམ་ཡིག་ཕྱོགས་སྒྲིག༽། དྲང་སྲོང་རྣམ་རྒྱལ་གྱི་༼སྙན་ངག་ཕྱོགས་སྒྲིག༽། བསྟན་འཛིན་ཤེས་རབ་ཀྱི༼ཀུན་རྟོག་སྒྱུ་མའི་ཤུགས་གླུ༽། ལྷ་ལྡན་གནམ་ལོ་ཡག་གི་༼མཁའ༽། རྔ་པ་ཚེ་རྒྱལ་གྱི༼ཟ་ཚོད་༽། རྔ་པ་ཆོས་གྲགས་ཀྱི༼གཡག་གུའི་ཧལ་སྒྲ༽སོགས་དེབ་ལྔ༌། ཀ༔བྲག་དངོས་གྲུབ་བསོད་ནམས་ཀྱི་༼གངས་ལྗོངས་གསེར་གྱི་ཕོ་བྲང་པོ་ཏ་ལ༽། རྨོག་རུ་བསྟན་པའི་༼་བསམ་གཞིགས་ཀྱི་རླབས་ཕྲེང་༽། བྱ་འཕུར་ལྷུན་གྲུབ་ཀྱི་༼སྙན་ངག་ཕྱོགས་སྒྲིག༽། དོལ་ཤུལ་རྒྱ་མཚོའི་༼སྙན་ངག་ཕྱོགས་སྒྲིག༽། རྔ་པ་བསོད་དེའི་༼གཉིད་མ་ཁུག༽། ཤོག་དྲུག་བློ་བཟང་དམ་ཆོས་ཀྱི༼གཡུ་འབྲུག་གི་གད་རྒྱངས༽དང་༼གངས་དཀར་ལྷ་མོའི་རྣམ་ཤེས༽། ཆུ་སྐྱེས་དགའ་བའི་ལང་ཚོའི༼གཉུག་མའི་སེམས་ཀྱི་རང་སྒྲ༽། ཡཱ་མ་ར་ཛཱའི༼མི་ཡུལ་གྱི་སྐྱོ་གདུང་༽དང་༼མི་ཡུལ་གྱི་འབོད་སྒྲ༽། གཤེར་ཚེ་འོད་ཟེར་རྒྱལ་མཚནགྱི༼གསང་གཏམ་དམར་པོ༽། ཕྲན་གྱི་༼གངས་ལྷ་སྒེག་མོའི་སྤྱན་ཆབ༽དང་༼གངས་ལྷ་སྒེག་མོའི་ངུ་རྒྱངས༽། བེ་རི་དཔལ་ལྡན་རྣམ་རྒྱལ་གྱི་༼གངས་དཀར་སེམས་ཀྱི་རང་མདངས༽། ཉེ་ཆར་བཀྲ་ཤིས་རྒྱལ་པོའི་༼ཁ་བའི་འདབ་མ་༽སོགས་རིམ་པར་སྤེལ་ཞིང༌། ཐམས་ཅད་བརྗོད་ཀྱིས་མི་ལངས་མོད། རྩོམ་ཡིག་དེ་དག་གི་ནང་རྩོམ་པ་པོའི་བསམ་བློའི་རྣམ་དཔྱོད་དང་སྒྱུ་རྩལ་གྱི་གནས་བབ་ལ་བརྟེན་ནས་རྩོམ་རིག་གི་རིན་ཐང་ཐོག ལྕི་ཡང་དང༌། ཆེ་ཆུང༌། རིང་ཐུང༌། དཀར་ནག་སོགས་ཀྱི་ཁྱད་པར་ལ་མ་བལྟོས་པར་བྱེས་འབྱོར་ཁྲོད་དུ་སྒྱུ་རྩལ་རྩོམ་རིག་གི་འཕེལ་རིམ་ཐོག་ཉི་མ་དང་མེ་ཤེལ་གྱི་དཔེ་ལྟར་གྱུར་པ་མ་ཟད། དྲང་པོ་བཤད་ན་བཙན་བྱོལ་ནང་རྩོམ་རིག་གི་འཕེལ་རིམ་ཐོག་མདུན་མཆོངས་བྱེད་པར་ཕན་ཐོགས་ཆེ་ཤོས་དེ་སྒེར་གྱིས་སྤེལ་བའི་སྒྱུ་རྩལ་རྩོམ་རིག་དེ་དག་ཆགས་འདུག་སྙམ།

༡༦༽ བོད་ཀྱི་བསྒྱུར་རྩོམ་རིག་པའི་རྩོམ་རིག་གི་འཕེལ་རིམ། བཙན་བྱོལ་ནང་ཁོ་བོར་མཐོང་ཐེངས་དང་པོའི་བསྒྱུར་རྩོམ་ནི་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་རྒྱ་ནག་ཐང་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་ཆའི་ཁྲོད་ནས་བོད་དོན་དང་འབྲེལ་བ་ཡོད་པ་མང་པོ་ཞིག་༼རྒྱའི་ཡིག་ཚང་ནང་གསལ་བའི་བོད་ཀྱི་རྒྱལ་རབས་གསལ་བའི་མེ་ལོང༽བོད་བསྒྱུར་གནང་ནས་བོད་གཞུང་དཔེ་མཛོད་ཀྱིས་དཔེ་བསྐྲུན་གནང་འདུག་པ་དེ་རེད། སྒྱུར་པ་པོ་རང་ཉིད་ཀྱི་རྒྱ་མིང་ལ་བན་ཤིན་སིག་ཟེར་ཞིང༌། རྒྱ་ནག་གོ་མིན་ཏང་སྲིད་གཞུང་གི་སྐབས་ནན་ཅིང་དུ་རྒྱའི་སློབ་གྲྭ་ལོ་