བྱང་ཤམྦྷ་ལ་སོགས་རི་གླིང་འགའི་ངོས་འཛིན་སྦས་ཡུལ་ཞིང་ལ་བལྟ་བའི་རྒྱང་ཤེལ་

ཡོང་ཁུངས་Wikipedia


ཁུ་ནུ་རི་བོའི་རི་རྒྱུད་དམ་བྱང་ཤམ་བྷ་ལའི་གནས་ཡུལ

༄༅༎   བྱང་ཤམྦྷ་ལ་སོགས་རི་གླིང་འགའི་ངོས་འཛིན་སྦས་ཡུལ་ཞིང་ལ་བལྟ་བའི་རྒྱང་ཤེལ་ཞེས་བྱ་བ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། གཏམ་འདིའི་བརྗོད་བྱ་ལ་གསུམ་སྟེ།  བྱང་ཤམྦྷ་ལའི་ངོས་འཛིན་དང་།   རི་ཡི་རྒྱལ་པོ་རི་རབ་ཀྱིས་མཚོན་སའི་སྟེང་འོག་གི་གནས་འགའི་གསལ་བཤད་དང་།   རྔ་ཡབ་སྲིན་པོའི་ཡུལ་གླིང་བཤད་པ་སྟེ་གསུམ་ལས།  དང་པོ་ལ་གསུམ་སྟེ།  བྱང་ཤམྦྷ་ལའི་གནས་ངོས་བཟུང་བ།  དེ་ལ་དོགས་པ་བསལ་བ།  དམ་པ་གོང་མ་དག་གི་གསུང་སྒྲོས་བཀོད་པའོ། ། དང་པོ་ནི།    དེ་ལ་གངས་རིའི་ཕྲེང་བ་ཚར་དུ་དངར་བའི་གོང་གི་པར་རིས་འདི་ན་གསལ་བའི་མཛེས་ལྗོངས་འདི་ནི་བྱང་ཤམྦྷ་ལའི་ཡུལ་གླིང་ཞེས་པ་དེ་ཡིན་དགོས་འདུག   དེ་ལ་ཡུལ་འདི་ཉིད་ད་ལྟའི་སའི་ཆ་གང་དུ་ཡོད་ན།  མངའ་རིའི་གངས་ཏི་སེའི་བྱང་ཕྱོགས་ཤིན་ཅང་ངམ་ལི་ཡུལ་གྱི་སའི་ལྷོ་ནུབ་ཀྱི་རྒྱུད་དུ།  ནུབ་པ་ཅི་སི་ཐན་དང་འབྲེལ་བའི་ཁུ་ནུ་རི་བོའི་(喀喇昆仑山.昆仑山)རི་རྒྱུད་ཅེས་རིང་ཚད་ལ་སྤྱི་ལེ་བརྒྱད་བརྒྱར་ཉེ་བ་དང་སྟོང་གཉིས་ལྷག་ཡོད་པའི་གངས་རིའི་རི་རྒྱུད་ཆེན་པོ་གཉིས་ཡོད་པའི་ཡུལ་ལྗོངས་དེ་ལ་ངོས་འཛིན་རྒྱུ་ཡིན་ནོ། །གངས་རིའི་ཡུལ་ལྗོངས་འདིའི་ཞེང་ཚད་ལ་སྤྱི་ལེ་བཞི་བརྒྱར་ཉེ་བ་ཙམ་རེ་ཡོད་པ་ཡིན་ལ།  རི་རྩེ་ཐམས་ཅད་ཁ་བའི་གཡོགས་ཤིང་མཐོ་ཚད་མཚོ་ངོས་ནས་སྨི་བརྒྱད་སྟོང་བདུན་བརྒྱ་ནས་དྲུག་སྟོང་བར་གྱི་གངས་རི་ཆེན་པོ་ལྔ་དྲུག་ཙམ་གྱི་རྒྱུད་དུ་གངས་ཆུང་མཐའ་མི་མངོན་པ་དུ་མས་བསྐོར་བ་དང་།  རི་ཞོལ་ཐམས་ཅད་སྤང་ལྗོངས་དང་ནགས་ཚལ་ཆུ་བོ་དུ་མས་བརྒྱན་པའི་མཛེས་ལྗོངས་དང་ཕྱོགས་འགའ་རེ་ན་བྲག་ཕྲང་དང་གཅོང་རོང་ངམ་གྲོག་ལ་སོགས་པའི་བཀོད་པ་སྣ་ཚོགས་ཡོད་པ་སྟེ།  ཞིབ་ཏུ་ཤེས་པར་འདོད་ན་བརྙན་པར་དང་ས་བཀྲ་རྒྱས་པ་རྣམས་སུ་བལྟ་བར་བྱའོ། །འོ་ན་ཡུལ་འདི་བྱང་ཤམྦྷ་ལའི་གནས་དེ་ཡིན་པའི་རྒྱུ་མཚན་གང་ཡོད་ཟེར་ན། འདི་ལྟར་ལགས་ཏེ། དེ་ཡང་འཛམ་གླིང་ཆུང་ངུ་དེ་ལ་དུམ་བུ་དྲུག་ཏུ་བཅད་པའི་བྱང་ཤམྦྷ་ལའི་ཡུལ་ཟེར་བ་དེ་ངོས་འཛིན་སྐབས་དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་ལས།  དུམ་བུ་གཅིག་ལ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་སྟེ་གཡས་ཀྱི་ཕྱེད་ལ་ཤམྦྷ་ལར་གྲགས་པ། །ཞེས་པའི་སྐབས་ཀྱི་གཡས་ཀྱི་ཕྱེད་དམ་གཡོན་ཕྱོགས་དེ་ནི་ཆུ་བོ་ཤཱི་ཏའམ་སི་ཏཱའི་ཕ་རོལ་གྱི་སའི་ཆ་ལ་ངོས་འཛིན་རྒྱུ་ཡིན་པར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དུ་མ་མཐུན་པར་ཡོད་དེ།  འཇམ་མགོན་མི་ཕམ་རིན་པོ་ཆེའི་དུས་འཁོར་འགྲེལ་ཆེན་ལས་ཀྱང་སྐབས་དེར་འདི་ལྟར་གསུངས་ཏེ།  དེ་ལྟ་བུའི་ཤམྦྷ་ལའི་ཡུལ་དེ་འཛམ་གླིང་ཆུང་ངུ་འདིའི་ཕྱོགས་གང་ན་ཡོད། མིང་ཅི་ཞིག་ཡིན། གྲོང་ཅི་ཙམ་ཡོད། བདག་པོ་ཇི་ལྟ་བུ་གནས་ཞེ་ན་གསུངས་པ། ཆུ་བོ་ཤཱི་ཏ་འབབ་པ་ཚུན་ཆོད་གཡས་དང་།  དེ་ཕན་ཆད་གཡོན་དུ་བྱས་ཏེ་འཛམ་གླིང་ཆུང་ངུའི་ས་འདི་དུམ་བུ་གཉིས་སུ་ཕྱེད་མར་བྱས་པ་ནི་གླིང་འདིའི་ཤར་ལ་མདུན་དུ་བརྩིས་ཤིང་ནུབ་ལ་རྒྱབ་ཏུ་བྱས་པའི་ཚུལ་གྱིས་ལྷོ་ལ་གཡས་དང་བྱང་ལ་གཡོན་ཞེས་རྒྱུད་འདིར་དུ་མར་གསུངས་པ་ལྟར་བྱས་ནས།  གཡས་ཀྱི་ཕྱེད་ཅེས་བརྗོད་ན་ས་ལ་གཡས་གཡོན་གྱི་ཆ་གཉིས་སུ་བགོས་པའི་ཕྱེད་གཡོན་པར་གོ་བ་ཡིན་པས་ཆུ་བོ་ཤཱི་ཏའི་བྱང་ན་ཤམ་བྷ་ལ་ཡོད་ཅེས་པའི་དོན་དུ་འགྱུར་ཏེ།  ཆུ་བོ་ཤཱི་ཏ་དབུས་སུ་བྱས་པའི་ཕྱེད་ཀྱི་ཆ་ཡི་ཕྱོགས་སུ་ཤམྦྷ་ལའི་ཡུལ་ཡོད་ཀྱང་འཛམ་གླིང་གི་ཕྱེད་ཆའི་ས་ཁྱོན་ཡིན་མི་དགོས་སོ། །ཞེས་སོགས་གསུངས་པ་དང་།  གཞན་ཡང་འགྲེལ་ཆེན་དྲི་མེད་འོད་ལས་ཀྱང་།   ལོ་དེ་ནས་ལོ་དྲུག་བརྒྱ་ན་ཆུ་བོ་ཤཱི་ཏའི་བྱང་ཤམྦྷ་ལ་ཞེས་བྱ་བའི་ཡུལ་དུ་གྲགས་པ་ཞེས་པ་ནི་ལུང་གི་བརྗོད་པ་སྟེ་འཇམ་དཔལ་གྲགས་པ་ཆེན་པོ་གསལ་བར་འབྱུང་།  ཞེས་གསུངས་པས་ཀྱང་ཆུ་བོ་སི་ཏཱའི་བྱང་དེ་ན་ཤམྦྷ་ལ་ཡོད་ཚུལ་དང་།  གཞན་ཡང་འགྲེལ་ཆེན་འདིའི་སྐབས་དུ་མར་ཆུ་བོ་ཤཱི་ཏའི་བྱང་དེ་ཤམྦྷ་ལ་ཡིན་པའི་གསུང་མང་པོ་ཡོད་དོ། །དེས་ན་དུས་འཁོར་འགྲེལ་བ་དག་ན་ཡོད་པའི་ཆུ་བོ་ཤཱི་ཏ་དང་སི་ཏཱ་གཉིས་ནི་མིང་ཙམ་ལས་དོན་གཅིག་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་སོགས་ལས་བྱུང་བ་ལྟར་ཡིན་དགོས་ཏེ།   ཆུ་དེའི་མིང་ལ་ཆུ་བོ་དཀར་པོ་ཞེས་འདོགས་ལ་ཤཱི་ཏ་དང་སི་ཏཱ་གཉིས་ཀ་དཀར་པོའི་མིང་དུ་གཅིག་པས་སོ། །ཆུ་བོ་སི་ཏཱ་ནི་གངས་ཏི་སེའི་ཕྱོགས་བཞི་ན་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་ཡོད་པ་ལས་བྱང་སེངྒེ་ཁ་འབབ་ཀྱི་ཆུ་བོ་ཏི་སེའི་བྱང་རྒྱུད་ནས་བབས་ཏེ་བྱང་ནས་ནུབ་པ་ཅི་སི་ཐན་གྱི་ཡུལ་བརྒྱུད་ནས་རྒྱ་མཚོ་ཆེན་པོར་ཞུགས་པ་འདི་གཅིག་པུ་ལས་གཞན་སི་ཏཱ་གཉིས་པ་ཞིག་འཛམ་གླིང་འདིར་མེད་པས་སི་ཏཱའི་བྱང་རྒྱུད་ཀྱི་གངས་རིའི་ཡུལ་ལྗོངས་ཆེན་པོ་དེ་ཤམྦྷ་ལའི་གནས་ཞེས་གྲགས་པའི་ཡུལ་དེ་ཡིན་པ་ལ་ཐེ་ཚོམ་དང་དོགས་པ་གང་ཡང་མེད་སྙམ་མོ། །དེ་ལ་དཔལ་ལྡན་དུས་ཀྱི་འཁོར་ལོ་ལས་གསུངས་པའི་བྱང་ཤམྦྷ་ལའི་ཞིང་གི་བཀོད་པ་དེ་ནི་ཇི་ལྟ་བུ་ཞིག་ཡིན་ན།  འཇམ་མགོན་མི་ཕམ་རིན་པོ་ཆེའི་དུས་འཁོར་འགྲེལ་ཆེན་ལས་འདི་ལྟར་གསུངས་ཏེ།  དེ་ཡི་དབུས་ན་ཀཻ་ལ་ཤ་ཡི་རི་བོ་ཟླུམ་པོ་སྟེང་གི་ཐེལ་ཆེ་ཞིང་ཤིན་ཏུ་ཡངས་པའི་དབུས་ན་ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་ཕོ་བྲང་ཀ་ལཱ་པ་ཞེང་དུ་དཔག་ཚད་བཅུ་གཉིས་ཡོད་དོ། །ཕོ་བྲང་དེ་ཡི་མདུན་ལྷོའི་ཕྱོགས་ཀྱི་དབུས་ན་མ་ལ་ཡའི་སྐྱེད་མོས་ཚལ་དཔག་ཚད་བཅུ་གཉིས་པའི་དབུས་སུ་རྒྱལ་པོ་ཟླ་བ་བཟང་པོས་བཞེངས་པའི་དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་ཡོད་ཅིང་།  སྐྱེད་ཚལ་དེའི་ཤར་ན་ཉེ་བའི་ཡིད་ཀྱི་མཚོ་དང་། ནུབ་ན་པདྨ་དཀར་པོའི་མཚོ་གཉིས་ཀ་རྒྱར་དཔག་ཚད་བཅུ་གཉིས་པའོ། །ཕོ་བྲང་དེའི་འཁོར་དུ་གཏོགས་པའི་གྲོང་བྱེ་བ་ཕྲག་གཅིག་སྟེ། དེ་ཐམས་ཅད་གནས་པའི་ཁྱོན་ཡངས་པ་དེའི་མཐའ་རི་དང་ནགས་ཚལ་གྱིས་བསྐོར་བའི་རི་རྣམས་ཀྱི་རྩེ་མོར་གངས་ཀྱི་རི་དང་བཅས་པའོ། །དེ་ལྟར་ན་དབུས་སུ་ཀཻ་ལ་ཤ་ཞེས་པ་གངས་རི་གཅིག་གི་རྩེ་ན་ཕོ་བྲང་ཡོད་པ་ལྟ་བུའི་རྒྱ་ཆུང་ངུར་བསམ་པར་མི་བྱ་སྟེ།  ཤམྦྷ་ལའི་ཡུལ་གྱི་ཆགས་ལུགས་པདྨ་འདབ་བརྒྱད་ལྟ་བུ་དེ་ཡི་སུམ་ཆའི་ཚད་ཀྱི་ས་ཡི་ལྟེ་བ་ཟེའུ་འབྲུའི་ཚུལ་དུ་གྱེན་དུ་མཐོ་བའི་རྩེ་དབུས་ན་ཕོ་བྲང་དང་དེའི་ཕྱོགས་ཀྱི་གྲོང་རྣམས་གནས་པའི་མཐའི་རི་རྣམས་ཀྱི་རྩེ་མོ་གངས་རིས་བསྐོར་བས་ན་ཀཻ་ལ་ཤ་ཞེས་བཏགས་པ་སྟེ།   མཆོག་གི་གངས་རི་ཡིས་ནི་ཕྱོགས་རྣམས་ཀུན་ཏུ་བསྐོར་བའོ། །ཞེས་སོགས་གསུངས་པ་ལྟར་དང་།  གཞན་ཡང་གླིང་འདིའི་ས་ཁྱོན་ལ་དབུས་ཕོ་བྲང་ཀ་ལཱ་པ་ནས་མཐའི་གངས་རི་ལ་ཐུག་གི་བར་དཔག་ཚད་སྟོང་ཕྲག་གཉིས་ཙམ་རེ་ཡོད་པ་དང་།  མཐའ་ཐམས་ཅད་གངས་རིས་བསྐོར་བའི་ནང་དུ་གྲོང་ཁྱེར་ཆེན་པོ་བྱེ་བ་དགུ་བཅུ་གོ་དྲུག་དང་།  དེ་ན་གནས་པའི་གང་ཟག་ཐམས་ཅད་ཀྱང་དཔལ་ལྡན་དུས་ཀྱི་འཁོར་ལོའི་ཆོས་ལ་བརྟེན་ནས་རིག་པ་འཛིན་པའི་ཡོན་ཏན་ལ་མངའ་བརྙེས་པ་ཤ་སྟག་ཡིན་ཚུལ་སོགས་སྣོད་བཅུད་དང་ཕོ་བྲང་གི་བཀོད་པ་རྒྱས་པར་ཤམྦྷ་ལའི་ཞིང་བཀོད་དང་སྨོན་ལམ་སོགས་སུ་གསལ་བ་ལྟར་རོ། །  ༈ གཉིས་པ་དོན་དེ་ལ་ཐེ་ཚོམ་དང་དོགས་གནས་འགའ་ཞིག་བསལ་བ་ལ།  ཤམྦྷ་ལ་གོང་ལྟར་ངོས་བཟུང་བ་ལ་ཡུལ་དྲུག་གི་གོ་རིམ་མི་འཐད་པ་དང་།  ཞིང་བཀོད་དང་མི་འགྲིགས་པ་དང་།  ཤམྦྷ་ལའི་ལམ་ཡིག་དག་དང་མི་མཐུན་པའི་དོགས་གནས་རྣམས་རིམ་བཞིན་བསལ་བ་ལ།  དང་པོ་ནི།   འདི་སྙམ་དུ་བྱང་ཤམྦྷ་ལ་དེ་ནི་ལི་ཡུལ་གྱི་བྱང་དུ་ཡོད་དགོས་པ་ལ་གོང་ལྟར་བཤད་ཚེ་ལི་ཡུལ་གྱི་ལྷོ་ནུབ་ཀྱི་ཕྱོགས་སུ་ངོས་བཟུང་འདུག་པས་དུས་འཁོར་ནས་བཤད་པའི་ཡུལ་དྲུག་གི་གོ་རིམ་དང་མི་མཐུན་པས་མི་འཐད་ཅེ་ན།  འདི་ལྟར་ཡིན་ཏེ།  དེ་ལ་དུས་འཁོར་དུ་རྒྱ་གར་ནས་ལྷོ་བྱང་དུ་ཤར་ནུབ་བར་འཕྲེད་ཐིག་རིམ་པ་དྲུག་བཀོད་ནས་དེ་དག་ཏུ་རིམ་བཞིན་འཕགས་ཡུལ་དང་།  བོད་དང་།  ལི་དང་།  རྒྱ་ནག་དང་།  རྒྱ་ནག་ཆེན་པོ།  ཤམྦྷ་ལའམ་ཀཻ་ལ་ཤ་སྟེ་དྲུག་ཏུ་བྱས་ཡོད་ཅིང་དེ་དག་འཕགས་ཡུལ་ནས་དྲང་ཐད་བྱང་དང་ཡང་ན་བྱང་ཤར་ནུབ་བྱང་སོགས་བྱང་གི་མིང་ཐོགས་ཙམ་རེ་ན་ཡུལ་དེ་དག་གི་སའི་སྣེ་རེ་ཡོད་པས་ཆོག་པ་ལས།  