བྱེས་འབྱོར་དུ་ནང་ཆོས་རིག་པའི་རྩོམ་རིག་གི་འཕེལ་རིམ།

ཡོང་ཁུངས་Wikipedia

བྱེས་འབྱོར་དུ་ལོ་རྒྱུས་རིག་པའི་རྩོམ་རིག་གི་འཕེལ་རིམ།


བཙན་བྱོལ་སྤྱི་ཚོགས་འདིར་ལོ་རྒྱུས་རིག་པའི་དེབ་ཐེར་གྱི་དཔེ་དེབ་དང་པོ་རྩོམ་སྒྲིག་པར་བསྐྲུན་འགྲེམ་སྤེལ་བྱས་པ་དེ་ནི། བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་བྱས་པ་ཅན་གྱི་མི་ངོ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ཉིད་ཡིན་ཞིང༌། ཁོང་གིས་ལྗགས་རྩོམ་གནང་བའི་《བོད་ཀྱི་སྲིད་དོན་རྒྱལ་རབས་》ནི། ས་ཕག་དུས་འགྱུར་མ་བྱུང་སྔོན་ནས་འབྱུང་འགྱུར་ཚོད་དཔག་གིས་འཕགས་ཡུལ་ཀ་སྦུག་ཏུ་བཞུགས་ཏེ། ཕྱོགས་གཅིག་ནས་ཨ་རིའི་གསང་བའི་ལས་ཁུངས་དང་སྲིད་ཀྱི་འབྲེལ་བ་གནང༌། ཕྱོགས་གཅིག་ནས་བོད་རྒྱའི་གནས་བབ་མཚོན་པའི་བོད་ཀྱི་དངོས་བྱུང་གི་ལོ་རྒྱུས་འདི་བཞིན་གསར་རྩོམ་གནང་བ་ཞིག་རེད་ལ། བྱེས་འབྱོར་དུ་དུ་བོད་རྒྱའི་གནས་བབ་ཐད་སྔ་ནས་ད་ལྟའི་བར་གནས་སྟངས་མ་འདྲེས་པར་གསལ་བ་བསྟན་པའི་སྲིད་དོན་གྱི་ལོ་རྒྱུས་དེབ་ཐེར་ཐེངས་དང་པོ་དེ་ཡང་འདི་ཉིད་ཡིན།

དེབ་ཐེར་འདིར་བརྗོད་གཞིའི་ཆ་ནས་དུས་ལ་ཏག་ཏག་འཁེལ་བ་དང་བརྗོད་སྟངས་ཀྱི་ཐོག་ནས་གོ་རིམ་གྱི་འབྲེལ་ཆགས་པ། ཚིག་སྦྱོར་གྱི་ཆ་ནས་གཞུང་རིས་ཀྱི་ཉམས་དོད་པ། ལྷག་པར་ཁུངས་དང་ལུང་གི་ཐོག་ནས་སྔ་རབས་ཀྱི་ལོ་རྒྱུས་དང་རྣམ་ཐར་མང་པོའི་རྒྱུ་ཆ་ལྡན་པའི་ཐོག དེང་རབས་མཁས་པའི་བཞེད་སྲོལ་གྱི་འགྲོས་དང་མཐུན་པ། ཉེ་དུས་ཀྱི་རང་གཞུང་གི་རྩ་འཛིན་གལ་ཆེ་ཡིག་ཆ་མང་པོའི་ཁོག་འདོན་པ། ཕྱིའི་རྒོལ་བ་ལ་རྒྱུ་མཚན་གྱི་རིགས་པ་རྣོ་བ། ནང་གི་རིགས་གཏོགས་ལ་ཕྱོགས་ཀྱི་འཐེན་འཁྱེར་མི་མངའ་བ་བཅས་ཀྱི་ཁྱད་ཆོས་དུ་མ་ལྡན་པས། བཙན་བྱོལ་ཁྲོད་ཀྱི་ལོ་རྒྱུས་རིག་པའི་རྩོམ་རིག་གི་འཕེལ་རིམ་ཐད་འདི་ནས་བུ་རབས་ཚ་རྒྱུད་ཀྱི་བར་ནམ་ཡང་ངོ་ནོངས་མི་དགོས་པའི་མཛད་རྗེས་ཀྱི་མཚན་གཞི་ཞིག་ཀྱང་ཡིན།