མང་འགྲིམས་མྱོང་ཞིང༌། དེ་རྗེས་ྋགོང་ས་མཆོག་གི་སྐུ་སྲུང་མདའ་དཔོན་དང་བཙན་བྱོལ་དུ་བཀའ་བློན་གནང་མྱོང་བའི་མཐོང་ཐོས་ཉམས་མྱོང་གསུམ་ལྡན་གྱི་མི་སྣ་གལ་ཆེན་ཞིག་རེད། ཁོང་གིས་བསྒྱུར་རྩོམ་དེའི་ཐོག་ནས་མི་ལོ་སྟོང་ཕྲག་གི་སྔ་རྗེས་སུ་བོད་རྒྱའི་གནས་སྟངས་མང་པོ་ཞིག་གསལ་བཤད་ཐུབ་པ་མ་ཟད། ཚིག་སྦྱོར་གྱི་ཐོག་ནས་བཤད་ནའང༌། གོ་བརྡ་འཕྲོད་ངེས་ཀྱི་ཐོག་སེམས་ལ་འཇུག་ཅིང་རྣ་བར་བབ་པའི་གནས་ཚད་ངེས་ཅན་སླེབས་པའི་རྩོམ་ཡིག་ཅིག་ཏུ་ངོས་འཛིན་ཞུ་ཆོག་ལ། གཅིག་བྱས་ན་འདི་ཉིད་བྱེས་འབྱོར་ཁྲོད་ཀྱི་བསྒྱུར་རྩོམ་ཐེངས་དང་པོ་དེ་ཡིན་སྲིད་སྙམ། ལོ་རབས་བརྒྱད་ཅུ་པའི་ནང་ཕྱི་རྒྱལ་བ་ཝན་ཝལཊ་ཝན་པ་རག་གིས་བརྩམས་པའི་༼བོད་ཀྱི་གནས་བབ༽ཞེས་པ་དེ་བོད་བསྒྱུར་བྱས་འདུག ལོ་རྒྱུས་ཀྱི་དེབ་དེ་ནི་བོད་རྒྱའི་གནས་བབ་ཐོག་ཉམས་ཞིབ་གནང་མཁན་སུ་ཞིའག་ཡིན་ནའང་མི་གཟིགས་ཐབས་མེད་ཀྱི་གལ་ཆེན་རང་ཞིན་ལྡན་པའི་དེབ་ཐེར་གལ་ཆེ་ཞིག་ཆགས་འདུག འཇར་མན་ཧི་རི་ཧ་ར་ནས་བརྩམས་པའི་བོད་ནང་ལོ་བདུན་ཞེས་པ་དེ་ཉིད་འབྲས་ལྗོངས་གནས་བསྡད་བྱ་མ་རྟ་རྩོམ་སྒྲིག་པ་ཚེ་དབང་རྟ་མགྲིན་གྱིས་བོད་བསྒྱུར་གནང་ཞིང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་དཔེ་སྐྲུན་དང་འགྲེམས་སྤེལ་བྱས་པ་དེའི་ནང་ཧི་རི་ཧ་ར་རང་ཉིད་(1939--1945)བོད་ནང་ལོ་བདུན་བསྡད་རིང་དང་འབྲེལ་བའི་བོད་ཀྱི་གནས་སྟངས་གལ་ཆེ་མང་པོ་ཞིག་འཁོད་པ་རྣམས་དེ་སྔོན་སྐད་ཡིག་མང་པོའི་ཐོག་བསྒྱུར་ཡོད་ན་ཡང༌། སྐད་ཡིག་གཞན་མི་ཤེས་པའི་བོད་པ་ཚོར་ས་ཕག་དུས་འགྱུར་སྔོན་གྱི་གནས་སྟངས་རྣམས་མི་རིགས་གཞན་དག་ཅིག་གིས་མཐོང་ཐོས་གང་ཞིག་བྱུང་བ་དེ་ཉིད་བདེན་དཔང་འཕེར་ངེས་ཀྱི་སྒོ་ནས་མཁྱེན་ཐུབ་པའི་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད་པ་མ་ཟད། ལོ་ཙཱ་བ་ཁོ་པ་བོད་དབྱིན་གཉིས་ཀའི་ཐོག་ལ་འབུར་དུ་ཐོན་པའི་མཁྱེན་རབ་ཀྱི་རྩལ་དང་ཉམས་མྱོང་གི་འགྲོསལྡན་པས། བསྒྱུར་དེབ་འདི་ཉིད་བོད་རིགས་མཁས་བླུན་སུ་ཞིག་གིས་ཀློག་ནའང་ཚིག་སྦྱོར་གོ་བདེ་ཞིང་བརྗོད་དོན་རྟོགས་སླ་བའི་ཁྱད་ཆོས་དམིགས་བསལ་བ་ཞིག་ཡོད་པ་ཀློག་པ་ཙམ་གྱིས་མཁྱེན་ངེས་ཡིན། རྔ་པ་ཆོས་གྲགས་ཀྱིས་རྒྱ་གར་བའི་རྩོམ་པ་པོ་གྲགས་ཅན་ཐེ་ཀོར་གྱི་རྩམ་སྒྲུང་༼གྷོ་ར་༽ཞེས་པ་དེ་བོད་བསྒྱུར་གྱིས་ཤེས་རིག་ལས་ཁུངས་ཀྱིས་པར་བསྐྲུན་དང་འགྲེམས་སྤེལ་གནང་འདུག