བྱི་དོར་
བྱི་དོར་ཞེས་པ་ནི་རིན་པོ་ཆེ་དང་གསེར་སོགས་ལ་ཤུགས་ཀྱིས་ཕྱི་བདར་གཏང་སྟེ་འོད་འཕྲོ་ཞིང་མདངས་གསལ་བར་བྱེད་པའི་ལས་ཀའམ་ཐབས་ལ་གོ་དགོས།
ནང་དོན།
[རྩོམ་སྒྲིག]བྱི་དོར་ཞེས་པའི་ཐ་སྙད་འདི་སྤྱིར་བཏང་ལས་ཀ་ཞིག་གི་མིང་ཚིག་ཡིན་ཏེ། གཙོ་བོ་རིན་པོ་ཆེ་དང་གསེར་ངེས་སོགས་ལ་འོད་འཕྲོ་ཞིང་མདངས་གསལ་བར་བྱེད་པའི་ཐབས་ལ་ཟེར་བ་ཡིན། "སྐུ་གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་འདྲ་བ་འོད་ཆགས་འབར་བ་དེ་དག་བྱུག་པར་བགྱིའོ། །"[༡]ཞེས་པ་ལྟར་གསེར་སྦྱངས་པའི་ནང་དྲི་མ་རྣམས་སྦྱངས་ཤིང་ཕྱི་རོལ་བྱི་དོར་བྱས་པས་འོད་འཕྲོ་ཞིང་ལྷག་མར་མདངས་ཆགས་པར་འགྱུར་རོ། །
མཚན་ཉིད།
[རྩོམ་སྒྲིག]རིན་པོ་ཆེ་དང་གསེར་སོགས་ཀྱི་ཕྱི་ངོས་ལ་ནོར་བུ་དང་དར་གོས་སོགས་ཀྱིས་ཤུགས་ཀྱིས་ཕྱི་བདར་གཏང་སྟེ་འོད་འཕྲོ་ཞིང་མདངས་གསལ་བར་བྱེད་པར་བསྟན་པ་ཡིན། "བྱི་དོར་བྱས་པ་ནི་རོ་ཙ་ན་ལ་སོགས་པའི་ནོར་བུས་ཕྱི་བདར་བྱས་པའོ། །"[༢]ཞེས་པ་ལྟར་རོ་ཙ་ན་སོགས་ཀྱི་ནོར་བུས་ཕྱི་བདར་གཏང་བའི་ལས་ཀ་ལ་བྱི་དོར་ཞེས་འབོད་པ་ཡིན།
སྒྲ་བཤད།
[རྩོམ་སྒྲིག]ཐབས་ལམ་གྱི་སྒོ་ནས་སྒྲ་བཤད།
བྱི་དོར་གྱི་ཐབས་ལམ་ནི་རྣམ་པ་སྣ་ཚོགས་ཡོད་དེ། "གསེར་བཙོ་མ་ནི་ཁ་སྦྱར་དུ་བསྐོལ་བ་ལ་སོགས་པས་ནང་གི་དྲི་མ་སྦྱངས་པ་སྟེ། བྱི་དོར་བྱས་པ་ནི་རོ་ཙ་ན་ལ་སོགས་པའི་ནོར་བུས་ཕྱིས་པ་དང་། སྦྱངས་པ་ནི་བུལ་ཏོག་དང་ལན་ཚྭ་དང་སྐྱུ་རུ་ར་ལ་སོགས་པས་ཕྱིའི་དྲི་མ་སྦྱངས་པ་སྟེ།"[༣] ཞེས་པ་ལྟར་སྔོན་ལ་ནང་གི་དྲི་མ་སྦྱངས་ཤིང་ཕྱི་རོལ་རོ་ཙ་ན་སོགས་ཀྱི་ནོར་བུས་ཕྱི་བདར་གཏང་ནས་མཐར་བུལ་ཏོག་སོགས་ཀྱིས་གཙང་སྦྲ་བྱེད་པ་ཡིན།
བེད་སྤྱོད་ཀྱི་དཔེ་མཚོན།