འཕེལ་རིམ་གྱི་ས་བོན་འདི་ལས་རིམ་པར་བཞིན་རིགས་སློབ་བློ་བཟང་རྒྱ་མཚོའི་《དགུ་གསུམ་ངན་ཚང་བའི་གཏམ》དང༌། སྨན་རི་ཡོངས་འཛིན་གྱི་《འབེལ་གཏམ་ལུང་གི་སྙིང་པོ》། ནམ་མཁའི་ནོར་བུས《བོད་ཀྱི་རྒྱལ་རབས་གཟི་ཡི་ཕྲེང་བ་》དང་《ཞང་བོད་ལོ་རྒྱུས》། 《བོད་ཀྱི་ལོ་རྒྱུས་ཕྱོགས་བསྡུས་བོད་དང་བོད་མི》ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པ། 《བདེན་རྫུན་རྣམ་པར་འབྱེད་པའི་དགག་གཞག་ངང་པའི་རྒྱལ་པོ》ཞེ་བོ་བློ་བཟང་དར་རྒྱས་དང་བྱམས་པ་བསྟན་འཛིན་གྱིས་བརྩམས་པ། 《བོད་དམག་སྐོར་གྱི་གནས་ཚུལ་ལ་ཅུང་ཟད་དཔྱད་པ》པ་སངས་ནོར་བུས་བརྩམས་པ། 《རྒས་པོའི་འབེལ་གཏམ》ཁེ་སྨད་བསོད་ནམས་དབང་འདུས་ཀྱིས་བརྩམས་པ། 《བསྲེགས་ཀྱང་མི་འཚིག་པའི་བོད》རྟ་ནག་ཀུན་བཟང་དཔལ་འབྱོར་གྱིས་བརྩམས་པ། 《གཙང་མྱང་སྨད་བསམ་འགྲུབ་རྩེའི་སྡེ་སྲིད་གཙང་པ་རིམ་བྱུང་གི་མངའ་ཐང་འབྱོར་རྒུད་ཀྱི་ལོ་རྒྱུས》རྫོང་རྩེ་བྱམས་པ་ཐུབ་བསྟན་གྱིས་བརྩམས་པ། ཕྲན་གྱི《ཏྲེ་རབས་གཡས་འཁྱིལ་དུང་གི་སྒྲ་དབྱངས》། 《བོད་དམག་གི་ལོ་རྒྱུས》དང་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འབྲེལ་བའི་དམག་དོན་ལོ་རྒྱུས》རྒྱལ་རྩེ་རྣམ་རྒྱལ་དབང་འདུས་ཀྱིས་བརྩམས་པ། 《བོད་ཀྱི་མི་སྣ་གལ་ཆེ་ཁག་གཅིག་གི་ལོ་རྒྱུས》རི་ཁ་བློ་བཟང་བསྟན་འཛིན་གྱིས་བརྩམས་པ། 《གངས་ཅན་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྔོན་བྱུང་ལོ་ཚིགས་ངེས་རྙེད་མཁས་པའི་ངག་རྒྱན》གདོང་ཐོག་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པ། 《སྡེ་པ་སྐྱིད་ཤོད་པའི་སྐོར》དང་《བོད་ཀྱི་རྒྱལ་རབས་ལོ་རྒྱུས་དོན་བསྡུས་རྣམ་དཔྱོད་དལ་འབབ་མཛད་ཆེན་འཕྱུར་བའི་ལེགས་བཤད་རླབས་ཀྱི་སྒྲ་བརྒྱ་བཞད་པའི་གདངས་སྙན》། 《བོད་དང་རྒྱ་ནག་བར་འཐབ་རྩོད་རྙོག་གྲའི་རྩ་དོན》བཅས་མདོ་སྨད་ཡོན་ཏན་རྒྱ་མཚོས་བརྩམས་པ། 《དབལ་ཤུལ་གསེར་རྟའི་ལོ་རྒྱུས་དང་འབྲེལ་བའི་གཏམ》གསེར་རྟ་ཚུལ་ཁྲིམས་ཀྱིས་བརྩམས་པ། འབྲོང་པ་རྒྱལ་པོས་《ལྡོང་འབྲོང་པའི་དེབ་ཐེར་སྨུག་པོ》། གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས《བོད་ཀྱི་རྒྱལ་རབས་དཔྱོད་ལྡན་དགྱེས་པའི་དབྱངས་སྙན་》སོགས་སྔ་ཕྱི་རིམ་བརྒྱུད་ཀྱིས་བོད་ཀྱི་ལོ་རྒྱུས་རིག་པའི་རྩོམ་རིག་གི་འཕེལ་རིམ་ཡང་རྒྱ་མཚོའི་རྦ་རླབས་དང༌། སྟོན་ཀའི་རླུང་རླབས་ལྟར་གཡོ་ཞིང་འཕེལ་བ་དེ་དག་ཀྱང་རྩོམ་པ་པོ་སོ་སོའི་མཁྱེན་རབ་དང་རྣམ་དཔྱོད། མཐོང་རྒྱ་དང་ཐོས་རྒྱ་ལ་དཔགས་པའི་བོད་རང་གི་སྤྱི་ཚོགས་འཚོ་བའི་ཁྲོད་ནས་རྒྱལ་སྤྱིའི་སྡིང་ཆ་བར་མཆེད་བཞིན་པ་ཡིན་ཞིང༌། འདི་དག་ཕལ་བོ་ཆེས་གཞི་འཛིན་ས་ནི་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ཁོ་ན་ཡིན་པ་མ་ཟད་གཞིས་བཞུགས་བོད་ཀྱི་ལོ་རྒྱུས་སྨྲ་བའི་རྒྱ་བོད་ཀྱི་མཁས་པ་ཕལ་བོ་ཆེས་མི་མངོན་པའི་སྒོ་ནས་རྒྱལ་རབས་འདིར་དགག་བཞག་ཅི་རིགས་པའི་ཟོལ་གྱིས་གཟིགས་དང་གཟིགས་བཞིན་པས། རྒྱལ་རབས་འདི་ནི་གཞིས་བྱེས་གཉིས་ཀྱིས་མཚོན་པའི་བོད་ཀྱི་རྒྱལ་རབས་སྨྲ་མཁན་གྱི་མི་སྣ་ཕལ་བོ་ཆེས་ཁུངས་དང་རྩ་འཛིན་བྱེད་ས་ཉག་གཅིག་པོ་དེ་ཡིན་པས། འདི་ཉིད་དེང་སང་བོད་ཀྱི་ལོ་རྒྱུས་རིག་པའི་རྩོམ་རིག་གི་ཁྲོད་ནས་ཤིང་བརྒྱའི་རྩ་བ་དང་ཆུ་བརྒྱའི་འབྱུང་ཁུངས་ལྟ་བུ་དེ་ཡིན། ད་ལྟའི་རང་རེའི་གཞོན་སྐྱེས་ཁྲོད་ནས་བོད་ཀྱི་ལོ་རྒྱུས་རིག་པའི་རྩོམ་རིག་ཅིག་སྤྱི་ཚོགས་ཐོག་ལེགས་སྐྱེས་སུ་ཕུལ་དགོས་ན། ཐོག་མའི་རྒྱུ་ཆ་རྒྱལ་རབས་ཚད་ལྡན་འདི་ལྟ་བུ་ཞིག་ལ་ཁུངས་སུ་བཅོལ་ན། ས་བོན་མངར་བ་ལས་འབྲས་བུ་མངར་བ་འབྱུང་བ་ཆོས་ཉིད་ཡིན་པས། ཕན་ནུས་ལྡན་པའི་ལོ་རྒྱུས་ཀྱི་ཡིག་ཆ་གསར་པ་ཞིག་བཞག་ཐུབ་པར་ཐེ་ཚོམ་གང་ཡང་མི་དགོས་སྙམ།