བསྒྱུར་པ་པོས་ལོ་མང་རིང་ཟས་བཅད་གཉིད་བཅག་གིས་དཀའ་ལས་དང་དུ་བླངས་པའི་མཐའ་མའི་རྒྱལ་ཁར་སྒྲུང་རྩོམ་དེ་ཉིད་འགྱུར་མཐར་སོན་པའི་བོད་སྐད་ཐོག་དེབ་ཆེན་གསུམ་ལངས་འདུག་པ་དེ་ཉིད་བཙན་བྱོལ་ཙམ་དུ་མ་ཟད་གཞིས་སུའང་ཁྱབ་སྤེལ་ངེས་ཅན་ཞིག་བྱས་པ་ཡོད་པ་འདྲ། སྤྱི་ལོ་༢༠༠༥ལོར་འབའ་བ་སྐལ་བཟང་རྒྱལ་མཚནགྱིས་བསྒྱུར་བའི་ཝང་ལི་ཞུང་གིས་བརྩམས་པའི་༼རྒྱ་རིགས་རྩོམ་པ་པོ་ཞིག་གིས་བོད་ཀྱི་དོན་དངོས་གླེང་པ༽ཞེས་པ་དེ་ཉིད་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་དཔེ་སྐྲུན་དང་འགྲེམས་སྤེལ་བྱས་འདུག འདི་ཉིད་སྒྱུར་པ་པོ་ཁོང་ཉིད་དེ་སྔོན་བོད་དུ་བཞུགས་སྐབས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཡིག་བསྒྱུར་ལས་ཁུངས་ནས་ཕྱག་ལས་ཡུན་རིང་གནང་མྱོང་བའི་ཉམས་མྱོང་ཐོག བཙན་བྱོལ་དུ་སླེབས་རྗེས་སུའང་བདེ་སྲུང་ཉམས་ཞིབ་ལས་ཁུངས་སུ་ཕྱག་ལས་རྒྱུན་རིང་གནང་པས་བོད་ཀྱི་རིག་གཞུང་དང་བཙན་བྱོལ་གཞུང་གི་ལྟ་གྲུབ་བཅས་གསལ་བ་མཁྱེན་པ་དང་ཡིག་བསྒྱུར་ཉམས་མྱོང་དམིགས་བསལ་ལྡན་པས། བསྒྱུར་རྩོམ་འདི་ཉིད་བསྒྱུར་སྟངས་ཀྱི་ཐད་གཞན་ལས་འབུར་དུ་འཐོན་པའི་ཁྱད་ཆོས་ལྡན་པ་སྨོས་མ་དགོས་པ་རེད། བཀྲ་ཤིས་རྒྱ་མཚོས་བསྒྱུར་བའི་ཁྲིན་ཧྲུའེ་པེན་གྱིས་བརྩམས་པའི་རང་གི་ལོ་རྒྱུས་༼ཐའེ་ཝན་གྱི་བུ༽ཉིད་སྒྱུར་པ་པོ་ལ་བོད་རྒྱ་གཉིས་ཀའི་ཤེས་ཚོད་ཚད་མཐོ་ལྡན་པ་དང་ཉམས་མྱོང་གང་ལེགས་ལྡན་པས་ཀློག་ན་ཚིག་སྦྱོར་སྙན་ཞིང་བསམ་ན་དོན་ལ་འཇུག་པ་སླ་བའི་ཁྱད་ཆོས་དུ་མ་ལྡན་པ་ཀློག་པ་པོ་སུ་ཞིག་གིས་བལྟས་ནའང་མཁྱེན་ངེས་སྙམ། ཉེ་ཆར་ཨ་རི་བ་གྷོ་སི་ཊན་གྱིས་བརྩམས་པའི་འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་ལོ་རྒྱུས༼བོད་མི་གསར་བརྗེ་བ་ཞིག༽ཅེས་པའི་དེབ་དེ། ཆུང་ཚེ་རིང་ལགས་ཀྱིས་དབྱིན་ཡིག་ལས་བོད་བསྒྱུར་གནང་འདུག ལོ་ཙཱ་བ་ཁོང་ལོ་རབས་བརྒྱད་ཅུ་གྱ་གྲངས་ནང་བོད་ནས་གསར་དུ་འབྱོར་ཏེ་དབྱིན་ཡིག་སློབ་མགོ་བཙུགས། མི་རིང་བར་མཚན་ཉིད་སློབ་གྲྭའི་ཁོངས་སུ་ཞུགས། དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་ནང་ཕྱག་ལས་གནང་རིང་འབྲེལ་ཡོད་ཕྱག་ལས་གང་ཞིག་གནང་ནའང་དམིགས་བསལ་གྱིས་ཚགས་ཚུད་རང་བཞིན་ལྡན་པ་དང༌། ངང་རྒྱུད་རིང་བ་བཅས་ཀྱི་ཁྱད་ཆོས་གཞན་ལས་འབུར་དུ་ཐོན་པས། བསྒྱུར་དེབ་འདི་ཉིད་ཀྱང་མཚན་མོ་ཁོ་ནར་བརྩོན་པ་བསྙུག་བསྲེངས་ནས་འགྱུར་མཐར་ཕྱིན་པ་གནང་འདུག