དངོས་སུ་ཡུལ་དྲུག་པོ་དེ་དག་རྡོ་བསྒྲིགས་པ་ལྟར་བྱང་དུ་དྲང་པོར་མེད་པ་ནི་སྔོན་ཞིག་ཡིན་ན་ཡུལ་ཆེན་པོ་དག་གི་བཀོད་ཚུལ་སོགས་བློས་དཔྱད་པ་བཏང་ནས་འཇོག་རྒྱུ་ལས་འོས་མེད་ཀྱང་དེང་སང་ནི་ས་ཁྲའི་རི་མོའི་ཐོག་ན་ཤིན་ཏུ་གསལ་བས་མངོན་སུམ་གྱིས་གྲུབ་པ་འདི་ལགས་སོ། །བཤད་ཚུལ་འདི་ཡང་མཁས་གྲུབ་རྗེ་དང་འཇམ་མགོན་མི་ཕམ་རིན་པོ་ཆེ་རྣམས་ཀྱི་དུས་འཁོར་གྱི་འགྲེལ་ཆེན་དག་གི་དགོངས་པ་ཡང་ཡིན་ལ།   དེ་ལྟར་བྱས་ཚེ་ཤམྦྷ་ལའི་ཡུལ་དེ་ལི་ཡུལ་གྱི་ཕྱོགས་འགའི་ལྷོ་ནུབ་ལ་ཐུག་ཡོད་ཀྱང་རིགས་ལྡན་གྱི་ས་ཁྱོན་དེ་ནི་དེ་ན་གནས་པའི་རིག་པ་འཛིན་པ་དག་གི་གཟིགས་སྣང་ལྟར་ན་དཔག་ཚད་སྟོང་ཕྲག་དུ་མ་སྟེ་ཤིན་ཏུ་ཆེ་བ་ཞིག་ཡིན་པས་ལི་ཡུལ་དང་རྒྱ་ནག་སོགས་ཀྱི་བྱང་ཕྱོགས་ན་ཡང་དེ་ཡི་སའི་ཕྱོགས་རེ་ཡོད་པས་སྐྱོན་མེད་ལ།  གཞན་དུ་ན་བོད་དང་རྒྱ་ནག་ལི་ཡུལ་རྣམས་ཀྱང་ཤར་ནུབ་ཏུ་ཆགས་ཡོད་པ་ལས་བྱང་ནས་བྱང་དུ་མེད་པས་དེ་ཡང་མི་འཐད་པར་འགྱུར་རོ། །དོགས་པ་གཉིས་པ་བསལ་བ་ལ།  ཡང་འདི་སྙམ་དུ་བྱང་ཤམྦྷ་ལའི་ཞིང་ཁམས་ཟེར་བ་དེ་ཞིང་བཀོད་དང་སྨོན་ལམ་སོགས་སུ་གསལ་བ་ལྟར་ན་གྲོང་ཆེན་པོ་བྱེ་བ་དུ་མ་དང་།  དབུས་ན་ཕོ་བྲང་ཀ་ལཱ་པ་དང་དཔལ་ལྡན་དུས་ཀྱི་འཁོར་ལོའི་བློས་བསླང་སོགས་ཞིང་ཁམས་ཀྱི་བཀོད་པ་ཁྱད་པར་དུ་འཕགས་པ་མང་པོ་ཡོད་ཅིང་།  དེ་ན་དཔལ་ལྡན་དུས་ཀྱི་འཁོར་ལོ་ཉམས་སུ་ལེན་པའི་རིག་པ་འཛིན་པའི་ཚོགས་དཔག་ཏུ་མེད་པ་ཞིག་བཞུགས་ཡོད་དགོས་རྒྱུ་ལ།  གོང་དུ་ངོས་བཟུང་བའི་ཡུལ་དེ་ནི་གངས་རིའི་ཕྲེང་བ་དུ་མ་བསྒྲིགས་པའི་ཡུལ་ས་སྟོང་ཞིག་ལས་གང་ཡང་མཐོང་རྒྱུ་མེད་པས་མི་འཐད་ཅེ་ན།   འདི་ལྟར་ལགས་ཏེ།  དེ་ལ་དུས་འཁོར་དང་ཤམྦྷ་ལའི་ཞིང་བཀོད་སོགས་སུ་གསུངས་པའི་སྣོད་བཅུད་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་ཞིང་དེའི་གདགས་གཞིའམ་ཞིང་དེ་གང་དུ་ཡོད་པའི་སའི་ཕྱོགས་དེ་ནི་གོང་དུ་བཤད་པའི་གངས་ཀྱི་ཡུལ་ལྗོངས་དེ་ཡིན་ཞེས་བཤད་དགོས་པ་ལས།  ཞིང་དེའི་ཁྱད་པར་ཡ་མཚན་ཞིང་ཡིད་སྨོན་གྱི་གནས་སུ་གྱུར་པ་དེ་དག་ནི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་རིག་པ་འཛིན་པ་དག་གི་སྤྱོད་ཡུལ་དུ་གྱུར་པ་ལས།  ང་ཅག་ཐ་མལ་པའི་སྐྱེ་བོ་རྣམས་ཀྱི་མཐོང་ཡུལ་དུ་མི་མངོན་པ་ནི་འདི་ཙམ་དུ་མ་ཟད་ལྷ་དང་ཀླུ་གཞི་བདག་མི་མ་ཡིན་གྱི་གནས་སོགས་ས་སྤྱོད་ཀྱི་ཞིང་དང་གནས་ཡུལ་གྱི་བཀོད་པ་དུ་མ་ཞིག་གི་སྤྱི་མཐུན་དུ་གྱུར་པའི་ཁྱད་པར་ཞིག་ཡིན་པས་སྐྱོན་མེད་དོ། །  དོགས་པ་གསུམ་པ་བསལ་བ་ལ།   དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་བསྒྱུར་བའི་འཕགས་པ་དོན་ཡོད་ལྕགས་ཀྱུས་མཛད་པའི་ལམ་ཡིག་དང་།  པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཤམྦྷ་ལའི་རྣམ་བཤད་དང་།  མན་ལུང་གུ་རུའི་ལམ་ཡིག་སོགས་སུ་བལྟས་ན་ཆུ་བོ་སི་ཏཱ་བརྒལ་ནས་ཤམྦྷ་ལར་སླེབ་པའི་བར་ལ་གནས་མི་འདྲ་བ་སུམ་ཅུ་ལྷག་དང་དཔག་ཚད་སྟོང་ཕྲག་དུ་མ་ཡོད་ཚུལ་དང་།  ལམ་ཐག་ཀྱང་ཟླ་བ་དྲུག་གམ་ལོ་འཁོར་སོགས་སུ་འགོར་བར་གསུངས་ཡོད་པས་ཆུ་བོ་སི་ཏཱའི་ཕ་རོལ་གྱི་གངས་ཀྱི་རི་རྒྱུད་དེ་ཚོ་རིགས་ལྡན་གྱི་གནས་མ་ཡིན་སྙམ་ན།  ལན་ནི་འདི་ལྟར་ལགས་ཏེ།   དེ་ལ་དུས་འཁོར་འགྲེལ་བ་རྣམས་སུ་ཆུ་བོ་སི་ཏཱའི་གཡས་ཀྱི་ཕྱེད་དེ་ནས་བྱང་ཤམྦྷ་ལའི་སའི་གཞི་འཇོག་རྒྱུ་ཡིན་པར་ཤིན་ཏུ་གསལ་བོར་ཡོད་པ་གོང་དུ་བཀོད་པ་ལྟར་ལ།  མཁས་གྲུབ་རྗེ་དང་འཇམ་མགོན་མི་ཕམ་རིན་པོ་ཆེ་རྣམ་པ་གཉིས་ཁ་ལྷོར་བལྟས་ཏེ་ཆུ་བོ་སི་ཏཱ་མདུན་དུ་བཞག་པའི་གཡས་ཀྱི་ཕྱེད་དང་ཆུ་བོ་སི་ཏཱའི་ཕ་རོལ་ལ་གཡས་ཀྱི་ཕྱེད་ཅེས་བཤད་ཚུལ་ཅུང་རེ་མི་འདྲ་བ་ཙམ་ལས་དོན་དུ་སི་ཏཱའི་བྱང་ལ་ཤམྦྷ་ལར་འདོད་པ་ལ་ཁྱད་པར་གང་ཡང་མེད་པས་མཁས་པ་དེ་དག་གི་གསུང་གཞིར་བཞག་ཚེ་ཡུལ་དེ་དག་ཤམྦྷ་ལར་ངོས་མི་འཛིན་ཀ་མེད་ཡིན་པ་དང་།    གལ་ཏེ་ཆུ་བོ་སི་ཏཱའི་བྱང་དུ་དཔག་ཚད་སྟོང་ཕྲག་དུ་མ་བརྒལ་ཚེ་སི་ཏཱའི་གཡོན་ཕྱོགས་ན་ཤམྦྷ་ལ་ཡོད་ཅེས་པའང་མི་འཐད་པར་འགྱུར་ཏེ།   དཔེར་ན་རྨ་ཆུའི་ཕ་རོལ་ནས་ཁ་ཤར་དུ་འཁོར་བའི་གཡོན་ཕྱོགས་ན་རི་རྨ་ཆེན་ཡོད་ཅེས་བཤད་ན་བདེ་བ་ལས་གཡོན་ཕྱོགས་ཀྱི་སྤྱི་ལེ་སྟོང་ཕྲག་ཙམ་བརྒལ་བའི་ཕ་རོལ་ཞིག་ན་ཕྱི་སོག་གི་ཡུལ་དེ་ཡོད་ཀྱང་རྨ་ཆུའི་གཡོན་ན་ཕྱི་སོག་གི་ཡུལ་དེ་ཡོད་ཅེས་བརྗོད་ན་ཤིན་ཏུ་མི་བདེ་བ་བཞིན་དང་།  གཞན་ཡང་ཁུ་ནུ་རི་བོའི་རི་རྒྱུད་ཀྱི་གངས་རི་དེ་ཚོ་བརྒལ་བའི་ཕ་རོལ་ན་བྱང་རྒྱ་མཚོ་ཆེན་པོ་ལ་ཐུག་གི་བར་དུ་དེ་འདྲའི་གངས་རིའི་ཡུལ་ལྗོངས་རྒྱ་ཆེན་པོ་ཞིག་མཛུབ་མོ་འཛུགས་ས་གང་ཡང་མེད་པས་སོ། ། དེས་ན་དོན་ཡོད་ལྕགས་ཀྱུའི་ལམ་ཡིག་ལས་གསུངས་པའི་ཆུ་བོ་སི་ཏཱ་དང་ཀཻ་ལ་ཤའམ་ཤམྦྷ་ལའི་བར་གྱི་ཉ་ཞེས་བྱ་བ་དང་།  སུ་མིན་ཏོ་ཞེས་བྱ་བ་དང་།   བྷ་དྲ་སྱེ་ན་ཞེས་བྱ་བ་ལ་སོགས་པའི་གནས་སུམ་ཅུ་ལྷག་ཙམ་ཞིག་གསུངས་པ་དེ་དག་ཀྱང་བྱང་དུ་རྡོ་བསྒྲིགས་པ་ལྟར་ཡོད་པར་ཡང་མ་ངེས་ཏེ།  དེའི་ཁོངས་སུ་རྒྱ་ནག་དང་རྒྱ་ནག་ཆེན་པོ་རྣམས་ཀྱང་བགྲང་ཡོད་པས་དེས་ན་དེ་དག་ནི་ཤམྦྷ་ལའི་ལམ་དང་སའི་སྣེ་ཙམ་རེ་འབྲེལ་བའི་ཡུལ་དུ་མ་དག་གི་བཀོད་པ་རྣམས་གསུངས་པ་ཡིན་པས།  ཡུལ་དེ་དག་གི་ཞེང་ཚད་རྣམས་ཆུ་བོ་སི་ཏཱ་དང་ཤམྦྷ་ལའི་བར་དུ་བགྲང་ནས་སི་ཏཱ་དང་ཤམྦྷ་ལའི་བར་གྱི་ཁ་ཐག་ཤིན་ཏུ་རིང་བར་གཏོང་རྒྱུ་མིན་པ་དང་།   གཞན་ཡང་ཡུལ་དེ་དག་གི་ནང་དུ་ལྷ་ཀླུ་མི་མ་ཡིན་གྱི་གནས་དུ་མ་ཞིག་གི་ཡུལ་གྱི་བཀོད་པའང་མང་པོ་ཡོད་དེ་ལམ་ཡིག་ཉིད་ལས་ཀྱང་།  གནས་དེ་དག་གི་གནས་བདག་ལྷ་དང་གནོད་སྦྱིན་མི་མ་ཡིན་པ་སྟེ་རྡོ་རྗེ་མཁའ་འགྲོ་མ་དང་འཕགས་པ་བྷྲྀ་ཀུ་ཊི་ཐོར་ཚུགས་གཅིག་མ་དང་གནོད་སྦྱིན་གཏུམ་པོ་སོགས་མཆོད་ཅིང་སྒྲུབ་པ་ལ་བརྟེན་ནས་དངོས་གྲུབ་གྲུབ་སྟེ་འགྲོ་དགོས་ཚུལ་སོགས་གསལ་བོར་གསུངས་པས་སོ། ། དེ་ལྟར་བྱས་ཚེ་ཡུལ་དེ་དག་གི་རྒྱ་ཁྱོན་ལ་དཔག་ཚད་སྟོང་ཕྲག་འགའ་ཡོད་པར་གསུངས་པའང་ཡུལ་དེ་ན་གནས་པའི་རིག་པ་འཛིན་པ་དང་མི་མ་ཡིན་པ་སོགས་ཀྱི་མཐོང་སྣང་ལྟར་གསུངས་པར་གོ་བར་བྱ་དགོས་ཏེ།  དཔེར་ན་མཚོ་མ་དྲོས་པ་ཞེས་པའང་ཆོས་མངོན་པ་འཇིག་རྟེན་གདགས་པའི་བསྟན་བཅོས་ལས་ཆུ་ཞེང་དཔག་ཚད་ལྔ་བཅུ་ཡོད་པ་དང་།  མཐའ་སྐོར་དུ་བཞི་འགྱུར་བྱས་ཚེ་དཔག་ཚད་ཉིས་བརྒྱ་ཡོད་པར་གསུངས་ལ།  དེང་སང་སྤྱི་ལེས་གཞལ་ན་སྤྱི་ལེ་སྟོང་གཅིག་དྲུག་བརྒྱ་ཙམ་སྟེ་མཚོ་སྐོར་གཅིག་ལའང་ཟླ་འགའ་རེ་འགོར་དགོས་པའི་གནས་སུ་སྣང་ཡང་།   དེ་འདྲའི་མཚོ་ཡི་བཀོད་པ་སོགས་ནི་གནས་དེའི་ཀླུ་དང་གཞི་བདག་སོགས་མི་མ་ཡིན་གྱི་གདུལ་བྱ་རྣམས་ལ་སྣང་ཚུལ་ལྟར་གསུངས་པ་ལས།  ང་ཅག་མི་རྣམས་ལ་སྣང་བའི་མཚོ་མ་དྲོས་པ་དེ་ནི་ཆུ་བོ་ཆེན་པོ་བཞིའི་ཆུ་མགོ་མ་ཕམ་གཡུ་མཚོ་དེ་ལ་ངེས་པར་ངོས་འཛིན་དགོས་ཤིང་། དེ་ལ་ནི་རྐང་ཐང་ཉིན་ལམ་གཉིས་ཙམ་གྱིས་འཁོར་ཐུབ་པའི་མཚོ་ཆུང་ཞིག་ལས་ཅི་ཡང་མེད་པ་ལྟར་ཤེས་པར་བྱ་དགོས་སོ། །དེས་ན་ལམ་ཡིག་དག་ལས་བྱང་ཤམྦྷ་ལར་འགྲོ་བ་ལ་ལོ་ཟླ་དུ་མ་འགོར་བ་སོགས་ལམ་ཐག་ཤིན་ཏུ་རིང་བར་གསུངས་པ་རྣམས་དང་།   བྱང་ཤམྦྷ་ལའི་སའི་ཁྱོན་ལ་ཡང་ཆེ་ཚད་ཀྱི་ལུགས་ལྟར་ན་མཐའ་སྐོར་དུ་དཔག་ཚད་སྟོང་ཕྲག་མང་པོ་ཡོད་པར་གསུངས་པས་ཁུ་ནུ་རི་བོའི་གངས་རིའི་གླིང་ཆུང་དེ་འདྲ་ཞིག་གིས་དེའི་གདགས་གཞི་མི་འོང་སྙམ་པ་སོགས་ཀྱི་དོགས་པ་ཡོད་ནའང་བཤད་མ་ཐག་པའི་མ་ཕམ་གཡུ་མཚོ་ལ་འགྲོ་བ་རིགས་སོ་སོའི་རྒྱ་ཆེ་ཆུང་གི་སྣང་ཚུལ་མི་མཐུན་པའི་གཏམ་དེ་ནི་དོགས་གནས་དེ་དག་སེལ་བའི་མདོ་ཚིག་གོ །གཏམ་དེ་འདྲ་རྣམས་ལ་ཡིད་ཆེས་པ་ལ་རྗེ་བཙུན་མི་ལ་གཡག་རྭའི་ནང་དུ་འཛུལ་བའི་རྣམ་ཐར་ནས་བཟུང་སྟེ།  རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་པའི་བར་ལ་དད་པ་ཅུང་ཟད་རེ་ངེས་པར་དགོས་པའམ་ཡང་ན་ཉེ་ཆར་དར་ཁྱབ་ཆེ་བའི་ལྟོས་གྲུབ་རིག་པ་ཞེས་པའི་ཚན་རིག་དེའི་ནང་དུ་དུས་ཀྱི་རིང་ཐུང་དང་ཡུལ་གྱི་ཆེ་ཆུང་སོགས་ནི་དེ་ལས་གཞན་པའི་བསྒྲོད་ཚད་མྱུར་བ་ཞིག་གི་སྡོད་གནས་སུ་སླེབ་ཐུབ་ཚེ་དུས་རིང་པོ་ཐུང་ངུ་དང་ཡུལ་ཆེན་པོ་ཆུང་ངུར་སྣང་བ་སོགས་ཡིན་པས།  དུས་དང་ཡུལ་གྱི་ཚད་ལ་འདི་ཡིན་གྱི་ངེས་བཟུང་བྱེད་མི་ཐུབ་པའི་སྐོར་སོགས་ཀྱིས་བློ་སྒོ་ཅུང་ཟད་རེ་ཕྱེ་དགོས་པར་འདུག་སྙམ་མོ། །   ༈  