བཙན་བྱོལ་བའི་ཉེ་རབས་ལོ་རྒྱུས་ཀྱི་དབང་དུ་བྱས་ན། དྲུང་ཡིག་ལྷ་མོ་ཚེ་རིང་གིས་རྩོམ་སྒྲིག་གནང་པའི་《བཙན་རྒོལ་རྒྱལ་སྐྱོབ་》པོད་དྲུག་དང༌། ཆུ་བཞི་སྒང་དྲུག་གིས་བཏོན་པའི་《གློ་སྒྲིག་འཛུགས་ཀྱི་དངོས་ཡོད་ལོ་རྒྱུས་》པོད་གསུམ། ཕྲན་དང་ཆབ་མདོ་ཤེས་རབ་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི་《ཆུ་སྒང་དམག་འཐབ་ལོ་རྒྱུས》སོགས་བར་ལམ་ནས་ཚོགས་སྡེ་ཁག་དུ་མས་བཙན་བྱོལ་སྤྱི་ཚོགས་ཀྱི་ཉེ་རབས་ཀྱི་ལོ་རྒྱུས་དེབ་ཐེར་གལ་ཆེ་དུ་མ་ཡང་གསར་རྩོམ་བྱས་འདུག་པ་ནས། བོད་ཀྱི་རྩོམ་རིག་གི་བྱ་བཞག་ལ་རང་བཞིན་གྱིས་ཕན་རླབས་ངེས་ཅན་རེ་བྱུང་ཡོད་པ་བཤད་མ་དགོས་པ་རེད།

བར་ལམ་ནས་བྱེས་འབྱོར་དུ་མི་སྒེར་གྱི་མི་ཚེ་ལོ་རྒྱུས་འབྲི་སྲོལ་ཤུགས་ཆེར་བྱུང་བ་ནས། རྒྱལ་གཅེས་དཔའ་བོ་རྣམ་སྲས་གླིང་དཔལ་འབྱོར་འཇིགས་མེད་ཀྱིས་བརྩམས་པའི་《མི་ཚེ་ལོ་རྒྱུས་དང་འབྲེལ་ཡོད་སྣ་ཚོགས》ནང་སྤྱི་རྣམ་གླིང་ཚང་གི་མི་བརྒྱུད་བྱུང་རིམ་དང༌། སྒོས་སུ་རྩོམ་པོ་ཁོ་རང་གི་མི་ཐོག ལྷག་དོན་བོད་ཀྱི་དུས་འགྱུར་བྱུང་བའི་སྔ་ཕྱིའི་རྒྱུད་རིམ་སྐོར་དངོས་ཡོད་ཀྱི་རྒྱབ་ལྗོངས་དང་འབྲེལ་བའི་གསལ་བཤད་ཞིབ་རྒྱས་གནང་འདུག དེ་བཞིན་《སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱི་མི་ཚེ་ལོ་རྒྱུས་》གལ་ཆེན་རང་བཞིན་ལྡན་པའི་པོད་ཆེན་གསུམ། སྐུ་ཚེའི་ལོ་རྒྱུས་ཧྲག་བསྡུས་ལས་《ཕོ་ལྷ་མགྲོན་གཉེན་ཆེན་མོའི་མི་ཚེ་ལོ་རྒྱུས》བོད་གཞུང་དཔེ་མཛོད་ཁང་གིས་བསྒྲིགས་པ། 《ཀུན་བདེ་གླིང་ཛ་སག་གི་མི་ཚེ་ལོ་རྒྱུས》ཀུན་གླིང་འོད་ཟེར་རྒྱ་མཚོས་བརྩམས་པ། 《བཀའ་བློན་དབང་འདུས་རྡོ་རྗེའི་མི་ཚེ་ལོ་རྒྱུས》དབང་འདུས་རྡོ་རྗེས་བརྩམས་པ། 《ཡབ་གཞིས་གཡུ་ཐོག་པའི་མི་ཚེ་ལོ་རྒྱུས》གཡུ་ཐོག་ལྕམ་གྱིས་བསྒྲིགས་པ། རྩེ་དྲུང་ཐུབ་བསྟན་ཉིན་བྱེད་ཀྱི་མི་ཚེ་ལོ་རྒྱུས། 《ཉག་རོང་ཨ་བརྟན་གྱི་མི་ཚེ་ལོ་རྒྱུས་》རང་ཉིད་ཀྱིས་བྲིས་པ། 《ལི་ཐང་ཨ་ཐར་ནོར་བུའི་མི་ཚེ་ལོ་རྒྱུས》ཕྲན་གྱིས་བསྒྲིགས་པ། 