གང་ཞིག་བསྒྱུར་བ་དེ་དག་ཀུན་ཀྱང་བོད་མི་ཤེས་ཚད་མཐོ་དམན་སུ་ཞིག་གིས་ཀློག་ནའང་གོ་བདེ་ཞིང་འཇུག་སླ་བ། ཚིག་སྦྱོར་བབ་ཆགས་པ། བརྡ་སྤྲོད་དང་མཐུན་ཞིང་གྲོང་ཚིག་དང་མ་འདྲེས་པ། དངོས་གནས་དེང་སང་གི་ལོ་ཙཱ་བ་ཞིག་ལ་བསྒྱུར་རྩོམ་གནང་སྟངས་འདིའི་གོང་ན་མེད་ངེས་སྙམ་པའི་བློ་ངང་གིས་སྐྱེ་བ་ཞིག་རེད། དེར་བརྟེན་བཙན་བྱོལ་དུ་སྔ་ཕྱིར་བསྒྱུར་རྩོམ་དུ་མི་ཁྲོད་ནས་ཡུལ་དུས་གནས་བབ་དང་བསྟུན་ན་བསྒྱུར་རྩོམ་འདི་ཉིད་འབུར་དུ་འཐོན་པ་ཞིག་རེད་སྙམ། གཞན་ཡང་ག་ཤ་དངོས་གྲུབ་གྱི་ཐེ་ཀོར་གྱི་སྙན་ངག་༼གླུ་ཐལ་སྦྱར་མ༽དང་༼ཞལ་ཟས་མ༽། མཚན་ཉིད་སློབ་གྲྭའི་༼ལྷག་བསམ་བརྩེགས་པ༽། སྒོ་དམར་སངས་རྒྱས་ཀྱི་༼གཙང་འགྲམ་གྱི་ཁང་ཆུང་༽སོགས་སྔ་ཕྱི་བསྒྱུར་རྩོམ་གྱི་རིགས་རིང་ཐུང་ངེས་མེད་དང་གནས་ཚད་མཐོ་དམན་ཅི་རིགས་སྣ་ཚོགས་པ་ཤིན་ཏུའང་མང་བ་དེ་རིགས་བྱེས་འབྱོར་ཁྲོད་ཀྱི་བསྒྱུར་རྩོམ་རིག་པའི་རྩོམ་རིག་གི་འཕེལ་རིམ་གྱི་ཆ་ལག་ཏུ་ངོས་འཛིན་ཞུ་ཆོག་སྙམ། གཞན་ཡང་གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས་༼སྡེ་གཞུང་སྤྲུལ་སྐུའི་རྣམ་ཐར་དད་གསུམ་པད་མོ་བཞད་པའི་ཉིནབྱེད༽དབྱིན་ཡིག་ལས་བོད་བསྒྱུར་དང༌། བརྡ་སྤྲོད་ཀྱི་སྐོར་ལ་ཡོངས་གྲགས་ལྟར་༼གདོང་ཐོག་ཚིག་མཛོད༽། ནོར་བུ་དོན་ལྡན་གྱི་༼གོམ་པ་དང་པོ༽། ཤེས་ལྷན་ནས་བཏོན་པའི་ཕག་པ་དཀར་པོར་གྲགས་པ་མི་ལོ་བཅུ་ཕྲག་ཁ་ཤས་ནང་ཨ་སྒོར་འབུམ་ཕྲག་མང་པོ་འགྲོ་འགྲེམས་བཏང་པའི་༼དབྱིན་བོད་ཚིག་མཛོད་གསར་མ༽། ཚེ་དཔག་རིག་འཛིན་གྱི་༼དབྱིན་བོད་ནང་ཆོས་ཚིག་མཛོད༽། ཤེལ་དཀར་གླིང་པ་དང་ཨ་རི་བ་གློ་སི་ཊན་སོགས་ཀྱིས་སྒྲིག་པའི་༼བོད་དབྱིན་ཤན་སྦྱར་ཚིག་མཛོད་ཆེན་མོ༽སོགས་བྱེས་འབྱོར་བོད་ཀྱི་སྤྱི་ཚོགས་ཁྲོད་བསྒྱུར་རྩོམ་དང་བསྒྱུར་རྩོམ་གྱི་ཆ་ལག་ཏུ་གཏོགས་པའི་རྩོམ་རིག་གི་འཕེལ་རིམ་ཡང་ངེས་ཅན་ཞིག་བྱུང་འདུག་སྙམ།

༡༧༽བཙན་བྱོལ་ནང་དཔྱོད་གཏམ་རྩོམ་རིག་གི་འཕེལ་རིམ། དཔྱད་རྩོམ་ནི། དཔྱད་གཞི་གང་ཞིག་གཟུང་བ་དེའི་གནས་ལུགས་ངོ་མའི་གཞིན་རས་གསལ་པོར་བསྟན་ཆེད་དུ་ལུང་དང་རིགས་པ་དུ་མས་བརྟགས་ཤིང་དཔྱོད་དེ་གང་ཞིག་གཏན་ལ་ཕབ་པའི་རྩོམ་ཡིག་རྣམས་ཡིན་ཆོག་སྙམ། དེ་ལའང་སྔོན་གྱི་སྲོལ་རྒྱུན་འཛིན་པའི་དཔྱད་རྩོམ་འབྲི་སྲོལ་ཐད། རང་ལུགས་གང་ཞིག་བཞག་པ་དེ་ཉིད་སྲུང་སྐྱོབ་བྱེད་པའི་ཆེད་གཞན་ཕྱོགས་ལ་དགག་པ་གང་ཐུབ་ཐུབ་བྱེད་པ་དང༌། རང་ཕྱོགས་ཀྱི་དམ་བཅའ་ལ་མི་འཐད་པའི་ལུང་རིགས་གང་ཞིག་མཐོང་ཐོས་བྱུང་བ་རྣམས་ཟུར་འཇོག་དང༌། སྦེད་གསང་བྱེད་པའི་