གསུམ་པ་བྱང་ཤམྦྷ་ལའི་གནས་ཡུལ་ངོས་འཛིན་གྱི་སྐོར་ལ་སྔོན་གྱི་མཁས་གྲུབ་དག་གི་གསུང་ན་ཇི་ལྟར་བཞུགས་ཚུལ་རང་གིས་མཐོང་ཐོས་སུ་གྱུར་པ་རགས་ཙམ་བཀོད་ན་འདི་ལྟར་ལགས་ཏེ།  དེ་ཡང་སྔར་བཤད་པ་ལྟར་དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་དང་འགྲེལ་བཤད་དག་ན་བཞུགས་པ་རྣམས་དང་།  གཞན་ཡང་ཇོ་ནང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་ཤམྦྷ་ལ་དང་ཡུལ་དྲུག་གི་རྣམ་བཞག་དང་།  འཕགས་པ་དོན་ཡོད་ལྕགས་ཀྱུའི་ཤམྦྷ་ལའི་ལམ་ཡིག་རྗེ་བཙུན་ཏཱ་ར་ནཱ་ཐས་བོད་སྐད་དུ་བསྒྱུར་བ་དང་།  གཞུང་གཞན་འགའ་དང་རྗེ་ཤམ་བྷ་ལ་པའི་རྨི་ལམ་གྱི་ལམ་ཡིག་སོགས་ལ་གཞིར་བྱས་ཏེ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་ཤམྦྷ་ལའི་རྣམ་བཤད་སོགས་སུ་བྱང་ཤམྦྷ་ལའི་ཡུལ་གྱི་བཀོད་པ་དང་གནས་དེར་ཇི་ལྟར་བསྒྲོད་ཚུལ་ལམ་གྱི་ཉེ་རིང་ཤིན་ཏུ་རྒྱས་པ་རེ་གསུངས་ཡོད་ཀྱང་།  དོན་དུ་ད་ལྟའི་སའི་གནས་བབས་ལ་གཞིགས་ན་ཡུལ་འདི་ལ་ཟེར་སྙམ་པའི་མིང་དོན་ངོ་འཕྲོད་ཐུབ་པ་ནི་དུས་འཁོར་རྒྱུད་འགྲེལ་དག་ན་སྔར་བཀོད་པ་ལས་གསལ་བ་ཞིག་མེད་སྙམ་མོ། །གཞན་ཡང་གྲུབ་ཐོབ་ཆེན་པོ་མན་ལུང་གུ་རུ་ཤམྦྷ་ལ་སོགས་གནས་ཡུལ་འགར་ཕེབས་པའི་ལམ་ཡིག་ཆུང་ངུ་ཞིག་ཏུ་ཤམྦྷ་ལ་ཞེས་པ་དེ་སྟོད་ཧོར་རམ་ཤིན་ཅང་དང་།  སོག་པོ།  ཁམས་ཀྱི་རྒྱལ་པོ་ཞིག་གི་སའི་ཆ་སྟེ་དེ་གསུམ་གྱི་སྤྱི་མིང་ཞིག་ཡིན་ཚུལ་དང་།  ཤམྦྷ་ལའི་གངས་རིའི་གནས་ཀྱི་བཀོད་པ་སོགས་གསུངས་ཡོད་དོ། ། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་རྣམ་ཐར་འཇམ་མགོན་ཀོང་སྤྲུལ་གྱིས་མཛད་པ་ལས།  རྗེ་དེ་ཉིད་ཀྱིས་འཇམ་མགོན་མི་ཕམ་རིན་པོ་ཆེ་ལ་དག་སྣང་དུ་བྱང་ཤམྦྷ་ལར་བྱོན་ཚུལ་ཞིག་གསུངས་པའི་ནང་དུ་ཤམྦྷ་ལ་ཟེར་བ་དེ་ལ་གཡའ་རི་དང་བྲག་རིས་བསྐོར་བའི་ཤམྦྷ་ལ་ཆུང་བ་སྟེ། ཡུལ་དེ་ནི་དོན་དུ་བོན་པོ་རྣམས་ཀྱིས་བཤད་པའི་སྟག་གཟིག་འོལ་མོ་ལུང་རིང་ཟེར་བ་དེ་ལ་ངོས་འཛིན་རྒྱུ་ཡིན་པ་དང་།  ཡུལ་དེ་ནས་བསྒྲོད་དཀའ་བའི་ལམ་ནས་ཕྱིན་ན་གངས་རིའི་བསྐོར་བའི་ཤམྦྷ་ལ་ཆེ་བར་སླེབ་ཚུལ་སོགས་གསུངས་ཡོད་ལ།  དེ་བཞིན་དུ་བོན་གྱི་མཁས་གྲུབ་ཆེན་པོ་ཤར་རྫ་འཇའ་ལུས་པ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་ལས་ཀྱང་།    སྟག་གཟིག་འོལ་མོ་ལུང་རིང་དང་བྱང་ཤམྦྷ་ལ་གཉིས་གཅིག་ཡིན་པར་གསུངས་ཡོད་ལ།  མཁས་གྲུབ་ཆེན་པོ་དེ་གསུམ་གྱི་གསུང་ལ་ཞིབ་ཏུ་བསམ་ན་ཕལ་ཆེར་མངའ་རིའི་ནུབ་བྱང་གི་ཕྱོགས་དེ་ཚོ་ལ་ངོས་བཟུང་འདུག་སྙམ་པ་ལྟ་བུ་ཡོད་དོ།།  དེ་ལས་གཞན་བཙན་པོ་སྐུ་ཕྲེང་བཞི་པ་བསྟན་འཛིན་ཕྲིན་ལས་ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ཀྱི་ནང་དུ་བྱང་ཤམྦྷ་ལའི་ཞིང་ཁམས་དངོས་དེ་ནི་སྤྲུལ་པའི་ཞིང་ཁམས་ཞིག་ཡིན་ལ།  ང་ཅག་འགྲོ་བ་མི་རྣམས་ལ་སྣང་བའི་རིགས་ལྡན་གྱི་གནས་དེ་ནི་ཕེ་རིང་ཞེས་པ་སྟེ་བྱང་ཨུ་རུ་སུའི་ཕྱོགས་ཞིག་ལ་ངོས་བཟུང་ཡོད་པ་འདི་ནི་གོང་དུ་བཀོད་པའི་ཤམྦྷ་ལའི་ལམ་ཡིག་འགའ་ལས་ཆུ་བོ་སི་ཏཱ་ནས་ཤམྦྷ་ལའི་མཐའི་བར་ལ་ཡང་དཔག་ཚད་སྟོང་ཕྲག་དུ་མ་ཡོད་པ་སོགས་སྒྲ་ཇི་བཞིན་པ་བྱས་པའི་དབང་གིས་དེ་ལྟར་ངོས་འཛིན་དགོས་བྱུང་བ་འདྲ་སྙམ་མོ། ། མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པའི་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས།  ཕྱི་རོལ་རིག་བྱེད་སྨྲ་བ་ཁྱབ་འཇུག་ལྷར་འཛིན་པ་དག་གིས་ཀྱང་ཁྱབ་འཇུག་རིགས་ལྡན་དུ་སྤྲུལ་ནས་མ་འོངས་པར་ཀླ་ཀློ་རྣམས་འདུལ་ཚུལ་དང་།   རིགས་ལྡན་གྱི་གནས་ཕོ་བྲང་ཀ་པཱ་ལ་ཞེས་པ་དེ་ནི་བོད་ཡུལ་མངའ་རིས་ཀྱི་ཕྱོགས་སུ་འཚོལ་ཞིབ་བྱེད་ཀྱིན་ཡོད་ཅེས་གསུངས་འདུག་པ་དང་།  གཞན་ཡང་མངའ་རིས་བྱང་ཕྱོགས་ཁུ་ནུ་རི་བོའི་གངས་ལྗོངས་ཆེན་པོ་དེ་ནི་རྒྱ་ནག་ཏོ་ཅོའི་ཆོས་ལུགས་པ་རྣམས་ཀྱིས་ཀྱང་སྔར་གྱི་དྲང་སྲོང་ཚེ་ལ་དབང་བ་དག་གི་བཞུགས་གནས་སུ་ངོས་བཟུང་ནས་ཏོ་ཅོའི་ཆོས་ལུགས་ཀྱི་གནས་ཆེན་ཁྱད་པར་ཅན་ཞིག་ཏུ་བརྩི་བ་སྟེ།   དེ་ལྟར་ལོ་རྒྱུས་རིང་ཞིང་སྙན་པ་ཆེ་བའི་འཛམ་གླིང་གི་གནས་ཆེན་པོ་ཐམས་ཅད་ཀྱང་མཚུངས་པར་ཆོས་ལུགས་འདྲ་མིན་ལ་དད་པ་བྱེད་མཁན་དག་གིས་རང་རང་གི་དད་པའི་གནས་ཡུལ་ཁྱད་འཕགས་ཞིག་ཏུ་བརྩིས་ནས་ལོ་རྒྱུས་དང་གཏམ་རྒྱུད་མང་པོ་རེ་སྨྲ་རྒྱུ་ཡོད་པ་ནི་ལྷོ་ཕྱོགས་སིངྒ་ལའི་གླིང་གི་རི་མ་ལ་ཡ་དང་།  ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་གྱི་གངས་རིའི་གནས་ཆེན་དང་།  གངས་རི་ཆེན་པོ་ཏི་སེ་སོགས་ཐམས་ཅད་ཀྱང་མཚུངས་པ་སྟེ།  རིགས་ལྡན་སྤྲུལ་བའི་གནས་ཡུལ་ཆེན་པོ་དེ་ཡང་བན་བོན་མུ་སྟེགས་སོགས་འཛམ་གླིང་ཤར་ཕྱོགས་པའི་ཆོས་ལུགས་པ་ཀུན་གྱིས་མཐོང་ཆེན་དང་ཡིད་སྨོན་བྱེད་པའི་སྦས་ཡུལ་གྱི་གནས་མཆོག་ཁྱད་པར་ཅན་ཞིག་ཏུ་སོང་ཡོད་པ་ཡིན་ནོ། ། ༈ གཉིས་པ་རི་ཡི་རྒྱལ་པོ་རི་རབ་དང་སའི་སྟེང་འོག་གི་གནས་འགའི་གསལ་བཤད་ཉུང་བསྡུས་ཙམ་འབྲི་ན།  སྔོན་དུ་འགྲོ་བའི་གཏམ་དང་།  རི་རབ་སོགས་ངོས་བཟུང་བ།  དེ་ལ་དོགས་པ་བསལ་བ།  དེས་མཚོན་ནས་སའི་སྟེང་འོག་གི་གནས་འགའ་ཞིག་བཤད་པ་སྟེ་བཞི་ལས།  དང་པོ་ནི།   དེ་ཡང་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་དྲི་མ་མེད་པ་མདོ་སྡེ་པདྨ་དཀར་པོ་དང་དྲན་པ་ཉེར་བཞག་སོགས་དང་།  ཉན་ཐོས་མོའུ་འགལ་གྱི་བུས་མཛད་པའི་ཆོས་མངོན་པའི་ཚིག་བཅད་དག་གི་དོན་རྒྱས་པར་བཀྲལ་བ་འཇིག་རྟེན་གདགས་པའི་བསྟན་བཅོས་དང་།  དེ་དག་གི་དོན་བསྡུས་པ་ཆོས་མངོན་པ་མཛོད་སོགས་སུ་ང་ཅག་འཇིག་རྟེན་འདིའི་ས་ཆེན་པོའི་དཀྱིལ་ན་རི་ཡི་རྒྱལ་པོ་རི་རབ་ཅེས་བྱ་བ་ཤར་དངུལ།  ལྷོ་བཻཌཱུརྱ།  ནུབ་པདྨ་རཱ་ག  བྱང་གསེར་ཏེ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ།   མཐོ་ཚད་ལ་རྒྱ་མཚོའི་སྟེང་ནས་རྩེ་མོའི་བར་དཔག་ཚད་བརྒྱད་ཁྲི་ཡོད་པ་ཞེང་ཚད་ལའང་དེ་དང་མཚུངས་པའི་གྲུ་བཞི་པ་ཞིག་དང་།   དེ་ཡི་མཐའ་སྐོར་དུ་ཆུ་ཡན་ལག་བརྒྱད་ཀྱིས་གང་བའི་རོལ་བའི་མཚོ་བདུན་དང་།  དེ་དག་གི་བར་རྣམས་ན་རི་གཉའ་ཤིང་འཛིན་ནས་མཐའ་མུ་ཁྱུད་འཛིན་རིའི་བར་རི་མཚོ་ཀུན་གྱི་ཞིང་ཚད་ལ་དཔག་ཚད་འབུམ་གཉིས་ལྷག་ཡོད་ཚུལ་གསུངས་ཡོད།   དེ་འདྲའི་གསུངས་དེའི་རི་དང་མཚོ་ཡི་ཚད་སོགས་ང་ཚོའི་སའི་གོ་ལ་འདིའི་ཚད་ལ་གཞལ་ནས་བསམ་ན་ཡུངས་འབྲུ་དང་རི་ཆེན་པོ་ཞིག་གི་ཁྱད་པར་སོང་ཡོད་པ་སྟེ།  གོ་ལ་བྱ་སྒོང་འདྲ་བ་འདིའི་ཤར་ནུབ་དང་ལྷོ་བྱང་གི་བར་ལ་གཞལ་ཡང་སྤྱི་ལེ་ཁྲི་གཅིག་དང་ཉིས་སྟོང་ཡས་མས་ཙམ་ལས་མེད་ལ།  རི་རབ་ཅེས་པ་དེ་ལ་མཚོ་ངོས་ཡན་གྱི་ཞེང་དང་དཔང་དུ་དཔག་ཚད་བརྒྱད་ཁྲི་ཡོད་པ་སྟེ་སྤྱི་ལེས་གཞལ་ན་སྤྱི་ལེ་འབུམ་དྲུག་དང་ཁྲི་བཞི་ཙམ་གྱི་ཚད་ཅན་ཞིག་ཡིན་པ་དང་།  ད་དུང་དེ་ཡི་མཐའི་རི་བདུན་མཚོ་བདུན་གྱི་ཚད་དེ་བཞག་ནས་ང་ཅག་གི་ས་འདིའི་དབུས་ན་དེ་འདྲ་ཞིག་ཡོད་ཅེས་བཤད་ན་ཕལ་བའི་བློ་ལ་ཤར་ཐབས་མེད་པ་ཞིག་ཡིན་འདུག་སྟེ།   དཔེར་ན་ཁང་ཆུང་འདོམས་བཞི་པ་ཞིག་གི་དབུས་ན་ཤེལ་གྱི་ཀ་བ་མཐོ་ཚད་དང་ཞེང་ཚད་ལ་སྤྱི་ལེ་ཁྲི་གཅིག་ཡོད་པ་ཞིག་དང་།  ད་དུང་ཀ་བ་དེའི་མཐའ་ན་སྤྱི་ལེ་ཁྲི་ཕྲག་དུ་མ་ཡོད་པའི་ཅོག་ཙེ་མང་པོ་བསྒྲིགས་ཡོད་ཅེས་བཤད་པ་ལྟ་བུའི་རྣམ་པ་ཞིག་འཆར་བ་རེད།   དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ནུབ་ཕྱོགས་མཁས་པ་དག་གི་དཔྱད་ཞིབ་བྱས་པའི་མཐོང་དོན་སའི་གོ་ལ་རིལ་རིལ་བོ་འཁོར་ཏེ་འགྲོ་བ་འདི་འདྲའི་བཤད་ཚུལ་དེ་འཛམ་གླིང་ཤར་ཕྱོགས་ཀྱི་ཡུལ་འདིར་དར་ནས་ལོ་བརྒྱ་ལ་ཉེ་བ་ཙམ་གྱི་རིང་འདིར་མཁས་པ་དུ་མས་སངས་རྒྱས་ཀྱི་གསུང་ལས་བྱུང་བའི་སྔར་གྱི་བཤད་སྒྲོས་དེ་ལ་འགྲེལ་བཤད་མང་པོ་ཞིག་བརྒྱབ་འདུག་སྟེ།  རང་ལ་མཚོན་ན་དེ་དག་ཀྱང་སངས་རྒྱས་ཀྱི་དགོངས་པ་དང་ཤིན་ཏུ་འབྱོར་འདུག་སྙམ་པའི་གོ་བ་བརྟན་པོ་ཞིག་ཅི་ཡང་སྐྱེས་མ་ཐུབ་བོ། །  དཔེར་ན་འགའ་རེས་ནི་སྟོན་པའི་གསུང་དེ་ཕྱི་རོལ་མུ་སྟེགས་པ་སོགས་དང་བསྟུན་ནས་གསུངས་པའི་དྲང་དོན་ཡིན་པས་ཐ་སྙད་དུ་ཡང་དེ་འདྲ་ཞིག་མེད་ཟེར་བ་དང་སེམས་མཁན་ཡང་ཡོད་ཀྱང་།   དེ་ལྟར་བྱས་ན་གལ་ཏེ་སངས་རྒྱས་ཀྱིས་དེ་འདྲ་ཞིག་གསུངས་ཀྱང་དེ་ཡི་རྗེས་སུ་དམ་པའི་ཆོས་ཉམས་སུ་ལེན་པའི་མཁྱེན་པ་དང་ཡེ་ཤེས་མངའ་བ་སུས་ཀྱང་དེ་དེ་བཞིན་དུ་གཟིགས་མཁན་དང་མཐོང་མཁན་མ་བྱུང་ན་དེ་ལྟར་བཤད་ཀྱང་མི་ཆོག་པ་མེད་མོད།  