བྱི་དོར་ཞེས་པ་དཔེ་མཚོན་གྱི་ངང་ནས་བེད་སྤྱོད་བྱེད་པའི་སྐབས་ཀྱང་མང་དུ་སྣང་ངོ་། །"རང་ལ་གནོད་པའི་མཚོན་ཏེ་རང་གསོད་བྱེད་ཀྱི་མཚོན་ཆ་རལ་གྲི་དང་མདུང་ཐུང་སོགས་ལ་རང་གིས་བྱི་དོར་བྱེད་པ་བཞིན་དུ་ཆགས་ཡུལ་གྱི་ལུས་དེ་ལ་གོས་ཀྱིས་གཡོགས་པ་དང་སྐྲ་སེན་འདྲེག་པ་སོ་རྩི་སྐུད་པ་བྱུགས་པ་བྱེད་པ་སོགས་ལ་འབད་ནས་ཅིའི་ཕྱིར་བྱི་དོར་བྱེད་དེ་བྱེད་མི་རིགས་སོ། །"[༤]ཞེས་པ་ལྟར་རང་ལ་གནོད་པའི་མཚོན་ཆ་ལ་བྱི་དོར་བྱེད་པ་དང་འདྲ་བར་ལུས་ཀྱི་བྱི་དོར་ལ་འབད་པ་མི་རིགས་པར་སྟོན་པ་ཡིན།
དབྱེ་བ།
[རྩོམ་སྒྲིག]གསེར་གྱི་བྱི་དོར་དང་། རིན་པོ་ཆེའི་བྱི་དོར། མཚོན་ཆའི་བྱི་དོར། ལུས་ཀྱི་བྱི་དོར་སོགས་སུ་དབྱེ་བ་ཡོད། "གསེར་དྲི་མ་སྦྱངས་པའི་གཙོ་མ་བྱི་དོར་ལེགས་པར་བྱས་པ་བཞིན་དུ་འོད་ཆགས་ཤིང་འབར་བའི་སྐུ་དེ་དག་བྱུག་པར་བགྱིའོ། །"[༥]ཞེས་པ་ལྟར་གསེར་ལ་བྱི་དོར་ལེགས་པར་བྱས་པས་འོད་ཆགས་ཤིང་འབར་བར་འགྱུར་བ་དང་། "དར་གོས་ཀྱིས་བྱི་དོར་བྱས་པ་ལྟར་འོད་རང་ངོར་ཆགས་ཤིང་གཞན་ངོར་འཕྲོ་བས་འབར་བ་"[༦]ཞེས་པ་ལྟར་དར་གོས་ཀྱིས་བྱི་དོར་བྱེད་པའི་ཐབས་ཀྱང་ཡོད་པ་མཐོང་ངོ་། །
བསྡུས་དོན།
[རྩོམ་སྒྲིག]བྱི་དོར་ཞེས་པ་ནི་གཙོ་བོ་རིན་པོ་ཆེ་དང་གསེར་སོགས་ཀྱི་ཕྱི་ངོས་ལ་ནོར་བུ་དང་དར་གོས་སོགས་ཀྱིས་ཤུགས་ཀྱིས་ཕྱི་བདར་གཏང་སྟེ་འོད་འཕྲོ་ཞིང་མདངས་གསལ་བར་བྱེད་པའི་ལས་ཀ་ལ་གོ་དགོས། སྤྱོད་འཇུག་གི་འགྲེལ་པ་ཁག་ཏུ་དཔེ་མཚོན་གྱི་ངང་ནས་གསེར་སྦྱངས་པ་ལ་བྱི་དོར་བྱས་པས་འོད་འཕྲོ་ཞིང་མདངས་ཆགས་པ་དང་། མཚོན་ཆ་ལ་བྱི་དོར་བྱེད་པ། ལུས་ཀྱི་བྱི་དོར་སོགས་ཀྱི་སྐོར་ལ་རྒྱས་པར་གསུངས་ཡོད། གང་ལྟར་བྱི་དོར་ཞེས་པ་ནི་ཕྱི་དངོས་པོའི་མདངས་དང་འོད་ཟེར་གསལ་བར་བྱེད་པའི་ཐབས་ཤིག་ཡིན་པར་གསལ་ལོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།