ལུགས་སྲོལ་ཡང་དད་པ་དང་དམ་ཚིག་ལ་ཁ་གཡར་ནས་བྱས་པའི་ལོ་རྒྱུས་མཐོང་ཐོས་མང་བ་རྣམས་བསྔོགས་གཤེར་དགོས་དོན་མི་འདུག་ཀྱང༌། དུས་རབས་ནུབ་ཕྱོགས་པའི་ལུགས་ཀྱི་དཔྱད་རྩོམ་འབྲི་སྲོལ་ལ་གཞི་བཅོལ་ན། དཔྱད་གཞི་གང་ཞིག་གཟུང་བ་དེའི་མཐཱུན་ཕྱོགས་དང་མི་མཐུན་ཕྱོག་ཀྱི་རྒྱུ་ཆ་གཉིས་ཀ་གང་རག་ཅི་རག་གིས་གསོག་ཉར་དང༌། དེའི་ཆེད་དུ་དཔྱད་གཞི་དེ་དང་འབྲེལ་བ་ཡོད་པའི་ས་གནས་ལ་དངོས་སུ་འགྲོ་ནས་ཁོར་ཡུག་དེ་ནས་དགོས་ངེས་པའི་རྒྱུ་ཆ་འཚོལ་བ། དཔྱད་གཞི་དེ་དང་འབྲེལ་བ་ཡོད་པའི་མི་སྣ་སུ་ཐུག་ལ་དཔྱད་གཞི་དེ་འབྲེལ་གྱི་སྐད་ཆ་འདྲི་གཏུགས་བྱེད་པ། དོན་རྐྱེན་གང་ཞིག་བྱུང་བ་དེའི་རྒྱུ་རྐྱེན་འཚོལ་བ། དཔྱད་གཞི་དེ་དང་འབྲེལ་བའི་ཉེ་རིང་ཕྱོགས་ལྷུང་གི་རྗེས་ལ་མི་འགྲོ་བར་གནས་ལུགས་ངོ་མ་ལ་རྟོག་ཞིབ་བྱེད་པ་སོགས་ནི་དུས་རབས་ཀྱི་དཔྱད་རྩོམ་འབྲི་མཁན་ཚོར་མེད་ཐབས་མེད་པའི་ཆ་རྐྱེན་གལ་ཆེ་ཞིག་ཡིན། སྤྱིར་བཏང་རྩོམ་རིག་གི་ནང་ནས་དཔྱད་རྩོམ་སྒྲུང་དང་སྙན་ངག་ལྟ་བུའི་སྒྱུ་རྩལ་གྱི་ཉམས་གཅིག་པུས་མི་ཆོག་པར། གང་ཞིག་དཔྱད་གཞིར་བཟུང་བའི་ཤེས་བྱ་དེའི་སྡེར་གཏོགས་དང་བཅས་པར་ཉམས་ཞིབ་ཀྱི་གཞི་རྐང་བརྟན་པོ་ཞིག་ཚུགས་ཟིན་རྗེས་ད་གཟོད་གཞི་ནས་དཔྱད་རྩོམ་འབྲི་རྒྱུའི་འགོ་འཛུགས་བྱེད་དགོས། གང་ཞིག་དཔྱད་གཞིར་བཟུང་བ་དེ་ཉིད་ཀྱི་གནས་ལུགས་དངོས་པོ་ར་འཕྲོད་བྱེད་ཐབས་ལམ་དུ། གཅིག་ན་དཔྱད་གཞི་ཡིག་ཆའི་ཁུངས་དང༌། གཉིས་ན་དངོས་པོའི་དཔང་རྟགས། གསུམ་ན་འདྲི་རྩད་ཀྱི་མི་སྣ། དེ་དག་གི་ཡལ་ག་སྨིན་ས་རྩོམ་པ་པོའི་བསམ་བློའི་དྲང་ཚུགས། མཐོང་ཐོས་ཀྱི་ཉམས་མྱོང༌། སྐྱེས་སྦྱོང་གི་ཤེས་ཚད་བཅས་ཀྱི་ཆ་རྐྱེན་མང་པོ་ཞིག་ཚང་དགོས་སྟབས། དཔྱད་རྩོམ་འབྲི་རྒྱུ་ལས་སླ་པོ་མིན། དེར་བརྟེན་གཞིས་བྱེས་གཉིས་ཀར་རྩོམ་རིག་སྤྱིའི་བརྒྱ་ཆའི་གྲངས་འབོར་གྱི་ཐོག་ནས་བཤད་ན། དཔྱད་རྩོམ་ཉུང་ཤས་ཡིན། ལྷག་པར་གཞིས་བཞུགས་ཁྲོད་དུ་གནས་ཚད་མ་ལངས་པའི་རྩོམ་པ་པོ་མང་པོ་ཞིག་གཞན་གྱི་ཆབ་སྲིད་ཀྱི་བེད་སྤྱོད་འོག་འཛུལ་ནས་མཐོང་ཐོས་ཉམས་མྱོང་གང་ཡང་མེད་བཞིན་དུ་དཔྱད་རྩོམ་རྫིག་པོ་རེ་བྲིས་ནས་ཕོགས་ཐོབ་དང་གོ་གནས་ལ་རྔམ་པ་ཉུང་ཉུང་མིན། བཙན་བྱོལ་ཁྲོད་དུ་དེ་འདྲའི་ཐབས་རྡུག་རང་གི་གནས་བབས་ལ་ཤི་འཐམ་བྱེད་མཁན་མེད་ནའང༌། མཐོང་ཐོས་ཉམས་མྱོང་གིས་མི་འདང་བའི་དཔྱད་བརྗོད་འབྲི་མཁན་ཕོ་ཚོད་ཅན་ནི་ཏན་ཏན་ཉུང་ཉུང་མིན། གར་ལྟར་ཡང་བཙན་བྱོལ་ཁྲོད་དུ་དཔྱད་བརྗོད་ས་