འོན་ཀྱང་དེ་འདྲ་ཞིག་མ་ཡིན་པར་སྔོན་གྱི་དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའ་སྔགས་ཀྱི་རིག་པ་འཛིན་པའི་བླ་མ་གྲུབ་ཐོབ་མང་པོ་ཞིག་གིས་མངོན་ཤེས་དང་ཏིང་ངེ་འཛིན་གྱི་མཐོང་སྣང་ལ་རི་རབ་སོགས་གཟིགས་ཚུལ་གྱི་རྣམ་ཐར་དང་ལོ་རྒྱུས་ཀྱི་བདེན་དཔང་མང་པོ་ཞིག་ཡོད་ལ་ཁོ་བོས་ཀྱང་གཞན་དུ་ཅུང་ཟད་རེ་བཀོད་ཡོད་པ་ལྟར་ལགས་སོ། །གལ་ཏེ་དེ་དག་ཐམས་ཅད་ཀྱང་མི་བདེན་པའི་རྫུན་སྣང་འབའ་ཞིག་ཡིན་ཞེས་བཤད་དགོས་ན་དེ་འདྲ་བཤད་དཀའ་སྟེ།  མི་ལས་འདས་པའི་ཡོན་ཏན་མངའ་བ་དེ་དག་གི་མཐོང་སྣང་དུ་རང་ཅག་གིས་བདེན་དཔང་བྱེད་ཐུབ་པའི་གནས་ཡུལ་གྱི་བཀོད་པ་སོགས་ཡུལ་དུས་ཀྱིས་བར་དུ་ཆོད་པ་རྣམས་ཀྱང་གསལ་བོར་མཐོང་ཚུལ་སོགས་ཡོད་པ་ནི།  དཔེར་ན་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རང་རྣམ་དུ།   ཁོང་མཚོ་སྙིང་ན་བཞུགས་སྐབས་མཚམས་གྲོགས་བླ་རྒན་ཞིག་གིས་བདག་བསོད་སྙོམ་དུ་སོང་ན་བདེ་བར་ཕྱིར་ཐོན་ཨེ་ཐུབ་ཉིད་ཀྱིས་ལུང་བསྟན་ཞིག་གསུང་རོགས་ཟེར་བར།   ཁོང་གིས་མཉམ་པར་བཞག་ནས་གཟིགས་ཚེ་བླ་རྒན་དེའི་མཚམས་ཟས་ལེགས་པོ་རྙེད་ནས་གཡག་གཉིས་ལ་བཀལ་ཏེ་མཚོ་དར་ཐོག་ནས་ཚུར་འོང་པ་ན་དར་ལ་གས་སྲུབ་ཅིག་ཡོད་པས་བརྒལ་མ་ཐུབ་ཚེ།  རྟ་པ་གཉིས་འགྲོ་བཞིན་ཡོད་པ་དེའི་རྟ་གཡར་ནས་བརྒལ་བའི་ཚུལ་སོགས་གསལ་བོར་གཟིགས་པ་རྗེས་སུ་དེ་དེ་བཞིན་དུ་བྱུང་བར་གསུངས་ཡོད་པ་ལྟ་བུ་སྟེ།   དེ་ལྟར་མངོན་མཁྱེན་ཟེར་བ་དེ་ལ་ནི་རྒྱང་རིང་པོས་ཆོད་ཀྱང་དར་གྱི་གས་སྲུབ་ཅིག་ཡོད་པ་ཡན་ཆད་ཀྱང་མེ་ལོང་ལ་གཟུགས་བརྙན་བཞིན་གསལ་བོར་སྣང་བ་ཞིག་ཡིན་ན།    རི་རབ་དང་སའི་སྟེང་འོག་གི་གནས་སོགས་ཀྱང་དེ་ལྟར་གཟིགས་པ་ཡིན་པས་བདེན་པར་མཚུངས་དགོས་པས་སོ། ། གཞན་ཡང་དཔེར་ན་སྨན་ལྟ་བུ་ལ་མཚོན་ན་ཡང་འཇིག་རྟེན་ལས་འདས་པའི་ལྐོག་གྱུར་གྱི་གནས་དག་མཁྱེན་པའི་སངས་རྒྱས་དང་དྲང་སྲོང་རིག་པ་འཛིན་པ་རྣམས་ཀྱིས་ས་སྟེང་དུ་སྐྱེས་པའི་རྩི་ཤིང་ལོ་མ་མེ་ཏོག་འབྲས་བུ་སོགས་ལ་དོན་ལྔ་སྣོད་དྲུག་སོགས་ཀྱི་ནད་འདི་དང་འདི་ལྟ་བུ་ལ་ཕན་པའི་ནུས་པ་འདི་དང་འདི་ལྟ་བུ་ཡོད་ཅེས་མངོན་མཁྱེན་གྱིས་གཟིགས་པ་ཁོ་ན་ཡིན་ལ།  དེ་དག་གིས་ཇི་ལྟར་གཟིགས་ཤིང་གསུངས་པ་བཞིན་དུ་བསླབས་ཤིང་ལག་ལེན་དུ་བཏབ་ནས་སྔོན་ནས་ད་ལྟའི་བར་དུ་ཕན་འབྲས་བྱུང་དང་འབྱུང་བཞིན་པ་འདི་ཀ་ལགས་ན།  དོན་འདི་ཚོ་ལ་བསམ་བློ་ཞིབ་ཏུ་ཐོངས་དང་སྔོན་གྱི་དུས་ན་དེང་རབས་ལྟ་བུའི་སྨན་རྫས་ལ་རྫས་འཕྲུལ་གྱི་སྒོ་ནས་ཞིབ་འཇུག་བྱེད་པའི་ཆ་རྐྱེན་སོགས་ནི་ཅི་ཡང་མེད་ལ།  གལ་ཏེ་ཕལ་བའི་བློ་ལས་འདས་པའི་གནས་རྣམས་མཁྱེན་པའི་མངོན་ཤེས་ཟེར་བ་ཞིག་མེད་ན་འཇིག་རྟེན་རང་ག་བའི་མི་ཕལ་བ་ཞིག་གིས་ལ་ཁའི་རྩྭ་ལྡུམ་དེ་འདྲའི་མང་པོ་ཞིག་གི་ནང་ནས་གང་ཞིག་གིས་མཁྲིས་པ་ལ་ཕན་ཐོགས་པ་དང་ཅི་ཞིག་གིས་མིག་ལ་ཕན་ཐོགས་པ་སོགས་ཇི་ལྟར་བསམས་ཀྱང་ཤེས་ཐབས་མེད་ལ།   དེ་ཡང་མི་གཅིག་ཙམ་མ་ཟད་ཕལ་བའི་མི་རྣམས་ནི་ཐམས་ཅད་མཚུངས་པ་ཡིན་པས་འཛམ་བུ་གླིང་གི་མི་རྣམས་ཀྱིས་བསམས་ཀྱང་དོན་དེ་དག་ཤེས་པར་མི་ནུས་ཏེ།  དཔེར་ན་ལོང་བ་གཅིག་གིས་གཟུགས་ཀྱི་ཁ་དོག་ཤེས་མ་ནུས་ན་ལོང་བ་བྱེ་བ་མང་པོ་འཛོམས་ཀྱང་ཐམས་ཅད་མཚུངས་པ་ཡིན་པས་གཟུགས་ཀྱི་ཁ་དོག་ཤེས་པ་ལ་ཕན་པ་ཅི་ཡང་མེད་པ་བཞིན་ནོ། །དེས་ན་སྨན་དཔྱད་ཀྱི་གནས་འདི་དག་ནི་ང་ཚོའི་མ་ཤེས་པའི་ཆོས་ཤིག་སངས་རྒྱས་ཀྱིས་ཇི་ལྟར་གཟིགས་ཤིང་གསུངས་པ་བཞིན་ཐམས་ཅད་ཀྱིས་ཐེ་ཚོམ་ཙམ་ཡང་མེད་པར་ཁས་བླངས་ཤིང་ལག་ཏུ་ལེན་བཞིན་ཡོད་པ་འདི་དང་མཚུངས་པར་ལས་འབྲས་དང་ཞིང་ཁམས་དམྱལ་བ་འཇིག་རྟེན་གྱི་བཀོད་པ་ཕལ་བའི་བློ་ལས་འདས་པ་དག་ལ་ཡང་དད་པ་དང་ཡིད་ཆེས་ངེས་པར་བྱེད་འོས་ཏེ།  དེ་དག་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་ཡུལ་ཁོ་ན་ཡིན་པར་མཚུངས་ཤིང་གཟིགས་པ་དེ་དག་གི་ཕྱེད་དེ་བདེན་ཕྱེད་དེ་མི་བདེན་ཟེར་དགོས་ན་རང་གིས་མ་མཐོང་བ་ཙམ་ལས་གཞན་རྒྱུ་མཚན་ངེས་ཅན་ཅི་ཡང་འགོད་མི་ཐུབ་པས་སོ། །དོན་འདི་ཚོ་ནི་གཞན་གྱི་ལོག་རྟོག་དང་ཁ་ཟེར་བ་སོགས་འགོག་བྱེད་ཁོ་ན་ཙམ་མ་ཡིན་པར་རང་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་དང་མཆོག་གསུམ་ལ་དད་པ་བརྟན་པོ་བསྐྱེད་པའི་ཆེད་དུ་ཡང་ནས་ཡང་དུ་བསམ་གཞིག་མང་པོ་བྱེད་དགོས་པའི་གནས་གལ་ཆེན་རེ་ཡིན་ཏེ།  ཆོས་ལ་སྦྱང་པ་བྱེད་པའི་ཐོས་བསམ་པ་དག་གི་ནང་ན་ཡང་དཔེར་ན་ཚད་མའི་སེལ་བ་དང་།  མངོན་པའི་ཐོབ་པ།  ཤེར་ཕྱིན་གྱི་དགེ་འདུན་ཉི་ཤུ་སོགས་ཆོས་ཀྱི་བྱེ་བྲག་དག་ལ་ཡུན་དུ་འདྲིས་ཤིང་ངེས་པ་དང་གོ་བ་ལེགས་པོ་ཡོད་ཀྱང་།  སྤྱིར་ལས་འབྲས་དང་མཆོག་གསུམ་ལ་ཡིད་ཆེས་དང་དད་པ་ཞན་ཅིང་ཐེ་ཚོམ་དུ་གྱུར་པ་ཡང་མང་པོ་ཡོད་སྲིད་པས་འདི་དག་ནི་ཆོས་ལ་སློབ་པ་དག་གིས་ནམ་ཡང་མཉམ་འཇོག་བྱེད་དགོས་པའི་གནས་སོ། །ཡང་འགའ་རེས་ནི་སངས་རྒྱས་ཀྱིས་གསུངས་པའི་རི་རབ་སོགས་ཀྱང་ལས་སྣང་མཐུན་པ་རང་ཅག་འཛམ་བུ་གླིང་པའི་འགྲོ་བ་མིའི་ནང་ན་ཡང་འགའ་རེས་དེ་ལྟར་མཐོང་ཐུབ་ལ་འགའ་རེས་མི་ཐུབ་ཅེས་ཟེར་བ་དང་སེམས་མཁན་ཡོད་འདུག་སྟེ།  དེ་ལྟར་ན་ཡང་འཛམ་གླིང་གི་མི་ཕལ་བ་འདི་དག་ནི་ས་གནམ་གྱི་བར་ན་ཐག་བྲན་པ་ལྟར་ཤར་ནུབ་ཏུ་སའི་གོ་ལ་བསྐོར་ཏེ་འགྲོ་བཞིན་ཡོད་ཀྱང་དེ་འདྲ་མཐོང་མཁན་ཞིག་གཅིག་ཀྱང་མེད་ལ།  སྤྱིར་ཡང་གང་ཟག་སྒེར་གྱི་ལས་སྣང་གི་མྱོང་ཚུལ་ལ་རིགས་གཅིག་པའི་འགྲོ་བ་ལ་ཡང་འདྲ་མིན་དུ་མ་ཡོད་ཆོག་ཀྱང་སེམས་ཅན་སྤྱི་མཐུན་གྱི་ལས་སྣང་གི་འཇིག་རྟེན་གྱི་མཐོང་ཚུལ་ལ་རིགས་གཅིག་པའི་འགྲོ་བ་དག་ནི་འདྲ་དགོས་ཏེ།  ནང་རྩ་ཐིག་རླུང་གསུམ་གྱི་ཆགས་ཚུལ་དང་ཕྱི་དབང་པོ་སྒོ་ལྔའི་དོད་ཚུལ་སོགས་མཚུངས་པར་ཡོད་པས་སོ། །དོན་འདི་ཉིད་རྗེ་བཙུན་རེ་མདའ་བའི་གསུང་ཞིག་ཏུའང་ཡོད་པས་ཤིན་ཏུ་ལེགས་སྙམ་པ་བྱུང་ཞིང་། གཞན་དུ་ན་སྔོན་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་དང་མཁས་གྲུབ་རྗེ་གཉིས་དུས་འཁོར་དང་མངོན་པའི་འཇིག་རྟེན་གྱི་བཤད་ཚུལ་ལ་རྩོད་པ་བྱས་ཚེ་མཁས་གྲུབ་རྗེས་ལུགས་དེ་གཉིས་ཀའང་སེམས་ཅན་གྱི་ལས་སྣང་ཡིན་པས་འཐད་དོ་ཞེས་དམ་བཅའ་བྱས་པ་ལ།  ཕྱི་རྒོལ་གྱིས་འོ་ན་ལྷ་སའི་ཇོ་བོ་བཞུགས་ཡོད་པ་དང་བཞེངས་ཡོད་པ་གཉིས་ཡོད་པར་འགྱུར་ཏེ།  སེམས་ཅན་གྱི་ལས་སྣང་ལ་དེ་ལྟར་འོང་ཆོག་དགོས་པའི་ཕྱིར། ཞེས་པ་ལ་ལན་གང་ཡང་མ་ཐེབས་ཞེས་ཡིག་ཆ་འགའ་ན་ཡོད་པ་ལྟར་འཇིག་རྟེན་ཁམས་ཀྱི་རི་གླིང་སོགས་ཀྱི་བཀོད་པ་ལ་འདི་ཡིན་འདི་མིན་གྱི་ཚད་འཇོག་གང་ཡང་མེད་པ་ཞིག་ཏུ་འགྱུར་བས་སོ། །གཞན་ཡང་སངས་རྒྱས་དང་ཆོས་ལ་དད་མོས་མེད་པ་དག་གིས་ནི་སྔ་རབས་གདོད་མའི་བཤད་སྲོལ་དེ་དག་ནི་ཞེན་དད་ཀྱི་ཨུ་ཚུགས་ཙམ་ལས་ཚན་རིག་དང་མི་མཐུན་པས་ནོར་བ་ཁོ་ན་ཡིན་འདུག་སྙམ་མཁན་ཡང་མང་མོད།   འོན་ཀྱང་དེ་དག་གིས་ནི་སངས་རྒྱས་ཀྱི་གསུང་རྒྱ་ཆེ་ཞིང་གཏིང་ཟབ་པ་དག་གི་གནས་ལ་ཞིབ་མོར་དཔྱད་པ་ལྟ་ཞོག་ཅུང་ཟད་ཙམ་ཡང་མ་ཤེས་པ་སྟེ།  གལ་ཏེ་སངས་རྒྱས་ཀྱི་གསུང་ལ་ཞིབ་ཏུ་བསམས་ན་ང་ཚོའི་སྣང་ཚུལ་དང་མི་མཐུན་པའི་འཇིག་རྟེན་གྱི་རྣམ་བཞག་མང་པོ་ཞིག་གསུངས་ཀྱང་།  སངས་རྒྱས་ཞེས་པ་དེས་ནི་འགྲོ་བ་མི་ཁོ་ནའི་མཐོང་ཚུལ་ཙམ་ཞིག་མ་ཡིན་པར་ད་དུང་ང་ཅག་གི་མཐོང་མི་ཐུབ་པའི་ལྷ་དང་ཀླུ་མི་མ་ཡིན་པ་སོགས་འགྲོ་བ་རིགས་གཞན་དུ་མ་ཞིག་གིས་འཇིག་རྟེན་འདི་ལ་སྣང་ཚུལ་དང་བལྟ་ཚུལ་མི་མཐུན་པ་མང་པོ་ཞིག་ཡོད་པའང་མཁྱེན་འདུག་སྙམ་པའི་སྒོ་ནས།  ཚན་རིག་དང་མི་མཐུན་པས་ནོར་བ་མིན་པར་མ་ཟད་ཚན་རིག་ལས་བརྒལ་བའི་ཤེས་བྱ་དུ་མ་གཟིགས་པ་སོགས་ལ་བསམ་བློ་བཏང་ནས་དཔྱད་པ་བྱེད་རྒྱུ་ཡོད་པས་སོ། ། དེས་ན་རང་གིས་བསམ་བློ་ཞིབ་མོ་གཏོང་མ་ཤེས་པར་སངས་རྒྱས་ཀྱི་གསུང་དེ་དག་རྫུན་ནོ་སྙམ་པ་དེ་རྣམས་ནི་རང་ཉིད་སངས་རྒྱས་ཀྱི་གསུང་ལ་རྒྱུས་ཆུང་ཞིང་དྲང་པོར་མི་གནས་པའི་གཏམ་ཞིག་ཡིན་ནོ། །འོ་ན་གོང་དུ་བཤད་པའི་རི་ཡི་རྒྱལ་པོ་རི་རབ་སོགས་ནམ་མཁའི་ཁམས་སུ་སྤྱི་ལེ་འབུམ་དྲུག་ལྷག་དང་ཞེང་དུ་ཡང་དེ་ལྟར་སའི་གོ་ལའི་ཕྱི་རོལ་དུ་སྤྱི་ལེ་འབུམ་ཕྲག་དུ་མ་ཡོད་དགོས་པ་འདྲ་བ་དེ་ཇི་ལྟར་འཇོག་རྒྱུ་ཡིན་སྙམ་ན།   རང་གིས་བསམ་ཚུལ་ལ་དེ་ནི་ཆོས་མངོན་པ་དང་དུས་འཁོར་སོགས་ཀྱི་གཞུང་གི་ཚིག་དོན་ལ་གོ་བ་ཞིབ་མོ་མ་བླངས་པ་ལས་དོན་དུ་གཞུང་དེ་དག་ཏུ་ལན་གསལ་བོར་གསུངས་ཡོད་པས་བསམ་བློ་མང་པོ་གཏོང་མི་དགོས་སྙམ་སྟེ།   དེ་ཡང་ཇི་ལྟར་གསུངས་ན་འཇིག་རྟེན་གདགས་པའི་བསྟན་བཅོས་དང་མཛོད་འགྲེལ་སོགས་མཐུན་པར་རི་རབ་དང་གསེར་གྱི་རི་བདུན་མཚོ་བདུན་སོགས་ཀྱི་གནས་དེ་དག་ཏུ་རི་རབ་ཀྱི་བང་རིམ་དག་ན་གཞོང་ཐོགས་ཕྲེང་ཐོགས་སོགས་རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་དང་།   