《ལི་ཐང་ག་གཟི་བློ་ཚེའི་མི་ཚེ་ལོ་རྒྱུས》རང་ཉིད་ཀྱིས་བསྒྲིགས་པ། གཤོང་གཉེར་བསོད་ནམས་དབང་རྒྱལ་གྱི་མི་ཚེ་ལོ་རྒྱུས་《ཤར་མཐའི་དཔའ་བོའི་གད་རྒྱང་》ཕྲན་གྱིས་བརྩམས་པ། གཙང་ཁ་བསྟན་པ་དར་རྒྱས་ཀྱི་མི་ཚེ་ལོ་རྒྱུས《ར་སྨད་གྲུ་ཁ་་དམག་འཁྲུག་གིས་བསྐྱལ་བའི་མི་ཚེ》གཙང་ཁ་བསོད་ནམས་ཀྱིས་བརྩམས་པ། 《ཨ་མདོ་རྡོ་ཐར་གྱི་མི་ཚེ་ལོ་རྒྱུས》འོད་ཟེར་རྒྱལ་པོས་བརྩམས་པ། བླ་ཕྱག་མཁན་ཆུང་ཐུབ་བསྟན་བསྟན་དར་གྱི་རྩོམ་པའི་རང་གི་མི་ཚེ་ལོ་རྒྱུས《རང་མྱོང་དྲང་བརྗོད་ཀྱི་ཟིན་བྲིས》། 《རི་འབུར་སྤྲུལ་སྐུའི་མི་ཚེ་ལོ་རྒྱུས་》རང་ཉིས་ཀྱིས་བྲིས་པ། 《ཀཻ་ཚང་སྤྲུལ་སྐུའི་མི་ཚེ་ལོ་རྒྱུས》རང་ཉིད་ཀྱིས་བྲིས་པ། 《ཨ་ལགས་ཙ་ཡེས་ཀྱི་མི་ཚེ་ལོ་རྒྱུས་》རང་ཉིད་ཀྱིས་བྲིས་པ། ཨ་མདོ་རིག་འཛིན་གྱི་མི་ཚེ་ལོ་རྒྱུས《གསུབ་ཏུ་མེད་པའི་རྨ་ཤུལ》བཀའ་ཐུབ་རྒྱལ་གྱིས་བྲིས་པ། སྨར་ཁམས་སྟོབས་རྒྱས་ཀྱི《མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་ལོ་རྒྱུས》། ཨ་མདོ་བློ་བཟང་བསྟན་འཛིན་གྱི《བསྟན་སྲིད་དང་བླང་དམག་གི་ལོ་རྒྱུས》། ལི་ཐང་བྱམས་པས་བྲིས་པའི་《ཆུ་སྒང་དམག་སྤྱི་ལི་ཐང་བློ་བཟང་བྱམས་པའི་ལོ་རྒྱུས་ཕོ་རྒོད་དཔའ་བོའི་ཞབས་རྗེས》། ཚེ་རིང་བློ་གསལ་གྱི་མི་ཚེ་ལོ་རྒྱུས་《ཁྲག་དྲོན་གྱི་འཁྱུག་བྲིས》། སྡེ་དགེ་ལྷུན་གྲུབ་དབང་རྒྱལ་གྱི་མི་ཚེ་ལོ་རྒྱུས《མུན་ནག་ཁྲོད་ཀྱི་བོད་མི་ཞིག་གི་མི་ཚེ》བྲག་གཡབ་གྲགས་པས་སྒྲིག་པ། རྡོ་གཅོད་དཀོན་མཆོག་བསྟན་དར་གྱི་མི་ཚེ་མྱོང་ཚོར་《ཁྲག་གི་མིག་ཆུ》རང་ཉིད་ཀྱིས་བྲིས་པ་སོགས། ཐམས་ཅད་བརྗོད་པ་མི་ནུས་པའི་ལོ་རྒྱུས་འབྲི་རྩོམ་གནང་འདུག་པ་ཀུན་ཚད་མ་གསུམ་གྱིས་གནོད་པ་ཡོད་མིན་ཇི་ལྟར་ཡང༌། བོད་ཀྱི་རྩོམ་རིག་གི་བྱ་བཞག་ཐོག་རང་བཞིན་གྱིས་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད་པ་ནི་སྨོས་མ་དགོས་པ་རེད་སྙམ།