བྱམས་མགོན་
བྱམས་མགོན་ཞེས་པ་ནི་བྱམས་པ་མགོན་པོ་ཞེས་པའི་བསྡུས་མིང་སྟེ། བྱང་ཆུབ་སེམས་དཔའ་བྱམས་པ་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་སུ་བྱུང་བའི་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་་རྒྱལ་ཚབ་སྟེ། སེམས་ཅན་ཐམས་ཅད་ཀྱི་མགོན་གྱུར་པས་ན་བྱམས་མགོན་ཞེས་སོ། །
སྒྲ་བཤད།
[རྩོམ་སྒྲིག]བྱམས་མགོན་ཞེས་པའི་བྱམས་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་གི་མཚན་ཡིན་ལ། མགོན་པོ་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་གནས་སུ་གྱུར་པས་ན་བྱམས་མགོན་ཞེས་བྱའོ། །
མཚན་ཉིད།
[རྩོམ་སྒྲིག]བྱམས་མགོན་ཞེས་པ་ནི་རྒྱལ་བའི་རྒྱལ་ཚབ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་སྟེ། བློ་ཤེས་རབ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཞིག་ཡིན། དེ་བཞིན་དུ་བཅོམ་ལྡན་འདས་མི་ཕམ་པ་ཞེས་པའི་མཚན་ཡང་ཡོད། སེམས་ཅན་ཐམས་ཅད་ཀྱི་སྐྱབས་མགོན་དུ་གྱུར་པའི་ཕྱིར་དེ་ལ་བྱམས་མགོན་ཞེས་མིང་བཏགས་པ་ཡིན།
མཚན་གྱི་རྣམ་གྲངས།
[རྩོམ་སྒྲིག]སྤྱོད་འཇུག་གི་འགྲེལ་པ་ཁག་ཏུ་བྱམས་མགོན་ཞེས་པའི་མཚན་གཞན་རྣམས་ནི། "རྗེ་བཙུན་བྱམས་པ་མགོན་པོ་"[༡]ཞེས་པ་ནི། རྗེ་བཙུན་ཞེས་པ་ནི་མཆོག་ཏུ་བཀུར་འོས་པ་ཞིག་གི་མཚན་ཟུར་སྦྱར་བས་ཆེས་བསྟོད་མཚོན་བྱེད་ཅིག་ཡིན། "འཕགས་པ་བྱམས་པ་"[༢]འཕགས་པ་ཞེས་པ་ནི་འཁོར་བ་ལས་བརྒལ་ནས་གང་ཟག་ཅན་ཞིག་དང་མཚན་ལ་བྱམས་པ་གསོལ་བས་འཕགས་པ་བྱམས་པ་ཞེས་པའོ། །"བཅོམ་ལྡན་འདས་མི་ཕམ་པས་སོ། །"[༣]ཞེས་པ་ནི། བཅོམ་ལྡན་འདས་ཞེས་པ་ནི་སངས་རྒྱས་དང་དོན་གཅིག་པ་དང་། མི་ཕམ་པ་ཞེས་པ་ནི་གང་གིས་ཀྱང་ཕམ་པར་མི་ནུས་པས་ན་བཅོམ་ལྡན་འདས་སམ་སངས་རྒྱས་བྱམས་པ་ཞེས་པའི་མཚན་དེ་ལྟར་གསོལ་བར་ངེས། "བྱམས་པས་"[༤]ཞེས་ཀྱང་བརྗོད་དེ། བྱམས་པ་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཆེན་པོ་དང་ལྡན་པར་བསྟན།
བྱམས་མགོན་གྱིས་ནོར་བཟང་ལ་གསུངས་ཚུལ།
[རྩོམ་སྒྲིག]བྱམས་མགོན་གྱིས་སྡོང་པོ་བཀོད་པའི་མདོ་ལས་ནོར་བཟང་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དཔེ་ཉིས་བརྒྱ་དང་སུམ་ཅུ་ལ་སོགས་པ་རྒྱས་པར་བཤད། "སེམས་དེའི་ཕན་ཡོན་དང་བསྔགས་པ་དཔག་ཏུ་མེད་པ་དག་བྱམས་མགོན་བློ་དང་ལྡན་པ་བྱང་ཆུབ་སེམས་དཔས་སྡོང་པོ་བཀོད་པའི་མདོར་བྱང་ཆུབ་སེམས་དཔའ་གཞོན་ནུ་ནོར་བཟང་ལ་སྒྲ་ཇི་བཞིན་པར་བཤད་པའི་ཕྱིར་རོ། །"[༥]ཞེས་གསུངས་ཞེས་པ་ནི། བྱང་ཆུབ་ཀྱི་སེམས་དེའི་ཕན་ཡོན་དང་བསྔགས་པ་ཞེས་པ་ཚད་གཞལ་དུ་མེད་པ་དེ་དག་གི་སྐོར་ལ། བློ་ཤེས་རབ་དང་ལྡན་པའི་བྱམས་མགོན་ཞེས་པ་འདི་ནི་བྱང་ཆུབ་སེམས་དཔའ་ཞིག་རེད། དེས་སྡོང་པོ་བཀོད་པའི་མདོ་ཞེས་པ་དེའི་ནང་དུ་བྱང་ཆུབ་སེམས་དཔའ་གཞོན་ནུ་ནོར་བཟང་ལ་ལུང་སྒྲ་ཇི་བཞིན་པར་བཤད་པ་ཡིན་པས་དེའི་ཕྱིར་རོ་ཞེས་པ་ཞིག་རེད། ཕྱིར་རོ་ཞེས་པ་ནི་དེའི་རྒྱུ་མཚན་རེད། བྱམས་མགོན་གྱིས་ནོར་བཟང་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་རིགས་ཁག་རྒྱས་པར་གསུངས་པ་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།