གསེར་གྱི་རི་རྣམས་ལ་ཡང་རྒྱལ་ཆེན་བཞིའི་ལྷ་རྣམས་གནས་ཚུལ་གསུངས་ཏེ།    མཛོད་འགྲེལ་མངོན་པའི་རྒྱན་ལས།   ཇི་ལྟར་བང་རིམ་རྣམས་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་གནས་པ་དེ་བཞིན་དུ་གསེར་གྱི་རི་བདུན་པོ་དག་ལ་ཡང་རྒྱལ་ཆེན་རིས་བཞི་པའི་ལྷ་དག་གནས་སོ། ། ཞེས་དང་།  དེ་བཞིན་དུ་མཚོ་རྣམས་ཀྱང་ཀླུ་ཆེན་པོ་བརྒྱད་ཀྱི་གནས་ཡིན་ཚུལ་སོགས་ཡོད་པ་སྟེ།  མདོར་ན་གནས་དེ་དག་ལྷ་དང་ཀླུའི་གནས་ཡིན་ཚུལ་ཁོ་ན་ལས་འགྲོ་བ་མིའི་གནས་ཤིག་ཡིན་པར་གསུངས་མེད་པ་དང་།  མ་ཟད་མི་དང་།  རྒྱལ་ཆེན་རིགས་བཞི།  སུམ་ཅུ་རྩ་གསུམ་སོགས་གནས་ཀྱི་གོང་འོག་ལ་གོང་མས་འོག་མ་མཐོང་ཡང་འོག་མས་གོང་མ་མི་མཐོང་བར་དངོས་སུ་གསུངས་ཡོད་པ་སྟེ།   མངོན་པ་གདགས་པའི་བསྟན་བཅོས་དང་མཛོད་འགྲེལ་མངོན་པའི་རྒྱན་གཉིས་མཐུན་པར།  དེ་དག་ཏུ་བགྲོད་པར་བྱེད་པ་ཇི་ལྟར་ཞེ་ན། རྫུ་འཕྲུལ་དང་ལྡན་པའམ་རྫུ་འཕྲུལ་དང་ལྡན་པ་གཞན་ལ་བརྟེན་པ་མ་གཏོགས་པ་ཁམས་དང་ས་འོག་མ་པ་དེ་དག་གིས་གོང་མར་བགྲོད་པ་དང་གོང་མ་པ་དག་མཐོང་བའང་མེད་དོ། །ཞེས་གསུངས་པས་སོ། །དེས་ན་དེ་འདྲའི་ཡུལ་སྣང་རྒྱ་ཆེ་བ་དེ་དག་ནི་གནས་དེར་དབང་བྱེད་པའི་ལྷ་ཀླུ་མི་མ་ཡིན་སོགས་ཀྱི་མཐོང་ཚུལ་ཁོ་ན་ཞིག་ལས་འགྲོ་བ་མི་རྣམས་ཀྱི་མཐོང་རྒྱུ་ཞིག་ཡིན་པར་གསུངས་པའང་མེད་ལ་ས་ཆུང་ངུ་འདིའི་ནང་དུ་དེ་འདྲའི་རི་གླིང་ཆེན་པོ་ཞིག་མཐོང་ཚུལ་ཡང་གང་ཟག་ཕལ་བ་ཞིག་གི་ངོར་འཇོག་ཐབས་མེད་པ་སྔར་བཤད་པ་ལྟར་རོ། །དེ་བཞིན་དུ་དཔལ་ལྡན་དུས་ཀྱི་འཁོར་ལོའི་ལུགས་ལ་ཡང་རི་རབ་ཀྱི་བང་རིམ་གྱི་ཁ་ཁྱེར་རྣམས་ཕྱིར་འཕྱང་ནས་གདུགས་ཀྱི་འདབ་མ་བཞིན་ནང་དུ་རི་རྣམས་ཀྱི་རྩེ་མོར་འབྲེལ་ཞིང་རི་རབ་ཀྱི་རྭ་ལྔ་པ་གྱེན་དུ་འགྲེང་བ་སྟེ་དེ་ཡང་ཆོས་མངོན་པ་གདགས་པའི་བསྟན་བཅོས་ལས་ཀྱང་རི་རབ་ལ་རྩེ་མོ་བཞི་ཡོད་པར་གསུངས་པ་ལྟར་དང་།  རྭ་བཞི་པའི་ཁ་ཁྱེར་གྱི་འདབ་མ་ཕྱིར་འཕྱང་པ་དེ་རི་དྲུག་པ་བསིལ་རིའམ་ཁ་བའི་རི་དང་འབྲེལ་བའི་དབང་གིས་དེ་དག་གི་ནང་གི་རི་དྲུག་གླིང་དྲུག་མཚོ་དང་རི་རབ་སོགས་ཀྱི་གནས་རྣམས་ཕྱི་རོལ་གྱི་མི་རྣམས་ཀྱིས་མཐོང་མི་ཐུབ་པར་མ་ཟད་ཉི་འོད་ཙམ་ཡང་མི་ཕོག་པའི་གནས་སུ་གསུངས་ཡོད་དོ། །དེས་ན་ཆོས་མངོན་པ་མ་ཟད་དུས་འཁོར་ཏེ་མདོ་སྔགས་ཀྱི་བཤད་ཚུལ་གང་གི་ལུགས་ལ་ཡང་གོང་དུ་བཤད་པའི་རི་རབ་རི་བདུན་སོགས་དེ་དག་ནི་འགྲོ་བ་མིའི་སྤྱོད་ཡུལ་ཞིག་མིན་པར་གསུངས་པ་འདིའི་ཕྱོགས་མ་བསམས་པའི་དབང་གིས་སངས་རྒྱས་ཀྱི་གསུང་དེ་དག་དྲང་དོན་ཡིན་པ་དང་།  མི་རྣམས་ལའང་དེ་འདྲའི་ལས་སྣང་ཡོད་ཆོག་ཟེར་བ་དང་།  ནོར་བ་ཡིན་ཟེར་བ་སོགས་ཀྱི་གཏམ་དེ་དག་བྱུང་བ་ཡིན་ནོ། །        ཧི་མ་ལའི་རི་རྒྱུད་དམ་རི་ཡི་རྒྱལ་པོ་རི་རབ། ཧི་མ་ལའི་རི་ལག

ཧི་མ་ལའི་གངས་ལྗོངས། ༈  གཉིས་པ་དེ་འདྲའི་རིའི་རྒྱལ་པོ་རི་རབ་ཟེར་བ་དེའི་གདགས་གཞིའམ་སྣང་གཞི་ངོས་བཟུང་བ་ནི།  དེ་ལ་འདི་སྙམ་དུ།  འོ་ན་ལྷ་ཀླུ་མི་མ་ཡིན་པ་རྣམས་ལ་སྣང་བའི་རི་གླིང་དེ་དག་ང་ཅག་ལ་དངོས་སུ་སྣང་མ་ནུས་ཀྱང་དེ་དག་གི་སྣང་གཞི་ཞིག་ས་འདིའི་སྟེང་ནས་འཇོག་དགོས་ཏེ།   རི་གླིང་དེ་དག་ཐམས་ཅད་ཀྱང་ས་ལ་བརྟེན་ནས་ཆགས་པའི་གནས་ཡིན་པས་སོ། །ཞེས་སེམས་པ་ལ་ལན་ནི་འདི་ལྟར་ཡིན་ཏེ།  དེ་ལ་ཆོས་མངོན་པ་སོགས་ལས་ནི་རི་རབ་དང་གསེར་གྱི་རི་བདུན་སོགས་གླིང་བཞིའི་འཇིག་རྟེན་གྱི་དབུས།གླིང་དེ་དག་གི་བྱང་ཕྱོགས་ན་ཡོད་ཅེས་པ་ཙམ་ལས་གཞན་པའི་གསལ་ཁ་མ་མཐོང་ལ།   དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་ལས་ནི་འཛམ་གླིང་ཆུང་ངུ་འདི་ལ་ཡུལ་དྲུག་ཏུ་ཕྱེ་བའི་སྐབས་སུ་ཤམྦྷ་ལ་དང་གངས་ལྡན་ཞེས་གཉིས་སུ་མཛད་པ་དང་།  གངས་ལྡན་དེ་ཤམྦྷ་ལའི་ཁོངས་སུ་བསྡུས་ནས་དེ་ལ་ཀཻ་ལ་ཤའི་ཡུལ་ཞེས་གཅིག་ཏུ་བགྲང་ནས་རྒྱ་ནག་ལ་རྒྱ་ནག་དང་རྒྱ་ནག་ཆེན་པོ་ཞེས་གཉིས་སུ་ཕྱེས་ནས་ཡུལ་དྲུག་ཏུ་འཇོག་པའི་བཤད་ཚུལ་གཉིས་ཡོད་པ་ལས།  འདིར་ཕྱི་མ་ལྟར་བྱས་ཏེ་བཤད་ན་བྱང་ཤམྦྷ་ལའམ་ཀཻ་ལ་ཤའི་ཡུལ་དེ་རི་རབ་ཀྱི་རྭ་དང་འབྲེལ་བའི་མཐའི་བསིལ་རི་དང་ཉེ་བར་ཡོད་དགོས་པ་ཞིག་ཡིན་པར་དུས་འཁོར་རྩ་འགྲེལ་ཐམས་ཅད་ན་ཤིན་ཏུ་གསལ་བས་སོ། །དེ་ལྟར་ན་བྱང་ཤམྦྷ་ལ་ནི་གོང་དུ་རྒྱུ་མཚན་དུ་མ་དང་བཅས་ཏེ་ངོས་བཟུང་བ་ལྟར་ལ།  འདིར་ཡུལ་དེའི་སའི་གནས་བབས་ལ་གཞིག་ན་དེང་སང་ཤིན་ཅང་དང་པ་ཅི་སི་ཐན་གྱི་སའི་བར་ན་ཆུ་བོ་སི་ཏཱ་ནུབ་བྱང་གི་ཕྱོགས་སུ་འབབ་པའི་བྱང་ཤར་གྱི་རྒྱུད་དེ་ནི་ཤམྦྷ་ལ་དང་།  དེ་དང་འབྲེལ་བའི་འཛམ་གླིང་ན་ཆེས་ཤིན་ཏུ་མཐོ་བའི་རི་ཆེན་པོ་ཞིག་ཡོད་པ་དེ་ནི་ཤམྦྷ་ལའི་གནས་དེའི་ནུབ་བྱང་གི་རྒྱུད་ཨ་ཧྥུ་ཧན་སོགས་ཀྱི་སའི་ཆ་ཕ་མས་ཨར(帕米尔高原)མཐོ་སྒང་རི་བོའི་རྒྱུད་ནས་ཆད་པའི་ཧི་མ་ལའི་གངས་རི་ཟེར་བ་དེ་ཡིན་ཞིང་།   དེ་ནི་རི་ཡི་རྒྱལ་པོ་རི་རབ་ཀྱི་སྣང་གཞི་ཉིད་དུ་ངོས་འཛིན་དགོས་ཏེ།  དེ་འདྲའི་མཐོ་ཞིང་གཏོས་ཆེ་བའི་རི་ཞིག་འཛམ་གླིང་སའི་གོ་ལའི་ཤར་ནུབ་ཀྱི་བར་ན་མེད་ཅིང་རི་དེ་ཤམྦྷ་ལའི་ཡུལ་དང་འབྲེལ་བར་གནས་ཡོད་པས་སོ། ། འདི་ལ་ད་ལྟའི་སངས་རྒྱས་མངོན་སུམ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་དང་།  འོད་སྲུང་གི་ལེའུ་སོགས་ལས་ཀྱང་རི་རྒྱལ་གངས་ཅན་དང་རི་རྒྱལ་གངས་ཀྱི་རི་བོ་ཞེས་གསུངས་ཡོད་པ་ཡིན་ཞིང་ང་ཅག་འགྲོ་བ་མི་རྣམས་ཀྱི་ངོར་ནི་དེ་ལས་གཞན་པའི་རི་རབ་ཟེར་བ་ཞིག་ཅི་ཡང་མེད་དོ། །དེས་ན་རི་རབ་ཤམྦྷ་ལའི་བྱང་ན་ཡོད་པར་གསུངས་པ་ཡང་སྔར་ཡུལ་དྲུག་གི་གོ་རིམ་བཤད་པ་ལྟར་རི་དེའི་ཕྱོགས་རེ་ཤམྦྷ་ལའི་བྱང་གི་ཆར་གཏོགས་པ་ཙམ་རེས་ཆོག་པར་ཤེས་པར་བྱའོ། །དེ་བཞིན་དུ་རི་དེའི་རི་ལག་ཏུ་གཏོགས་པའི་གངས་རི་ཆེན་པོ་དེ་ཚོ་དང་དེའི་བར་གྱི་མཚོ་རྣམས་ཀྱང་གོང་དུ་བཤད་པའི་ལྷ་ཀླུ་སོགས་ལ་སྣང་བའི་གསེར་ཀྱི་རི་བདུན་དང་རོལ་མཚོ་སོགས་ཀྱི་སྣང་གཞི་དག་ཏུ་ངོས་འཛིན་དགོས་པ་ཡིན་ནོ། །འོ་ན་ཧི་མ་ལའི་རི་རྒྱུད་ཅེས་པ་དེ་ལ་ཅི་འདྲ་ཞིག་ཡོད་པ་ཡིན་ན། འདི་ལྟར་ལགས་ཏེ་རི་དེ་ནི་ནུབ་པ་ཅི་སི་ཐན་གྱི་སའི་བྱང་མཐའ་ནས་མགོ་བཟུང་སྟེ། རྒྱ་གར་དང་། བལ་ཡུལ། འབྲས་ལྗོངས། འབྲུག་ཡུལ་བར་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་བཞི་བརྒྱ་ལྷག་དང་ཞེང་ཚད་ལ་སྤྱི་ལེ་སུམ་བརྒྱ་ལྷག་དང་དབུས་ཕྱོགས་ཇོ་མོ་གླང་མའི་རི་ཡི་མཐོ་ཚད་ལ་མཚོ་ངོས་ནས་སྨི་བརྒྱད་སྟོང་བརྒྱད་བརྒྱ་ལྷག་དང་། གཞན་ཡང་རི་རྒྱུད་འདིའི་ཁྲོད་དུ་རི་ལག་གནམ་གྱི་ཀ་བ་འདྲ་བ་མཐོ་ཚད་སྨི་བརྒྱད་སྟོང་བརྒལ་བ་བཅུ་དང་བདུན་སྟོང་བརྒལ་བ་བཞི་བཅུ་ལྷག་བཅས་ཡོད་པས་རི་རྒྱུད་ཆེན་པོ་ཞིག་ཡིན་ནོ། །   ༈ གསུམ་པ་དེ་ལྟར་བཤད་པ་ལ་དོགས་པའི་གནས་འགའ་ཞིག་བསལ་ན།   དེ་ལ་འདི་སྙམ་དུ་རི་རབ་དང་རི་བདུན་སོགས་ནི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པར་བཤད་པས་འདིར་ས་རྡོ་ལས་གྲུབ་པའི་གངས་རི་ཞིག་ལ་ངོས་བཟུང་ན་མི་འཐད་པ་དང་།   རི་བདུན་སོགས་ཀྱི་བར་ན་རོལ་མཚོ་ཆེན་པོ་དག་གིས་ཆོད་པར་གསུངས་པས་ཧི་མ་ལའི་གངས་རི་རྣམས་ཀྱི་བར་ན་མཚོ་དེ་འདྲ་ཞིག་མེད་པས་མི་འཐད་པ་དང་།  དེ་བཞིན་དུ་རི་རབ་དང་ཧི་མ་ལའི་རི་གཉིས་ནི་ཆེ་ཆུང་དང་དབྱིབས་སོགས་ཤིན་ཏུ་མི་མཚུངས་པས་ཀྱང་མི་འཐད་ཅེ་ན།   ལན་ནི་འདི་ལྟར་ལགས་ཏེ།  དེ་ལ་རིའི་རྒྱལ་པོ་རི་རབ་དེ་ཡང་ཤར་དངུལ་ལྷོ་བཻཌཱུརྱ་སོགས་དང་རི་བདུན་པོ་ཡང་གསེར་ལས་གྲུབ་པ་སོགས་གསུངས་པ་ནི་ལྷ་རྣམས་ལ་ནི་ཡུལ་ཐམས་ཅད་གནས་འོག་མ་རྣམས་དང་མི་འདྲ་བར་ཤིན་ཏུ་དག་པར་སྣང་སྟེ།  དཔེར་ན་མི་ལ་ཆུ་རུ་སྣང་བ་དེ་ལྷ་ལ་བདུད་རྩིར་སྣང་བ་ལྟ་བུའི་དབང་གིས་རི་དེ་དག་ཀྱང་རིན་པོ་ཆེ་འབའ་ཞིག་ལས་གྲུབ་པར་གསུངས་པ་ཡིན་ལ།  དེ་བཞིན་དུ་རི་རབ་ཀྱི་ཁ་དོག་གི་དབང་གིས་ཕྱོགས་བཞིའི་ནམ་མཁའི་ཁ་དོག་ཀྱང་མི་འདྲ་བར་གསུངས་པ་ཡང་དེ་འདྲའི་རི་རབ་དེ་སྣང་བའི་སེམས་ཅན་རྣམས་ཀྱི་ངོར་སྣང་ཚུལ་རེ་ཡིན་པ་ལས།   ང་ཅག་གི་མཐོང་ཚུལ་ལྟར་བྱས་ན་གོང་དུ་བཤད་པ་ལྟར་རི་རབ་ཀྱི་རྭ་བཞི་པ་ཕྱིར་འཕྱང་ནས་མཐའི་བསིལ་རི་དང་འབྲེལ་བའི་དབང་གིས་ཤིན་ཏུ་མཐོ་བའི་རི་དེ་དག་ལ་བགྲང་ལས་འདས་པའི་ལོ་དུ་མར་བརྩེགས་པའི་ཁ་བའི་རི་ལྗོངས་རེ་ལས་གང་ཡང་མི་སྣང་བས་སྐྱོན་དང་པོ་མེད་དོ། །རོལ་བའི་མཚོ་བདུན་གྱི་སྣང་གཞི་ཡང་སྔར་ཧི་མ་ལའི་རི་དག་གི་བར་ན་མཚོ་ཡོད་པའི་རྟགས་སུ་ད་ལྟ་འཛམ་གླིང་རི་འཛེག་པ་རྣམས་ཀྱིས་རི་ངོས་དེ་དག་ནས་དུང་སོགས་ཆུ་གནས་དུ་མའི་ཁོག་གཟུགས་མང་པོ་རྙེད་པའི་བདེན་དཔང་ལ་བརྟེན་ནས།  