བྱི་བའི་དུག་
བྱི་བའི་དུག་ཞེས་པ་ནི་ནང་པའི་ཆོས་ལུགས་ཀྱི་རིག་པའི་གཞུང་ལུགས་ནང་དུ་དྲན་པ་སྐྱེ་ལུགས་དང་རང་རིག་ཡོད་མིན་གྱི་རྩོད་སྤོང་སྐབས་སུ་དཔེར་བརྗོད་དུ་བེད་སྤྱོད་གཏོང་བའི་ཐ་སྙད་ཅིག་ཡིན། དེ་ནི་བྱི་བས་ཟིན་པའི་ཚེ་དུག་གི་ནུས་པ་གདོད་དུ་ལྡན་ཡང་དེ་དུས་སུ་ཚོར་བ་མེད་པ། ཚེ་ཕྱི་མར་རྐྱེན་བྱས་པས་དུག་གི་གནོད་པ་ལངས་པ་དང་དུས་མཉམ་དུ་སྔོན་གྱི་རྨ་བ་དྲན་པ་སྐྱེ་བའི་ནུས་པ་ལ་དཔེ་ཚབ་ཏུ་བརྗོད་པ་ཞིག་ཡིན།
སྒྲ་བཤད།
[རྩོམ་སྒྲིག]བྱི་བ་ནི་སྲོག་ཆགས་ཆུང་ཆུང་ཞིག་ཡིན། དུག་ནི་ལུས་ལ་གནོད་པའི་རྒྱུ་ལ་གོ དེ་ཡང་བྱི་བའི་དུག་ནི་དགུན་མོར་ཉམས་ཆུང་ལ་དཔྱིད་ཀར་འབྲུག་སྒྲ་སོགས་ཀྱི་རྐྱེན་གྱིས་ལངས་ནས་གནོད་པ་ཆེར་སྐྱེད་ཀྱི་ཡོད།
ནང་དོན།
[རྩོམ་སྒྲིག]བྱི་བའི་དུག་ཞེས་པའི་དཔེ་འདི་ནི་སེམས་ཙམ་པས་རང་རིག་པ་ཡོད་པར་སྒྲུབ་པའི་རིགས་པ་དགག་པའི་ཆེད་དུ་དབུ་མ་པས་བཀོལ་སྤྱོད་བྱེད་པའི་དཔེ་མཚོན་གཙོ་བོ་ཞིག་ཡིན། "དེ་དཔེར་ན་བྱི་བའི་དུག་བཞིན་ཞེས་དགུན་དུས་དུག་ཅན་གྱི་བྱི་བས་རྨུགས་པ་ན་རྨུགས་པ་ཙམ་མྱོང་གི་དེ་དུས་དུག་ཉམས་སུ་མ་མྱོངས་ཀྱང༌། སླར་དཔྱིད་འབྲུག་གི་སྒྲས་དུག་བསླངས་བར་གྱུར་པ་ན་སྔར་རྨ་དང་མཉམ་དུ་བདག་ལ་དུག་ཞུགས་སོ་ཞེས་སྔར་གྱི་དུག་ལ་དམིགས་པའི་ཤེས་པ་གདོད་སྐྱེ་བ་བཞིན་ནོ། །"[༡]ཞེས་གསུངས།
དཔེའི་རྣམ་བཞག
[རྩོམ་སྒྲིག]དགུན་དུས་རྨུགས་པའི་སྐབས། དགུན་གྱི་དུས་སུ་མི་ཞིག་བྱི་བས་རྨུགས་པ་ན་རྨུགས་པའི་ཚོར་བ་ཙམ་ཉམས་སུ་མྱོང་གི་དེ་དུས་བྱི་བའི་དུག་རང་ཉིད་ཉམས་སུ་མི་མྱོང་། "དགུན་གྱི་དུས་སུ་བྱི་བས་ལུས་ལ་རྨུགས་པ་ན་བྱི་དུག་ཞུགས་ཡོད་ཀྱང་རྨུགས་པ་མྱོང་གི་དུག་མི་མྱོང་ངོ༌། །"[༢]ཞེས་གསུངས།
དཔྱིད་དུས་འབྲུག་སྒྲའི་སྐབས། དཔྱིད་དུ་འབྲུག་གི་སྒྲ་ཐོས་པ་ན་སྔར་གྱི་དུག་གི་ནུས་པ་སད་པ། "དེ་ལས་དུས་ཕྱིས་འབྲུག་གི་སྒྲ་ཐོས་པ་ན་རྨུགས་པའི་ཚེ་དུག་ཞུགས་པར་འདུག་སྙམ་དུ་དྲན་ཀྱང་སྔར་གྱི་ཚེ་དུག་མ་མྱོང་བ་བཞིན་ནོ། །"[༣]ཞེས་གསུངས།