བཅད་མ་སྟོང་བར་མ་ཟད་རྣམ་གྲངས་ཀྱང་མི་ཉུང་བ་ཞིག་བགྲང་རྒྱུ་འདུག་པ་ལས་འདི་རུ་དཔེ་མཚོན་འགའ་ཞིག་བགྲང་ན། དེ་ཡང་བཙན་བྱོལ་ཁྲོད་དཔྱད་རྩོམ་དང་པོ་གང་ཡིན་པ་དང་སུས་བརྩམས་པ་མི་ཤེས། རྒྱལ་སྤྱིའི་ཐོག་གྲགས་ཚད་ངེས་ཅན་སླེབས་པའི་དཔྱད་རྩོམ་ཞིག་ནི། མཁས་དབང་ནོར་བུས་བརྩམས་པའི་༼ཞང་བོད་ཀྱི་ལོ་རྒྱུས་ཏེ་སེའི་འོད༽དང་༼སྒྲུང་ལྡེའུ་བོན་གསུམ་གྱི་ལོ་རྒྱུས་ཨེ་མ་ཧོ༽། ༼རྒྱལ་རབས་གཟི་ཡི་ཕྲེང་བ༽བཅས་རེད། དེ་དག་གི་ནང་ནས་ཀྱང་༼བོད་ཡིག་རྩོམ་པ་པོ་ཐོན་མི་ཡིན་མིན་གྱི་སྐོར་༽དེ་རེད། དེ་རྗེས་མཁར་རྨེའུ་བསམ་གཏན་རྒྱ་མཚོའི་༼ལྷ་སྲས་དར་མའི་སྐོར་༽དང༌། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་༼གསུང་རྩོམ༽ བཅས་རེད། རྩོམ་ཆོས་འདི་དག་ཕལ་ཆེ་བ་དེང་སང་རྒྱ་ནག་གིས་ཀྱང་དཔེ་སྐྲུན་དང་འགྲེམས་སྤེལ་བྱས་དང་བྱེད་བཞིན་པ་རེད། བཙན་བྱོལ་ནང་དཔྱད་རྩོམ་མང་ཤོས་དེ། ཨ་མྱེས་རྨ་ཆེན་གྱི་མཁས་དབང་བཀྲ་ཤིས་ཚེ་རིང་རེད། ཁོང་གིས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་མང་ནང་སྒྲོག་སྦྱངས་གནང་བའི་དཔྱད་རྩོམ་ཁག་ཕྱོགས་བསྡམས་བྱས་ན། གླེགས་བམ་ཆེ་ཚོད་ཁ་ཤས་ལོངས་ངེས་ཡིན། དེ་ལས་གཞན་༼ལྷ་སའི་ཇོ་བོའི་སྐོར༽དང་༼ཏྲེ་བོའི་ལོ་རྒྱུས་སྐོར༽སོགས་ཤིན་ཏུ་མང༌། ད་དུང་བཙན་བྱོལ་ནང་དཔྱད་རྩོམ་ཚད་ལྡན་འབྲི་མཁན་གྱི་རྩོམ་པ་པོ་ཞིག་ཡིན་ཕྱིན་ཆད་ཁོང་ལ་གཏུགས་འབྲེལ་དང་ལམ་སྟོན་ཞུ་མ་མྱོང་མཁན་ཧ་ལམ་མེད་པ་དང་འདྲ། གོང་གསལ་རྩོམ་པ་པོ་དག་ནི་བློ་གྲོས་གཟུ་བོར་གནས་པ་དང༌། མཐོང་ཐོས་ཉམས་མྱོང་གི་བག་ཆགས་ཟབ་པ། དཔྱད་གཞིའི་ཡིག་ཆ་སྣ་མང་གཟིགས་པའི་གོ་སྐབས་ལྡན་པ། ཐག་གཅོད་མི་སྔ་བའི་བབ་བརླིང་བརྟན་གསུམ་ལྡན་པ་བཅས་ཀྱི་ཁྱད་ཆོས་འབུར་དུ་འཐོན་པས་བྱེས་འབྱོར་ཙམ་དུ་མ་ཟད། གཞིས་ཕྱོགས་ཀྱིས་མཚོན་རྒྱལ་ཁབ་ཕྱི་ནང་གང་སར་རྩོད་མེད་ཀྱིས་ཚད་མཐོའི་ཉམས་ཞིབ་པ་དང་དཔྱད་བརྗོད་པ་བགྲང་སའི་མཁས་པ་ཡིན་པས། ཁོང་རྣམ་པའི་དཔྱད་རྩོམ་དེ་དག་གིས་བཙན་བྱོལ་ཁྲོད་དཔྱད་རྩོམ་རིག་པའི་གཞི་རྐང་བརྟན་པོ་ཞིག་བཙུགས་པ་ལས་དཔྱད་རྩོམ་རིག་པའི་འཕེལ་རིམ་གྱི་ཡལ་ག་ཚད་ལྡན་ཡང་མི་ཉུང་བ་ཞིག་གང་སར་རྐྱོང་བཞིན་པ་རེད་སྙམ། དེ་ལས་གཞན་པའི་ད་དུང་གནའ་རྩོམ་གྱི་སྲོལ་འཛིན་པའི་ཐོག་ནས་སྤྱི་ཚོགས་ནང་དཔྱད་རྩོམ་སྤེལ་མཁན་གྲས་ལས་རིགས་སློབ་འགན་འཛིན་བློ་བཟང་རྒྱ་མཚོའི་༼ཆོས་སྲིད་ཟུང་འབྲེལ་ལ་དཔྱད་པ༽དང༌། རག་ར་ཐུབ་བསྟན་ཆོས་དར་གྱི་༼སྲོང་བཙན་སྒམ་པོའི་ལོ་ཚིགས་ལ་དཔྱད་པ༽། ཟམ་གདོང་པཎ་ཌི་ཊའི༼དམངས་ལས་མང་འཐད་པའི་སྐོར༽ལྗང་གཞོན་དུ་བཀོད་པ་སོགས་མང་ཞིང༌། དེ་དག་ཕལ་ཆེ་བ་ཞིག་ནི་རྩོམ་པ་པོ་གཟུ་བོར་གནས་པ་དང་མཐོང་ཐོས་ཉམས་མྱོང་ཟབ་པའི་དཔྱད་བརྗོད་ཡིན་པས། སྲོལ་རྒྱུན་དཔྱད་རྩོམ་ཁྲོད་ནས་རིན་ཐང་ཆེས་ཆེ་ལྡན་པའི་གྲས་སུ་རུང་བ་སྙམ། རྩོམ་རིག་གསར་རྩོམ་གྱྀ་ལམ་སྲོལ་བཙན་བྱོལ་དུ་མགོ་འཛུགས་པ་དང་མཉམ་དུ། དེ་དང་འབྲེལ་བའི་དཔྱད་རྩོམ་དང་པོ་འབྲི་མཁན་དེ་པདྨ་འབུམ་རེད། ཁོང་གིས་༼མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང༽བྲིས་པ་དེར་རྩོམ་པ་པོའི་ལུས་སྲོག་མིང་གནས་དང་བཅས་པར་ཉེན་ཁ་ཆེས་ཆེར་འཕྲད་ནའང༌། དེང་སང་དཔྱད་རྩོམ་དེའི་རིན་ཐང་ཆེ་ནས་ཆེར་འགྲོ་བཞིན་པ་རེད། ད་དུང་ཁོང་གིས་༼དམངས་ལས་ཆད་པའི་མང༽དང་༼ཏུང་ཧོན་གཏེར་མགུར་ལ་དཔྱད་པའི་སྔོན་འགྲོ༽སོགས་སྔ་ཕྱིར་རིམ་པར་བྲིས་པ་དེ་དག་ཀྱང་དུས་རབས་ཀྱི་རིག་པའི་འགྲོས་དང་མཐུན་པའི་དཔྱད་རྩོམ་ཚད་མཐོ་གྲས་ལ་སླེབས་པ་སྨོས་མེད་རེད་སྙམ། དེས་ནས་རྩོམ་རིག་གསར་པའི་ལམ་ནས་དཔྱད་བརྗོད་འབྲི་སྲོལ་གྱི་འཕེལ་རིམ་གསར་པ་དེ་ཕལ་ཆེར་པདྨ་འབུམ་གྱིས་རྩོམ་རིག་ནས་འཛུགས་པ་ཞིག་རེད་ཅེས་ཟེར་ན་མི་འགྲིགས་པ་མེད་སྙམ། དེ་ནས་རིམ་བཞིན་ཆབ་མདོ་ཤེས་རབ་ཀྱི་༼བོད་ཀྱི་འགྲོ་བ་མིའི་ཐོག་མའི་བྱུང་རིམ་ལ་དཔྱད་པ༽དང་༼ཆུ་བཞི་དང་སྒང་དྲུག་གི་ངོ་སྤྲོད༽གཏམ་ཚོགས་ཐོག་བཀོད་པ། ཕྲན་གྱི༼དམངས་དང་མང་གི་ཐོབ་ཐང་བར་གྱི་བསམ་གཞིགས༽དམངས་གཙོའི་གསར་ཤོག་ཏུ་བཀོད་པ་སོགས་མི་ཉུང་བ་ཞིག་མཐོང༌། དུས་དེབ་ཀྱི་དབང་དུ་བྱས་ན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་བཏོན་པའི་དཔྱད་རྩོམ་ཕྱོགས་བསྒྲིགས༼ནོར་མཛོད༽དང༌། ཀིརྟི་བྱེས་པ་གྲྭ་ཚང་གིས་བཏོན་པའི་དཔྱད་གཏམ་ཕྱོགས་སྒྲིག༼དཔྱད་རྩོམ་རིག་པའི་རྩལ་ཕྲེང༽སོགས་འགའ་ཞིག་སྣང་བ་དེ་དག་གི་ནང་གནས་ཚད་ངེས་ཅན་སླེབས་པའི་དཔྱད་གཏམ་ཡང་མི་ཉུང་བ་རེ་མཆིས། སྒེར་གྱི་རྩོམ་དེབ་ཀྱི་དབང་དུ་བྱས་ན། ཧོར་གཙང་འཇིགས་མེད་ཀྱི་༼དྲང་བདེན་གྱིས་བསླུས་པའི་སློང་མོ་བ༽བ་དང་༼ཁྲག་ཐིགས་ལས་སྐྱེས་པའི་ལྗང་སྨྱུག