སྔར་གདོད་མའི་དུས་ན་རི་ངོས་དེ་རྣམས་ཆུས་གང་ཡོད་པར་བཤད་པ་ལྟར་ཡིན་པས་དེ་ཚོ་ནི་འགྲོ་བ་གཞན་དག་གིས་རོལ་བའི་མཚོ་རྣམས་ཀྱི་སྣང་གཞི་དག་ཡིན་ཡང་ད་ལྟ་སའི་འོག་ཏུ་སོང་ནས་ཕྱི་རོལ་ཏུ་མི་མངོན་པ་དང་།  གཞན་ཡང་དཔག་ཚད་སྟོང་ཕྲག་དུ་མ་ཡོད་པའི་མཚོ་དེ་འདྲ་མང་པོ་མ་སྣང་ཡང་རིའི་ནང་གི་མཚོ་གླིང་དེ་དག་ང་ཅག་ལ་སྣང་མི་ནུས་པར་དཔལ་ལྡན་དུས་ཀྱི་འཁོར་ལོ་ལས་གསུངས་ཚུལ་གོང་དུ་བཤད་ཟིན་པ་ལྟར་ཡིན་པས་སྐྱོན་གཉིས་པའང་མེད་དོ། །དེ་བཞིན་དུ་ཧི་མ་ལའི་རི་ཆུང་ངུ་འདི་དང་རི་རབ་སོགས་ལ་དབྱིབས་དང་ཚད་ཀྱི་ཁྱད་པར་ཤིན་ཏུ་ཆེན་པོ་ཞིག་ཡོད་ན་ཡང་སྐྱོན་གང་ཡང་མེད་དེ།  མི་དང་མི་མ་ཡིན་པའི་འགྲོ་བ་རྣམས་ཀྱི་མཐོང་སྣང་མི་འདྲ་བའི་དབང་གིས་ཡིན་པས་སོ། ། འགྲོ་བ་རིགས་སོ་སོའི་ངོར་ཚད་དབྱིབས་ཆེ་ཆུང་ལ་འདི་ལས་ཀྱང་ལྷག་པའི་གནམ་ས་ལྟ་བུའི་ཁྱད་པར་དངོས་པོ་གཅིག་ལའང་འབྱུང་རུང་བ་ནི་དཔེར་ན་སོ་སྐྱེས་ཀྱི་རྡུལ་གཅིག་གི་སྣང་གཞི་ལ་འཕགས་པ་དག་ལ་འཇིག་རྟེན་གྱི་ཁམས་ན་རྡུལ་ཇི་སྙེད་ཡོད་པའི་གྲངས་དང་མཉམ་པའི་ཞིང་ཁམས་དག་ཀྱང་སྣང་བ་ཡོད་པས་སྐྱོན་གསུམ་པ་མེད་དོ། །དེས་ན་སངས་རྒྱས་ཀྱིས་ས་ཆེན་པོ་འདིའི་དབུས་ན་རི་རབ་རི་བདུན་སོགས་ཀྱི་བཀོད་པ་ཤིན་ཏུ་རྒྱ་ཆེ་བ་ཞིག་ཡོད་པར་བཤད་པ་དེ་ནི་ལྷའི་མཐོང་སྣང་ཞིག་མིའི་གནས་དང་བསྲེས་ནས་གསུངས་པ་ཞིག་ཡིན་ལ།   དོན་འདི་ཡང་སངས་རྒྱས་ཀྱི་གསུང་ཁོ་ན་ཙམ་ཞིག་མ་ཡིན་པར་སྔོན་ནས་ད་ལྟའི་བར་བྱོན་པའི་འཇིག་རྟེན་མིའི་ཡུལ་ལས་འདས་པའི་ཆོས་དུ་མ་མཁྱེན་ཅིང་གཟིགས་པའི་སྤྱན་དང་མངོན་ཤེས་མངའ་བའི་སྐྱེས་ཆེན་དམ་པ་དག་གི་གནས་རི་དང་བླ་མཚོ་གཞི་བདག་སོགས་ཀྱི་གནས་ཡིག་དང་ལོ་རྒྱུས་ཐ་ན་བསང་ཡིག་ཡན་ཆད་དུ་གནས་དེ་དག་ལ་ལས་སྣང་མི་འདྲ་བའི་འགྲོ་བ་དུ་མ་ཞིག་གི་མཐོང་སྣང་ཐམས་ཅད་བསྲེས་ཏེ་གསུངས་ཡོད་པ་སྟེ།  དཔེར་ན་རིག་འཛིན་འགྱུར་མེད་རྡོ་རྗེས་མཛད་པའི་ཉག་ཆུའི་རྒྱུད་ཀྱི་དཔལ་ཕག་མོ་རིའི་གནས་ཡིག་ཏུ།   རི་ཡི་རྩེ་མོར་གུ་རུ་མཚན་བརྒྱད་དང་ཚེ་དཔག་མེད་སོགས་ཀྱི་བཞུགས་གནས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡོད་པ་དང་།   རི་སྐེད་དུ་དཔལ་འཁོར་ལོ་བདེ་མཆོག་གི་གཞལ་ཡས་ཁང་དང་།  རྩ་བ་ན་ཀླུ་ཆེན་བརྒྱད་དང་དཀར་ཕྱོགས་སྐྱོང་བའི་རྡོ་རྗེའི་སྲུང་མ་རྣམས་ཀྱི་ཕོ་བྲང་སོགས་ཡོད་ཅིང་། འོན་ཀྱང་ཕྱི་ལྟར་ན་རི་བོའི་རྣམ་པ་ཞིག་ལས་མེད་ཚུལ་སོགས་གསུང་ཡོད་པ་དང་།  གཞན་ཡང་རྒྱལ་བ་སྐལ་བཟང་རྒྱ་མཚོའི་ལོ་ཆེན་བཻ་རོའི་གསུང་ལ་གཞིར་བྱས་ཏེ་མཛད་པའི་མི་ཉག་བཞག་བྲ་ལྷ་རྩེའི་གནས་བསང་ལས།   ཕྱི་དབྱིབས་ཟུར་བརྒྱད་ཤེལ་དཀར་ལས་གྲུབ་ཅིང་། །ནང་དུ་རིན་ཆེན་ལྷ་ཡི་གཞལ་མེད་ཁང་། །རྣམ་རྒྱལ་ལྷ་ཡི་ཕོ་བྲང་རྗེས་འགྲོ་བ། །  མཐའ་སྐོར་སྣ་ཚོགས་དྲྭ་བ་དྲྭ་ཕྱེད་དུ། །འཕྱང་པ་ནོར་བུས་མཛེས་པས་ཉེར་སྤྲས་ཤིང་། །ཕྱི་རིམ་འཇའ་ཚོན་གུར་ཁང་ཁོར་མོ་ཡུག  །ཅེས་དང་།  པདྨ་དྲག་པོ་རྩལ་གྱི་མཛད་པའི་མི་ཉག་བ་ཡུལ་རི་བོ་བཀྲ་བཟང་གི་བསང་ཡིག་ལས་ཀྱང་།  ཕྱི་ལྟར་ཟངས་མདོག་དཔལ་གྱི་རི་བོའི་ཚུལ། །ནང་ལྟར་བདེ་ཆེན་པདྨ་བརྩེགས་པའི་གནས། །གསང་བ་དུར་ཁྲོད་མེ་རི་འབར་བའི་ཞིང་། །དབྱེར་མེད་གནས་མཆོག་རི་བོ་བཀྲ་བཟང་ཞེས། །ཞེས་པ་ལ་སོགས་པ་གསུངས་པའི་རི་དེ་དག་ལའང་ང་ཅག་མི་རྣམས་ཀྱི་མཐོང་ཚུལ་ལྟར་བྱས་ན་ས་རྡོ་རི་བྲག་གི་གནས་ཆུང་ངུ་རེ་ལས་ཤེལ་སོགས་རིན་པོ་ཆེ་ལས་གྲུབ་པ་དང་།  མཛེས་ཤིང་བལྟ་ན་སྡུག་པའི་གཞལ་མེད་ཁང་དང་ཞིང་ཁམས་ཀྱི་བཀོད་པ་རྒྱ་ཆེ་བ་དེ་དག་གང་ཡང་མཐོང་རྒྱུ་མེད་པ་མངོན་སུམ་གྱིས་གྲུབ་ཅིང་།  འདི་དག་ཀྱང་མཐོང་སྣང་བཟང་པོའི་ཕྱོགས་ནས་བཤད་པ་ལས་འགྲོ་བ་ལས་ངན་པའི་རིགས་ཅན་གཞན་དག་གི་མཐོང་ཚུལ་ཡང་བསྲེས་ན་ད་དུང་གནས་དེའི་བཀོད་པ་ལ་བཤད་པ་ཇེ་མང་ལ་འགྲོ་བར་ཡང་ཤེས་དགོས་སོ། ། གཞན་ཡང་མིའི་ཡུལ་འདིར་ང་ཅག་གི་ཤའི་མིག་གི་ཡུལ་དུ་མ་གྱུར་པའི་གནས་ཡུལ་གྱི་བཀོད་པ་མང་པོ་ཞིག་ཡོད་དེ།  དཔེར་ན་ཀོང་པོའི་ཡུལ་ན་སྦས་ཡུལ་པདྨ་བཀོད་ཅེས་བྱ་བ་ཞིག་ཡོད་པར་སྤྲུལ་པའི་གཏེར་སྟོན་དུ་མ་ཞིག་གིས་གསུངས་ཤིང་།   དེ་ཡི་སྣོད་བཅུད་ཀྱི་བཀོད་པ་ཇི་ལྟར་བཞུགས་ཚུལ་རིག་འཛིན་འཇའ་ཚོན་སྙིང་པོའི་པདྨ་བཀོད་ཀྱི་ལམ་ཡིག་ཏུ་གསལ་བ་ལྟར་དང་།  དེ་བཞིན་དུ་མདོ་མཁྱེན་བརྩེའི་རང་རྣམ་དུ་ཡང་རེབ་གོང་བཅུ་གཅིག་ཤེལ་གྱི་གནས་རི་ན་ཕུག་པ་ཞིག་ཡོད་པའི་ནང་ནས་ཕྱིན་ན་ཞག་བདུན་ནས་ས་སྤྱོད་ཀྱི་ཞིང་དུ་སླེབས་པར་གསུངས་ཤིང།  ཁོང་ཡང་སྔགས་པ་གསུམ་དང་འགྲོགས་ནས་སྒྲོན་མེ་ལ་བརྟེན་ཏེ་ཞག་གསུམ་སོང་པ་ན་དུར་ཁྲོད་ཆེན་པོ་རུས་པའི་གྲམ་ཁྲོད་ཀྱིས་གང་པ་ཞིག་ཏུ་ཕྱིན་པ་དང་།  དེ་ནས་ཕར་སོང་ཙ་ན་ས་ཕྱོགས་ཐམས་ཅད་དུ་ཤ་ཁྲག་གཅལ་དུ་བཀྲམ་ཞིང་ལྕེ་སྤྱང་དང་གིང་རུས་རྒྱུག་པ་ཞིག་ཏུ་སླེབས་པ་ན།  སྔགས་པ་རྣམས་ཀྱིས་དེ་ཕན་ལ་བྱོན་མ་བཅུག་པར་ཚུར་ཁྲིད་ནས་འོང་ཚུལ་སོགས་བཀོད་ཡོད་པ་ལྟར་རོ། །དེ་འདྲའི་གནས་ཡིག་དང་ལོ་རྒྱུས་སོགས་ད་དུང་ཤིན་ཏུ་མང་པོ་ཡོད་པ་ལས་འདིར་ནི་མཚོན་བྱེད་ཙམ་ཞིག་བཀོད་པ་སྟེ། དེས་ན་སངས་རྒྱས་ཀྱི་འཇིག་རྟེན་གྱི་ཆགས་ཚུལ་གསུངས་པ་ལ་བསམ་གཞིག་བྱེད་པ་རྣམས་ཀྱིས་ཀྱང་བཀའ་ཁོ་ནས་ནང་གི་འཇིག་རྟེན་གྱི་རྣམ་བཞག་ཙམ་མ་ཡིན་པར་དོན་འདི་དག་ལ་ཐུན་མོང་དུ་ཐམས་ཅད་བདེན་པའམ་རྫུན་པའི་ཕྱོགས་སུ་སྦྱར་ཐུབ་པའི་དཔྱད་པ་ཕྱོགས་རེར་མ་སོང་བ་ཞིག་ཅིས་ཀྱང་གལ་ཆེའོ། །ད་དུང་ཁོ་བོའི་བྱས་པའི་སྟོན་པའི་གསུང་གི་གནད་འགའ་ལ་ངེས་པ་སྐྱེད་ཚུལ་ཞེས་པ་དེ་ཡི་མཇུག་ཏུ་ཡང་ལོ་རྒྱུས་དང་རྣམ་ཐར་འགའ་རེར་སྦྱར་ཏེ་འདི་དག་གི་སྐོར་ཅུང་ཟད་རེ་བཤད་ཁུལ་བགྱིས་ཡོད་པས་ཤེས་པར་འདོད་ན་ཕན་ཚུན་སྦྱར་ཏེ་གཟིགས་པར་འཚལ་ལོ། །  

༈ བཞི་པ་དེས་མཚོན་ནས་སའི་སྟེང་འོག་གི་གནས་འགའ་ཞིག་གི་གསལ་བཤད་ལ།   སའི་སྟེང་གི་འཇིག་རྟེན་ཉི་མ་དང་ཟླ་བ་སྐར་མ་རྣམས་ཀྱང་རྒྱལ་ཆེན་རིགས་བཞིའི་ལྷའི་གནས་འབའ་ཞིག་ཡིན་པ་དང་།  དེ་དག་གི་རྒྱུ་ཡང་རིན་པོ་ཆེ་མེ་ཤེལ་དང་ཆུ་ཤེལ་སོགས་ལས་གྲུབ་པ་དང་།  དེར་དེ་ན་གནས་པའི་ལྷའི་བུ་ཉི་མ་དང་ཟླ་བ་སོགས་ཀྱི་གནས་དང་ཕོ་བྲང་གི་བཀོད་པ་ཡོད་ཚུལ་ཆོས་མངོན་པ་སོགས་ལས་རྒྱ་ཆེར་གསུངས་ཡོད་པས།  དེས་ན་དེང་སང་མི་དག་ཟླ་བ་དང་སྐར་མ་འགའི་སྟེང་དུ་དངོས་སུ་བསྒྲོད་ཐུབ་པ་བྱུང་ནས་དེ་དག་གི་རྒྱུ་དང་རྒྱ་ཚད་སོགས་སངས་རྒྱས་ཀྱི་གསུང་དང་མཐུན་པར་མ་སྣང་ཡང་དེ་ནི་མི་དང་ལྷ་ཡི་མཐོང་སྣང་མི་མཐུན་པ་ཁོ་ནར་ཟད་པས་སྐྱོན་གང་ཡང་མེད་དེ།  དོན་འདི་འཇིག་རྟེན་ལས་འདས་པའི་མཁྱེན་གཟིགས་མངའ་བའི་གྲུབ་པའི་དབང་ཕྱུག་ཆེན་པོ་ཞིག་གི་རྣམ་ཐར་གྱི་སྟེང་ནས་གོ་བརྡ་སྤྲད་ན་ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་རྣམ་ཐར་ལས།  ཁོང་སྐུ་ན་ཆུང་ངུའི་དུས་ཤིག་ན་གསེར་རྟའི་ཡུལ་གྱི་ཁྱུང་ཤར་ཟེར་བའི་གནས་དེའི་ཀླུ་དུ་མ་ཞིག་ནད་གདོན་ལས་ཐར་བར་བྱས་པའི་སྐབས་སུ།  ཀླུ་མོ་ནོར་འཛིན་མ་ཟེར་བ་ཞིག་གིས་ཁྱེད་ང་ཅག་ལ་དྲིན་དུ་ཆེའང་ངེད་ཅག་ལ་ཡོད་པའི་སྒོ་ཕྱུགས་དང་རྒྱུ་ནོར་འགང་ཆེ་བ་སོགས་ཁྱེད་ལ་ཕུལ་ཡང་འབུ་སྲིན་དང་ས་རྡོའི་དུམ་བུ་རེ་ལས་གང་ཡང་སྣང་རྒྱུ་མེད་པས། དེས་ན་བྲག་ལུང་ཟེར་བའི་ལུང་པ་ཕར་ཕྱོགས་དེ་ན་དུག་སྦྲུལ་གྱི་སྒོ་ང་ཞིག་ཡོད་པ་ནོར་གྱི་གཡང་རྟེན་ཡིན་པས་དེ་རྗེ་ཉིད་ལ་བཀའ་དྲིན་གཟོ་ཕྱིར་དུ་ཕུལ་བ་ཡིན་ཚུལ་སོགས་གསུངས་པ་ལྟར།   དངོས་པོ་གཅིག་ལའང་མི་དང་མི་མ་ཡིན་པའི་མཐོང་སྣང་མི་འདྲ་བ་དེ་འདྲ་ཡོད་པས་འདི་འདྲའི་སྟེང་ནས་བསམ་གཞིགས་བྱས་ན་གོ་བ་མི་ལོན་རྒྱུ་ཅི་ཡང་མེད་དོ།    །དེ་བཞིན་དུ་ཉི་ཟླ་གཟའ་སྐར་རྣམས་རི་རྒྱལ་གྱི་སྐེད་ནས་འཁོར་ཏེ་འགྲོ་བར་གསུངས་པ་ཡང་ནམ་མཁའ་སྟོང་པའི་ཁམས་འདིར་དཔང་དང་རྒྱར་སྤྱི་ལེ་འབུམ་ཕྲག་དྲུག་ལྷག་ཡོད་པའི་རི་རབ་དེ་འདྲ་མཐོང་ཐུབ་པའི་སེམས་ཅན་དེ་ཚོའི་ལས་སྣང་རེ་གསུངས་པ་ཁོ་ན་ལགས་ཏེ། མདོ་སྡེ་དྲན་པ་ཉེར་བཞག་ལས།  རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་གནས་རྣམ་པ་བཞི་པོ་ཀུན་ཏུ་རྒྱུ་ཞེས་བྱ་བ་ཁོ་ནར་ཟད་དེ།  