རྩོད་སྤོང་གི་སྒོ་ནས་བཀོལ་སྤྱོད།
[རྩོམ་སྒྲིག]སེམས་ཙམ་པའི་རང་རིག་སྒྲུབ་བྱེད། "གལ་ཏེ་ཤེས་པ་རང་གིས་རང་ཉམས་སུ་མྱོང་བའམ་རང་རིག་པ་ཡོད་པ་མིན་ན། སྔར་ཉམས་སུ་མ་མྱོང་བའམ་མ་རིག་ན་ཕྱིས་རྣམ་ཤེས་དྲན་པར་ཇི་ལྟར་འགྱུར་ཞེས་"[༤]རྗེས་དཔག་གིས་རང་རིག་སྒྲུབ་པར་འདོད།
དབུ་མ་པའི་དགག་བྱེད། དབུ་མ་པས་བྱི་བའི་དུག་གི་དཔེས་"རང་མ་མྱོང་ཡང་གཞན་གཟུགས་སོགས་མྱོང་བ་དང་འབྲེལ་བ་ལས་དེ་དྲན་པར་འགྱུར་ཏེ། དཔེར་ན་བྱི་བའི་དུག་བསྒོས་པ་མ་མྱོང་ཡང་གཞན་དུ་འབྲུག་གི་སྒྲའི་རྐྱེན་དང་འཕྲད་པ་ལས་ནད་མྱོང་བ་དེ་ལས་དཔག་ནས་དྲན་པ་བཞིན་ནོ། །"[༥]ཞེས་རང་རིག་མེད་པར་དྲན་པ་སྐྱེ་ཐུབ་པར་བསྟན།
འབྲེལ་བའི་རྒྱུ་མཚན། དཔེ་འདི་ལ་"ཡུལ་མྱོང་དྲན་པ་ཉིད་ཀྱིས་སྔར་གྱི་ཡུལ་ཅན་ཁོ་རང་གིས་ཁོ་རང་མ་མྱོང་ཡང་དྲན་པ་ནི་རྨུགས་པ་དྲན་པ་ཉིད་ཀྱི་མཐུས་སྔར་ཞུགས་པའི་དུག་མ་མྱོང་བ་དྲན་པ་དང་འདྲའོ། །"[༦]ཞེས་འབྲེལ་བའི་རྒྱུ་མཚན་གྱིས་དྲན་པ་སྐྱེ་བ་ཡིན་པར་འཆད།
བསྡུས་དོན།
[རྩོམ་སྒྲིག]བྱི་བའི་དུག་ཞེས་པའི་དཔེ་མཚོན་འདི་ནི་དབུ་མ་པས་སེམས་ཙམ་པའི་རང་རིག་པའི་གྲུབ་མཐའ་དགག་པའི་ཆེད་དུ་བཀོལ་སྤྱོད་བྱེད་པའི་གལ་ཆེའི་དཔེ་ཞིག་ཡིན། དཔེ་འདིས་ཤེས་པ་རང་གིས་རང་མ་རིག་ཀྱང་འབྲེལ་བའི་རྒྱུ་མཚན་གྱིས་དྲན་པ་སྐྱེ་ཐུབ་པ་སྟོན་ཞིང་། དེ་ཡང་དགུན་དུ་བྱི་བས་རྨུགས་སྐབས་དུག་མ་མྱོང་ཡང་དཔྱིད་དུ་འབྲུག་སྒྲས་དུག་སད་པའི་ཚེ་དུག་ཞུགས་པར་དྲན་པ་སྐྱེ་བ་ལྟ་བུ་ཡིན། འདིས་རང་རིག་པ་མེད་པར་ཡང་དྲན་པ་སྐྱེ་ནུས་པའི་རིགས་པ་སྟོན་པ་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༥༤༤
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༢༦༣
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༢༦༣
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༥༤༣
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༡༨༨
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༢༦༣