ཆབ་མདོ་ཤེས་རབ་ཀྱི་༼ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ༽། སྣང་རྒྱལ་ཤེས་རབ་དགེ་ལེགས་ཀྱི་༼དམུ་ཐག་གིས་སྦྲེལ་བའི་གནམ༽། རེ་མདོ་སེངྒེའི་༼བོད་ཀྱི་སྲོལ་རྒྱུན་རིག་གཞུང་གླེང་བའི་གཏམ༽དང་༼བོད་ཀྱི་རྩོམ་རིག་གི་མཐའ་དཔྱོད༽། སྤེན་པ་རྡོ་རྗེའི་༼བསམ་ཡས་རྩོད་པ༽ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་ནས་བཏོན་པ། ཕྲན་གྱི༼བེ་རི་རྒྱལ་པོའི་མངའ་ཐང་དར་རྒུད་སྐོར་རགས་ཙམ་གླེང་བ༽འཇར་མན་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གིས་བཏོན་པ། ཆོས་འཁོར་ཚང་ཉི་མ་འོད་ཟེར་གྱིས་༼ཆོས་པའི་སྨད་འདུལ་གྱི་ཁུངས་དང་རྒྱུད་ཚུལ་ལ་དཔྱད་པ༽ རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང་བསྒྲག་རྒྱུའི་བརྗོད་བྱ།དང༌། ༼ཏུུན་ཧོང་ཡིག་རྙིང་ནང་གི་སད་མར་ཀར༽། ༼ཞང་ཞུང་བོད་མིའུ་གདུང་དྲུག་གི་རུས་རྒྱུད་ཡིན་ནམ་མིན༽། ཏྲེ་ཧོར་ཟླ་བ་ཚེ་རིང་གི་༼དབུ་མའི་ལྟ་བའི་རྣམ་བཤད་དགོངས་དཔྱོད་རགྱ་མཚོའི་མཉེར་མ༽དང་༼དཀའ་གནད་དགོངས་བཅུད་དྲི་མེད་རིགས་པའི་མེ་ལོང་༽སོགས་མི་ཉུང་བ་ཞིག་མཆིས་པ། དེ་དག་འགའ་ཞིག་གི་ནང་དུ་ཆོས་ལུགས་དང་ལུང་ཚན་གྱི་ཕྱོགས་རིས་ཀྱིས་མྱོས་ནས་གཟུ་བོར་མི་གནས་པར། གནས་ལུགས་ཁྱད་བསད་ཀྱི་འགྲེལ་བརྗོད་ཉུང་ཤས་ཕུད་པའི་དེ་བྱིངས་མང་ཆེ་བ་ནི་དཔྱད་རྩོམ་གྱི་གནས་ཚད་ལངས་པའི་གྲས་སུ་འཇོག་རུང་བ་སེམས་ཏེ། མདོར་ན་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་དཔྱད་བརྗོད་རིག་པའི་རྩོམ་རིག་གི་འཕེལ་རིམ་ཡང་གནའ་དང་དེང་གི་གཞི་རྐང་གཉིས་ཀ་བརྟན་པོ་ཚུགས་པའི་ཐོག་ནས་དབྱར་ཀའི་རྒྱ་མཚོ་དང་སྟོན་ཀའི་ཟླ་བ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་སྒང་རེད་སྙམ།

དུས་འགྱུར་རླུང་གིས་བདས་པའི་བྱེ་འུའི་ཁྱུ།། ལས་དབང་ལྷོ་ལ་བཅོལ་བའི་ནགས་ཀླུང་ནས།། གསུང་སྙན་དབྱངས་བདུན་རྫོགས་པའི་འགྱུར་ཁུག་གིས།། རྩོམ་རིག་དཔྱིད་ཀྱི་ལང་ཚོ་འདི་ནས་བརྟས།། སྔོན་བྱུང་སྔོན་གྱི་མེས་པོའི་ཤུལ་བཞག་དང༌།། དེང་སང་དེང་གི་གསར་བྱུང་རིག་པའི་འཕྲུལ།། གང་དང་གང་ཞིག་བྱུང་བའི་ལེགས་པའི་ཆ།། དེ་དང་དེ་དག་འདི་ན་གཅིག་ཏུ་བསྡུས།། གངས་ཅན་རྩོམ་རིག་རྒྱ་མཚོའི་འཕེལ་རིམ་རླབས།། འཚུབ་མོའི་རླུང་གིས་གཡོ་བའི་མཚོ་གྲུ་བཞིན།། འཕེལ་གྲིབ་བསྣོལ་མ་འཐབ་པའི་མཇུག་སྣེ་ནས།། ཉམས་ཆུང་ཁོ་བོས་རྙེད་པ་འདི་ཉིད་ཙམ༌།། ཕ་ལ་བུ་སྐྱེས་བུ་ལ་སྙིང་ཡོད་ཅིང༌།། སྙིང་ལ་སྙིང་གི་རུས་པ་ལྡན་གྱུར་ན།། རང་རིག་རང་གིས་གསལ་པའི་རྩོམ་རིག་ལ།། བརྩོན་པའི་མཚོ་རླབས་གཡོས་ཤིག་ན་གཞོན་ཚོ།། མགོན་མེད་ཟས་སྦྱིན་གྱི་ཚོགས་ཁང་ནང་དུ།༢༠༠༧།༠༣།༠༤ ལ་བྲིས། སླར་ཡང་བསྣན་འཕྲི་ཅུང་ཟད་བྱས།