གང་དེ་དག་ནི་རིའི་རྒྱལ་པོ་རི་རབ་ཀྱི་ངོས་ལ་འཁོར་རོ། །གཞལ་མེད་ཁང་དང་ལྡན་པའི་ལྷ་གང་ཡིན་པ་དེ་དག་ལ་མུ་སྟེགས་པ་གཞན་དག་གཟའ་དང་སྐར་མ་དང་།  རྒྱུ་སྐར་དག་ཡིན་པར་འདུ་ཤེས་ཏེ། དེ་རྣམས་ཀྱི་རགས་པ་བགྲངས་ན་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ཡོད་དོ།    །ཞེས་དང་།  ཉི་མ་དང་ཟླ་བ་དེ་ཡང་ལྷ་ཀུན་ཏུ་རྒྱུ་བ་དེ་རྣམས་རིའི་རྒྱལ་པོ་རི་རབ་ཀྱི་ངོས་ལ་འཁོར་བའི་སར་འཁོར་བར་བྱེད་དེ། རླུང་འཁོར་ལོས་བསྐོར་བ་ཞེས་བྱ་བ་གང་གིས་བྱས་པ་དེས།  ལྷ་དེ་དག་ཐམས་ཅད་རིའི་རྒྱལ་པོ་རི་རབ་དེ་ལ་འཁོར་བར་བྱེད་དོ།     །ཞེས་རྒྱལ་ཆེན་བཞིའི་ལྷ་གནས་དག་ལ་ཀུན་ཏུ་རྒྱུ་བའི་གནས་ཞེས་ཟེར་དགོས་ཏེ།  དེ་ཡི་རྒྱུ་མཚན་ནི་ཉི་ཟླ་གཟའ་སྐར་ལ་གནས་པའི་ལྷ་རྣམས་རང་གི་གནས་གཞི་གཞལ་མེད་ཁང་དང་བཅས་ཏེ་རླུང་གིས་བསྐོར་ནས་རི་རབ་ལ་འཁོར་ཞིང་རྒྱུ་བར་སྣང་བའི་དབང་གིས་ཡིན་པར་ཤིན་ཏུ་གསལ་བོར་གསུངས་པས་སོ།     །དེས་ན་སངས་རྒྱས་ཀྱིས་ནམ་མཁའི་གོ་ལ་འཁོར་བའི་དབང་གིས་རང་ཅག་ལ་ཉི་ཟླ་འཆར་ནུབ་བྱེད་ཚུལ་ཞིག་གསུངས་པ་དེ་ནི་ལྷའི་སྣང་བ་དབང་བཙན་དུ་བྱས་ནས་གསུངས་པ་ཞིག་ཡིན་ཡང་།  སའི་གོ་ལ་འཁོར་བའི་དབང་གིས་ཉི་ཟླ་འཆར་ནུབ་བྱེད་པའི་བཤད་ཚུལ་དང་འགལ་བ་གང་ཡང་མེད་དེ།  འདི་ནི་འཇིག་རྟེན་གྱི་ཁམས་གླིང་བཞི་རི་རབ་དང་བཅས་པ་ཤིན་ཏུ་རྒྱ་ཆེ་བ་ཞིག་ལ་གོ་ལ་ཡུང་འབྲུ་ཙམ་ཞིག་ལས་སྣང་མི་ནུས་པའི་མི་ཁོ་ནའི་ལས་སྣང་ཞིག་ཡིན་པས་སོ།     །དེང་སང་ནི་སངས་རྒྱས་ཀྱི་གསུང་རབ་ཀྱི་དགོངས་དོན་ལ་ཞིབ་ཏུ་མ་བསམ་པར་ཉི་ཟླ་གནམ་ལ་འཁོར་ཞིང་འགྲོ་བའི་ལུགས་དེ་ནི་ནོར་བ་ཡིན་ཞེས་སེམས་མཁན་དང་ཟེར་མཁན་མང་ཡང་།   བཤད་མ་ཐག་པའི་ལུང་དེའི་དོན་ལ་བསམ་བློ་ཞིབ་ཏུ་ཐོངས་དང་།   སངས་རྒྱས་ཀྱིས་མ་ཤེས་ནས་ནོར་བའམ།  རང་གིས་སངས་རྒྱས་ཀྱིས་ཅིའི་ཕྱིར་དེ་ལྟར་གསུངས་པའི་རྒྱུ་མཚན་མ་ཤེས་ནས་ནོར་བ་གང་ཡིན་རྟོགས་སླ་བ་ཞིག་བཀོད་ཡོད་དོ།     །དེ་བཞིན་དུ་ཉི་འཛིན་དང་ཟླ་འཛིན་གྱི་དུས་སུ་ཉི་ཟླ་སྒྲ་གཅན་གྱིས་བཟུང་བ་ཡིན་ཞེས་སངས་རྒྱས་ཀྱི་གསུངས་རྣམས་སུ་ཡོད་ལ།    དེང་སང་འགའ་ཞིག་གིས་སྟོན་པའི་གསུང་དེ་ནོར་བའམ་ཕྱི་རོལ་པའི་བཤད་སྒྲོས་རེ་ཡིན་པ་ལས་དོན་དུ་ཉི་འཛིན་ཟླ་འཛིན་ཞེས་པ་དེ་ས་སྒང་དང་ཉི་ཟླ་གསུམ་ཐིག་གཅིག་གི་སྟེང་དུ་འཕྲད་ནས་ཕན་ཚུན་བསྒྲིབས་ཏེ་མི་སྣང་བ་ཙམ་ལས་སྒྲ་གཅན་ཟེར་བ་ཞིག་དང་འབྲེལ་བ་གང་ཡང་མེད་ཟེར་མཁན་དང་སེམས་མཁན་མང་ངོ་།   །    འོན་ཀྱང་དེ་ནི་སངས་རྒྱས་ཀྱི་བཀའ་ལ་ཆ་རྒྱུས་མེད་པའི་དབང་གིས་ཏེ།   དཔེར་ན་ཀླུའི་གནས་སུ་གྱུར་པའི་ཆུ་མིག་ཅིག་ལ་མཚོན་ན་ཡང་ཆུ་མིག་དེའི་ནང་དུ་ཤ་ཁྲག་སོགས་སོང་ནས་གནོད་པ་ཕོག་ཚེ།   ང་ཅག་མི་རྣམས་ལ་ནི་ཆུ་མིག་དེ་སྐམ་པར་གྱུར་བ་ཙམ་ལས་གང་ཡང་མི་མཐོང་ཡང་། དེར་གནས་པའི་ཀླུ་རྣམས་ལ་ནི་གནས་ཁང་ལ་གྲིབ་ཀྱིས་ཕོག་ཅིང་ནད་གདོན་སྣ་ཚོགས་ཀྱིས་བཏབ་ནས་སྡུག་བསྔལ་ཤིན་ཏུ་ཆེན་པོ་ཡོད་ཚུལ་སྔོན་གྱི་དམ་པ་དག་གི་རྣམ་ཐར་དུ་གསུངས་པ་བཞིན་དུ།   འདིར་ཡང་རང་ཅག་མི་རྣམས་ལ་ས་སྒང་དང་ཉི་ཟླ་གཉིས་ཐིག་གཅིག་གི་སྟེང་དུ་འཕྲད་པས་ཉི་འཛིན་དང་ཟླ་འཛིན་དུ་སྣང་བ་དེ་ལྷ་དང་ལྷ་མིན་རྣམས་ལ་ནི་དེ་འདྲའི་རང་བྱུང་ཁམས་ཀྱི་འབྲེལ་མེད་ཀྱི་ཉི་ཟླའི་རྒྱུ་ཚུལ་ཙམ་ཞིག་མ་ཡིན་པར་ཕན་ཚུན་ཕན་གནོད་ཀྱི་བྱ་བ་ཛ་དྲག་ཅན་རེར་སྣང་བཞིན་ཡོད་པ་ཡིན་ཚུལ།      མདོ་དྲན་པ་ཉེར་བཞག་ལས།      ལྷ་དང་ལྷ་མ་ཡིན་རྣམས་འཐབ་པའི་ཚེ་ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ལ་གནོད་པའི་ཆེད་དུ་ལྷ་མིན་དབང་པོ་སྒྲ་གཅན་གྱི་ལག་པས་ཉི་མ་བསྒྲིབས་ནས་མི་སྣང་བར་བྱེད་པར་བཤད་ཅིང་།    མདོ་མྱང་འདས་ལས།   ཟླ་བ་ཡང་ལྷ་མིན་དབང་པོ་སྒྲ་གཅན་ཟེར་བ་དང་འཕྲད་དེ་སྒྲིབ་པར་བྱེད་ཚུལ་གསུངས་ཡོད་དོ།      །དེས་ན་ཉི་འཛིན་དང་ཟླ་འཛིན་ལ་ཉི་ཟླ་སྒྲ་གཅན་གྱིས་བཟུང་བ་ཡིན་ཞེས་པའི་གསུང་སྒྲོས་དེ་ཡང་ལྷ་དང་ལྷ་མིན་གྱི་ལས་སྣང་དབང་བཙན་དུ་བྱས་ནས་གསུངས་བ་ཞིག་ཡིན་པས་གསུང་དེ་མི་འཐད་དོ་སྙམ་ན།    མི་རྣམས་ལ་སྣང་བ་དེ་དང་མི་འདྲ་བ་ཞིག་མི་མ་ཡིན་རྣམས་ལ་སྣང་མི་རུང་བའི་རྒྱུ་མཚན་རེ་ཡོད་ན་མ་གཏོགས་རང་འགར་དེ་འདྲ་སྨྲ་བ་ནི་ཤིན་ཏུ་མི་རིགས་སོ།     །གཞན་ཡང་སངས་རྒྱས་ཀྱི་གསུང་དུ་ས་ཆེན་པོ་འདིའི་འོག་ན་ལས་ངན་གྱི་འབྲས་བུ་སྡུག་བསྔལ་ལ་སྤྱོད་པའི་ཚ་བའི་དམྱལ་བ་དང་གྲང་བའི་དམྱལ་བ་ཡི་དྭགས་ཀྱི་གནས་ཡ་ང་ཞིང་འཇིགས་སྐྲག་སྐྱེ་བ་དུ་མ་ཞིག་ཡོད་པར་བཤད་ཡོད་ལ།   དེ་དག་གི་སའི་རྒྱ་ཁྱོན་ལ་ཡང་ལྕགས་བསྲེག་གི་ས་གཞི་དང་འཁྱགས་རོམ་གྱི་ཐང་སོགས་དཔག་ཚད་འབུམ་ཕྲག་དུ་མ་ཡོད་པར་གསུངས་ཡོད་པ་དེ་དག་ཀྱང་གནས་དེ་ལ་སྐྱེས་པའི་སེམས་ཅན་དེ་ཚོའི་ལས་ཀྱི་སྣང་ཚུལ་ལྟར་གསུངས་པ་ཁོ་ནར་ཤེས་དགོས་པ་ལས་ང་ཅག་གི་ངོར་ལྟོས་ཏེ་བཤད་ན་ནི་སྤྱི་ལེ་ཁྲི་གཅིག་ལྷག་ལས་མེད་པའི་གོ་ལ་ཟླུམ་པོ་འདིའི་འོག་ཏུ་དེ་འདྲའི་ཡུལ་གྲུ་རྒྱ་ཆེན་པོ་ཞིག་ཤོང་ཐབས་མེད་མོད།   འོན་ཀྱང་སེམས་ཅན་དེ་དག་གི་ལས་སྣང་དེ་འདྲ་འཆར་བའི་གཞི་དེ་ནི་སའི་གོ་ལ་འདིའི་ནང་གི་དབུས་ན་རྡོ་ལྕགས་རྣམས་ཀྱང་ཞུན་མར་བཞུས་ཏེ་ཁོལ་བའི་ཤིན་ཏུ་ཚ་བའི་གནས་དང་། གོ་ལའི་ལྷོ་བྱང་གི་ནང་ཐམས་ཅད་འཁྱགས་རོམ་གྱི་གོང་བུས་བཟུང་བའི་ཤིན་ཏུ་གྲང་བའི་གནས་དེ་ཚོ་ལ་ངེས་པར་ངོས་འཛིན་བྱེད་དགོས་པ་ཡིན་ཏེ།   འདུལ་བ་ལུང་རྣམ་འབྱེད་ལས།   མཚོ་མ་དྲོས་པ་ནས་རྒྱ་གར་དུ་འབབ་པའི་ཆུ་ཞིག་ཡོད་པ་དེར་དགེ་སློང་རྣམས་ཀྱིས་ལྷུང་བཟེད་བཀྲུ་བའི་སྐབས།  ཆུ་དེ་དྲོན་པོ་ཡིན་པའི་རྒྱུ་མཚན་ལ་མོའུ་འགལ་གྱི་བུ་དང་དྲུག་སྡེ་རྣམས་མ་མཐུན་པར་སངས་རྒྱས་ལ་ཞུས་ཚེ།  སངས་རྒྱས་ཀྱིས་ཆུ་དེ་དྲོ་བའི་རྒྱུ་མཚན་ནི་ཆུ་དེའི་འོག་ཏུ་ཚ་བའི་དམྱལ་བ་ལྔ་བརྒྱ་དག་ཡོད་པའི་དབང་གིས་ཡིན་པར་གསུངས་ཤིང་།   ལུང་འདིས་ནི་སའི་གོ་ལའི་ནང་ན་རྡོ་སོལ་གྱི་རི་དུ་མ་མེའི་གོང་བུར་གྱུར་པའི་གནས་དེ་ཚོ་དམྱལ་བའི་གནས་སུ་གསལ་བོར་གསུངས་པས་སོ།    །གལ་ཏེ་སའི་འོག་ན་དམྱལ་བ་དང་བར་ན་ཀླུ་སྟེང་ན་ལྷ་སོགས་མེད་ཅེས་ཟེར་བ་དང་།  དེ་ལྟར་ཡོད་དམ་མེད་ཅེས་སྙམ་མཁན་དག་གིས་ཀྱང་གནས་འདི་ཚོ་ལ་དཔྱད་པ་བྱེད་འདོད་ན་ང་ཚོ་མི་རྣམས་ཀྱི་སྣང་ངོར་དེ་འདྲ་ཞིག་སྣང་མི་ཐུབ་པ་རྒྱུ་མཚན་དུ་མ་འཇོག་པར།  ལྷ་ཀླུ་དམྱལ་བ་སོགས་ཀྱི་འགྲོ་བ་དག་ལ་གོང་དུ་ངོས་བཟུང་བའི་གཞི་དེ་རྣམས་ལ་དེ་འདྲའི་སྣང་བ་འདྲ་མིན་ཡོད་མེད་ཀྱི་ངོས་ནས་དཔྱད་པ་བྱས་ན་སངས་རྒྱས་ཀྱི་གསུང་དང་མཐུན་པའི་སྒོ་ནས་ཞིབ་དཔྱོད་བྱས་པ་ཞིག་ཏུ་འགྲོ་ཐུབ་པ་ཡིན་ནོ།   །མདོར་ན་སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཆགས་ཚུལ་ཞིག་གསུངས་པ་དེ་ནི་འགྲོ་བ་མི་ཁོ་ན་ཞིག་གི་མཐོང་ཚུལ་ཞིག་བཤད་པ་མ་ཡིན་པར་རིགས་དྲུག་གི་སེམས་ཅན་གྱི་འཇིག་རྟེན་འདི་ལ་མཐོང་ཚུལ་འདྲ་མིན་ཡོད་པ་ཐམས་ཅད་བསྡོམས་ཏེ་གསུང་བཞིན་ཡོད་པ་དེ་ནི་འདི་དག་གི་གནས་རྣམས་དཔྱོད་པ་ལ་ཤིན་ཏུ་ཤེས་དགོས་པ་ཞིག་ཡིན་ནོ།     །

༈  ད་ནི་གསུམ་པ་རྔ་ཡབ་སྲིན་པོའི་གླིང་ཕྲན་ངོས་བཟུང་བ་ལ།   སྔོན་འགྲོ་འཇིག་རྟེན་སྤྱིའི་ཆགས་དབྱིབས་བཤད་པ།  བྱེ་བྲག་གླིང་དེ་ཉིད་ངོས་བཟུང་བ།  དེས་མཚོན་ཏེ་གླིང་གཞན་རྣམས་ཕྱོགས་ཙམ་བསྟན་པའོ།  དང་པོ་ནི།  དེ་ཡང་ང་ཅག་འགྲོ་བ་མི་རྣམས་འཚོ་བའི་འཇིག་རྟེན་འདིའི་དབྱིབས་གཟུགས་འདི་ནི་དེང་སང་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་མཐོང་ཚུལ་ལྟར་བྱས་ན་ནུབ་ཕྱོགས་མཁས་པ་དག་གིས་བཤད་པ་ལྟར་གོ་ལ་རིལ་རིལ་པོ་བྱ་སྒོང་ལྟ་བུ་ཞིག་ཡིན་པར་བཤད་དགོས་ལ།  དེ་དང་སངས་རྒྱས་ཀྱི་གསུང་ལས་བྱུང་བའི་འཇིག་རྟེན་གྱི་ཆགས་དབྱིབས་དེ་གཉིས་ནི་མཐུན་པར་ཡོད་དེ།  བཀའ་དང་བསྟན་བཅོས་དག་ལས་འཇིག་རྟེན་འགྲོ་བ་མིའི་རྟེན་གནས་ཀྱི་སའི་གོ་ལའི་ཆགས་དབྱིབས་ཤིག་གསུངས་པ་དེ་ཡང་འོག་གི་མཚོ་དང་སྟེང་གི་ས་ཐམས་ཅད་ཀྱི་སྤྱིའི་ངོས་ནས་གཞལ་ན་རིལ་རིལ་པོའི་དབྱིབས་སུ་འདུག་པ་ཞིག་ཏུ་སོང་ཡོད་པས་སོ། །དེ་ཡང་ཇི་ལྟར་ཡིན་ན་དམ་པའི་ཆོས་མངོན་པ་སོགས་ལས་འཇིག་རྟེན་སྤྱིའི་བཀོད་པ་བཤད་པའི་སྐབས་སུ་འདི་ལྟར་བཤད་དེ།  དེ་ལ་འོག་གཞི་རླུང་གི་སྟེང་དུ་མཚོ་དཔག་ཚད་འབུམ་ཕྲག་བརྒྱད་དང་མཚོ་ཆེན་པོ་དེ་མཐའ་ནས་ཕྱིར་མི་འཕོ་བར་ངོས་དག་ཀྱང་རླུང་གིས་བསྐོར་ནས་ཡོད་ཚུལ་དང་།  དེ་ཡི་སྟེང་དུ་གསེར་གྱི་ས་གཞི་དཔག་ཚད་འབུམ་གསུམ་དང་དེའི་སྟེང་གི་མཚོ་དཔག་ཚད་བརྒྱད་ཁྲི་སྟེ།  དེ་ཐམས་ཅད་ཀྱི་མཐོ་ཚད་ལ་ཁྱོན་དཔག་ཚད་འབུམ་བཅུ་གཅིག་དང་བརྒྱད་ཁྲི་ལྷག་ཙམ་དང་།  དེ་དག་གི་ཞེང་ཚད་ལ་ཡང་དཔག་ཚད་འབུམ་ཕྲག་བཅུ་གཉིས་དེའི་མཐའ་སྐོར་ཟླུམ་པོར་བཤད་ཡོད་པས་དོན་འདིའི་ཚད་དབྱིབས་ལ་བསམ་བློ་ཞིབ་མོར་བཏང་ན།   ནང་གི་སའི་ཆགས་དབྱིབས་ནི་ས་ལེབ་ལེབ་མོ་ཞིག་གི་སྟེང་དུ་རི་རབ་དང་གསེར་གྱི་རི་བདུན་གླིང་རྣམས་མཚོ་ངོས་ནས་སྟེང་དུ་འཕགས་པའི་ཚུལ་གྱིས་ཆགས་ཡོད་པས་དེས་ན་ས་གཞི་རྐྱང་པ་ལ་བསམས་ན་ལེབ་ལེབ་མོ་རུ་བཤད་ཀྱང་ཆོག་མོད། དེ་ལས་ཀྱང་རྒྱ་ཆེ་བའི་འཇིག་རྟེན་འདིའི་མཚོ་དབྱིབས་ཀྱི་ངོས་ནས་གཞིག་ན་སའི་འོག་གི་མཚོ་ནི་རླུང་གི་གཞོང་པ་ལྟ་བུ་ཞིག་གི་ནང་དུ་འཁྱིལ་ནས་ཡོད་པ་དང་།  སའི་སྟེང་གི་མཚོ་ཡང་ལྕགས་རིས་ཟླུམ་པོར་བསྐོར་ཏེ་ཡོད་ཅིང་དེ་ཡི་སྟེང་དུ་ས་ཆེན་པོ་འདིའི་རི་གླིང་དག་ཆགས་ཤིང་།    རི་རབ་དང་གསེར་རི་དག་ནི་ང་ཚོའི་མཐོང་ཡུལ་ཞིག་མིན་པར་ལྷའི་གནས་སུ་འཇོག་དགོས་ཚུལ་གོང་དུ་བཤད་ཟིན་པ་ལྟར་ཡིན་པས། དེས་ན་ད་ལྟའི་ཚན་རིག་གི་བཤད་ཚུལ་ལ་མ་ལྟོས་པར་སྟོན་པའི་གསུང་གཞིར་བཞག་ན་ཡང་།    ང་ཅག་འགྲོ་བ་མི་རྣམས་ལ་སྣང་ཐུབ་པའི་སའི་སྟེང་ཕྱོགས་འདི་ནས་མཚམས་བཟུང་སྟེ་གཞལ་ན་ནི་སྟེང་ནས་འོག་དང་ཤར་ནས་ནུབ་ལྷོ་ནས་བྱང་གང་ནས་གཞལ་ཡང་ཚད་མཉམ་པ་ཡིན་པས།  རྫོགས་པ་ཆེན་པོའི་རྒྱུད་མུ་ཏིག་ཕྲེང་བ་ལས་ཀྱང་།   མཁའ་ལ་རླུང་བརྟེན་དེ་ལ་ཆུ། །འབུམ་ཕྲག་བཅུ་གཅིག་དག་གིས་ནི། །ཟླུམ་ལ་འདྲིལ་བ་ཉིད་དུ་ཆགས།  །ཞེས་འཇིག་རྟེན་འདིའི་དབྱིབས་ནི་མཐའ་ཟླུམ་ཞིང་འདྲིལ་བ་སྟེ་རིལ་རིལ་པོ་ཞིག་ཏུ་གསུངས་ཡོད་པ་སྟེ། དེ་ཡི་འགྲེལ་བ་བཱི་མ་མི་ཏྲའི་མཛད་པ་ལས་ཀྱང་ཟླ་བ་ཉ་གང་བ་ལྟ་བུའི་དབྱིབས་སུ་ཡོད་པར་བཤད་དོ། །དེས་ན་འཇིག་རྟེན་འདིའི་ཆགས་དབྱིབས་དེ་ནི་སངས་རྒྱས་པ་དག་གི་ལུགས་ལ་ཡང་དེང་སང་གི་བཤད་སྒྲོས་ལྟར་གོ་ལ་བྱ་སྒོང་ལྟ་བུའི་རིལ་རིལ་པོ་རུ་ངེས་པར་བཤད་ཀྱིན་ཡོད་དོ། །འོན་ཀྱང་སྤྱི་ལེ་ཁྲི་གཅིག་ལྷག་ལས་མེད་པས་སའི་གོ་ལ་འཁོར་ཏེ་འགྲོ་བ་འདི་དང་སྤྱི་ལེ་འབུམ་ཕྲག་དགུ་བཅུ་ལྷག་ཡོད་པའི་འཇིག་རྟེན་གྱི་གསུང་ཚུལ་ལ་རྒྱ་ཆེ་ཆུང་གནམ་ས་ལྟ་བུ་ཞིག་གི་ཁྱད་པར་ཡོད་ཀྱང་།   དེ་ནི་འགྲོ་བ་མིའི་མཐོང་ཚུལ་ཉི་ཚེ་བ་དང་འགྲོ་བ་རིགས་མི་འདྲ་བ་ཤིན་ཏུ་མང་པོའི་མཐོང་སྣང་བསྲེས་ཏེ་གསུངས་པའི་དབང་གིས་ཡིན་ཚུལ་གོང་དུ་རྒྱ་ཆེར་བཤད་གྲུབ་པ་ལྟ་བུ་སྟེ།    འདི་ནི་འཇིག་རྟེན་སྤྱིའི་ཆགས་ཚུལ་ཙམ་དུ་མ་ཟད་བྱེ་བྲག་གི་གནས་ལ་མཚོན་ན་ཡང་།   དཔེར་ན་རྒྱ་གར་བྱ་རྒོད་ཕུང་པོའི་རི་ཞེས་པ་དེ་ཡང་སྟོན་པས་ཆོས་འཁོར་བསྐོར་བའི་སྐབས་ཀྱི་སངས་རྒྱས་ཉིད་དང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་མི་དང་མི་མ་ཡིན་པའི་གདུལ་བྱ་དག་གི་ངོར་ནི་རི་ཤིན་ཏུ་རྒྱ་ཆེ་བ་ཞིག་ཡིན་པར་གསུངས་ཏེ།   མདོ་སྡེ་དཀོན་མཆོག་བརྩེགས་པའི་གླེང་གཞི་ལས།   རི་དེ་ནི་མཐོ་ཞིང་རྒྱ་ཆེ་བ་ཤིང་གི་རིགས་མི་འདྲ་བ་བརྒྱ་སྟོང་སྐྱེས་པ་ཤིང་རྟའི་འཕང་ལོ་ཙམ་གྱི་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་མཚོ་དང་མཚེའུ་དུ་མ་ཡོད་པ།  རི་དེ་ན་ཕན་ཚུན་བྱམས་པའི་རི་དྭགས་དང་བྱ་རིགས་བརྒྱ་སྟོང་གནས་པ་སོགས་ངོ་མཚར་བའི་བཀོད་པ་དུ་མས་མཛེས་པ་ཞིག་གསུངས་ཀྱང་ཕལ་བའི་ངོར་ནི་རི་དེའུ་ཤིན་ཏུ་ཆུང་ངུ་ཞིག་ལས་མེད་པ་ལྟ་བུའོ། །དོན་འདི་ཙམ་གྱི་ཐོག་ནས་ཀྱང་སྟོན་མཆོག་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱིས་འཇིག་རྟེན་གྱི་ཁམས་སྤྱི་དང་བྱེ་བྲག་གི་གནས་གང་ཞིག་གསུངས་ཀྱང་ང་ཅག་ཕལ་བའི་མི་ཁོ་ན་ཞིག་གི་མཐོང་སྣང་ཉི་ཚེ་བ་ཞིག་དང་བསྟུན་ཏེ་གསུང་བཞིན་མེད་པ་ནི་ངེས་པར་ཤེས་ཐུབ་སྟེ།      གཞན་དུ་གླེང་གཞིའི་ཚིག་དེ་དག་མཛད་པ་པོའི་བྱང་ཆུབ་སེམས་དཔའ་དེ་རྣམས་མ་དགོས་མི་ཕལ་བ་ཞིག་ཡིན་ཡང་རང་ཉིད་གང་དུ་ཡོད་པའི་གནས་དེ་ཉིད་ཀྱི་ཚད་ཅི་ཙམ་ཡོད་པ་ལ་སུས་ཀྱང་རྟོགས་ཐུབ་པའི་ཆུང་ངུ་ལ་ཆེན་པོ་ཆེན་པོ་ལ་ཆུང་ངུ་ཞེས་ནོར་འཁྲུལ་ཅན་གྱི་གཏམ་དེ་འདྲ་འབྱུང་མི་སྲིད་པས་སོ། །གཞན་ཡང་འདི་དག་གི་སྐོར་ལ་གོ་བ་སྐྱེད་པའི་མཚོན་དཔེ་ཙམ་རེ་བཀོད་ན།  ཁམས་སྟོད་ཡུལ་ཤུལ་གྱི་གྲུབ་པའི་དབང་ཕྱུག་ཆེན་པོ་ཀེ་བཅག་རྟོགས་ལྡན་ཚངས་དབྱངས་རྒྱ་མཚོའི་གསུང་མི་མ་ཡིན་གྱི་ཞུས་ལན་སྐོར་ལས།  སྐབས་ཤིག་ན་མི་མ་ཡིན་གྱི་མཁའ་འགྲོ་མ་དག་གི་གསུང་བཞིན་སྤྲུལ་བསྒྱུར་གྱི་ལས་ལ་བརྟེན་ཏེ་གནས་ཆེན་པོ་ཙ་རི་དང་རོང་བཙན་ཁ་བ་དཀར་པོ་སོགས་སུ་བྱོན་པའི་གཟིགས་སྣང་ལ།  རི་དེ་དག་ནི་ཕྱི་གངས་རི་དང་བྲག་རིའི་རྣམ་པ་དང་ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མཆོད་རྟེན།  བུམ་པ་གཞལ་ཡས་ཁང་གི་རྣམ་པ་ཤིན་ཏུ་རྒྱ་ཆེ་བ་ནང་དུ་དཀར་ཕྱོགས་སྐྱོང་བའི་ལྷ་དང་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ་བཞུགས་པ།  མཆོད་རྟེན་དེ་དག་གི་མཐོ་དམན་དང་ཆེ་ཆུང་གི་ཚད་ལ་འདི་འདྲ་ཞེས་བློས་དཔག་མི་ནུས་པ་ལྟ་བུ་རེ་ཡོད་པར་གསུངས་ལ།  དོན་དེ་འདྲ་ལ་བསམས་ན་ཡང་ང་ཚོ་མི་རྣམས་ལ་སྣང་རྒྱུའི་ཙ་རི་དང་ཁ་བ་དཀར་པོའི་རི་ལ་ནི་བློས་དཔག་མི་ནུས་པའི་ཚད་ཆེན་པོ་ཅི་ཡང་མེད་ཀྱང་།  དཀར་ཕྱོགས་སྐྱོང་བའི་ལྷ་དང་གཞི་བདག་མི་མ་ཡིན་པ་རྣམས་ཀྱི་ངོར་ནི་གྲུབ་ཐོབ་ཆེན་པོ་དེ་ཉིད་ཀྱིས་གཟིགས་པ་ལྟར་རི་ཆུང་ངུ་དེ་དག་ལ་ང་ཚོའི་མཐོང་ཚུལ་དང་ཡེ་མི་འདྲ་བའི་བཀོད་པ་ཤིན་ཏུ་རྒྱ་ཆེ་བ་རེ་ཡོད་པར་གདོན་མི་ཟ་བས་འདི་འདྲའི་སྒོ་ནས་བཤད་མ་ཐག་པའི་འཇིག་རྟེན་གྱི་ཚད་ལ་ཡང་གོ་བ་རེ་ལེན་ཤེས་དགོས་སོ། །   

སོ་ཁི་ཐི་ལའི་གླིང་ཕྲན་ནམ་རྔ་ཡབ་དཔལ་རིའི་གནས་མཆོག

སོ་ཁི་ཐི་ལའི་གླིང་གི་བྲག་རི། སོ་ཁི་ཐི་ལའི་གླིང་གི་བྲག་རིའི་རྣམ་པ།


སོ་ཁི་ཐི་ལའི་མཛེས་ལྗོངས།

སོ་ཁི་ཐི་ལའི་གླིང་གི་མཚོ་དམར་པོ



སོ་ཁི་ཐི་ལའི་རྩི་ཤིང་། ༈   གཉིས་པ་ལྷོ་ནུབ་སྲིན་པོའི་ཡུལ་གླིང་ངོས་བཟུང་བ་ལ།   དེ་ལྟར་གོང་དུ་བཤད་མ་ཐག་པའི་འཇིག་རྟེན་གྱི་གནས་དེ་ན་འགྲོ་བ་རིགས་མི་འདྲ་བ་དུ་མའི་ཡུལ་སྣ་ཚོགས་ཤིག་ཡོད་པ་ལས་འདིར་འགྲོ་བ་མིའི་གནས་ལྷོ་འཛམ་བུ་གླིང་གི་གླིང་ཕྲན་རྔ་ཡབ་སྲིན་པོའི་གླིང་ཞེས་པ་དེ་ནི།    དེ་ཡང་ཆོས་མངོན་པ་སོགས་ལས་ལྷོ་འཛམ་བུ་གླིང་གི་ནུབ་དང་ཤར་དུ་རྔ་ཡབ་དང་རྔ་ཡབ་གཞན་ཞེས་གླིང་ཕྲན་གཉིས་ཡོད་ཚུལ་དང་།   གླིང་ཕྲན་དེ་གཉིས་ཀྱང་དབྱིབས་གཙོ་བོའི་གླིང་དང་མཚུངས་པར་སོག་ཁའི་དབྱིབས་སུ་གནས་ཤིང་།   རྔ་ཡབ་ཀྱི་གླིང་དུ་སྲིན་པོ་རྣམས་ཡོད་ཅིང་དེ་ཡང་འགྲོ་བ་མིའི་རིགས་རེ་ཡིན་ཚུལ་ཙམ་ལས་ཞིབ་པར་གསུངས་མེད་དོ། །འོན་ཀྱང་ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བོད་དུ་བྱོན་ནས་སྐུ་དངོས་ཀྱི་མཛད་པ་རྫོགས་ལ་ཉེ་བའི་དུས་སུ་རྔ་ཡབ་སྲིན་པོའི་གླིང་དུ་ཕེབས་ཏེ།  ཟངས་མདོག་དཔལ་གྱི་རི་བོའི་རྩེ་ན་སྐུ་གསུམ་གྱི་ཞིང་ཁམས་ཀྱི་བཀོད་པ་དང་བཅས་ཏེ་བཞུགས་ནས་སྐུ་གསུང་ཐུགས་ཀྱི་སྤྲུལ་པའི་གཏེར་ཆེན་དུ་མ་སྔོན་ནས་ད་ལྟའི་བར་གངས་ཅན་བོད་ཀྱི་ཡུལ་འདིར་བརྒྱུད་མར་བྱུང་བ་ཡིན་ལ།  སྤྲུལ་པའི་གཏེར་སྟོན་ཆེན་པོ་དེ་དག་གིས་མཛད་པའི་བླ་མ་ཨུ་རྒྱན་ཆེན་པོའི་རྣམ་ཐར་བཀའ་ཐང་དག་དང་།  གཏེར་སྟོན་རང་རང་གི་དངོས་ཉམས་རྨི་ལམ་ལ་བརྟེན་ནས་དཔལ་རི་པདྨ་འོད་ཀྱི་ཞིང་དུ་ཇི་ལྟར་ཕེབས་ཚུལ་གྱི་རྣམ་ཐར་དག་ཏུ་རྔ་ཡབ་སྲིན་པོའི་གླིང་གི་བཀོད་པ་རྣམས་རྒྱས་པར་གསུངས་ཡོད་པས་འདིར་དེ་དག་གཞིར་བཟུང་སྟེ་བཤད་པ་ལ།   དེ་ཡང་ལྷོ་ནུབ་སྲིན་པོའི་གླིང་དེ་ཕྱོགས་གང་དུ་ཡོད་ན་བཀའ་ཐང་རྣམས་ཀྱི་ནང་དུ་འཛམ་གླིང་སོག་ཁའི་དབྱིབས་སུ་གནས་པའི་སོག་པའི་ཡུ་བའི་ཕྱོགས་ཏེ།   རྒྱ་གར་ལྷོ་ནུབ་ཀྱི་ཕྱོགས་མུ་ལེ་འཕྲུལ་གྱི་མཚོ་ཞེས་བྱ་བའི་རྒྱ་མཚོ་ཆེན་པོའི་དབུས་ན་སྲིན་རྒྱལ་རཀྴ་ཐོད་ཕྲེང་གི་བཞུགས་གནས་ཟངས་མདོག་དཔལ་གྱི་རི་བོ་ཞེས་བྱ་བ་དཔང་དུ་རྒྱང་གྲགས་ཉི་ཤུ་དང་མཐའ་སྐོར་དུ་རྒྱང་གྲགས་དྲུག་བཅུ་ཡོད་པ་ཞིག་ཡོད་ཅིང་།  དེ་ན་གུ་རུ་རིན་པོ་ཆེའི་ཐུགས་བསྐྱེད་དང་སྨོན་ལམ་ལས་གྲུབ་པའི་ཞིང་ཁམས་ཀྱི་རྣམ་པ་ཇི་ལྟར་གནས་ཚུལ་སོགས་ཤིན་ཏུ་རྒྱས་པར་གསུངས་ཡོད་ལ།   དེ་ཡི་མཐའ་སྐོར་དུ་ཤར་ན་བུམ་འཐིབ་པ་རུ་ལིངྒ་པཱུ་རའི་གླིང་དང་ལྷོ་ན་ཟང་ཐལ་ཀེ་རི་བརྩེགས་པ་ནུབ་ན་ཤ་མཁར་ཅན་དང་སྲིན་པོ་རཀྴ་གློག་ཕྲེང་གི་གནས་སོགས་དང་བྱང་ན་ནོར་བུའི་གླིང་སྟེ།   དེ་རེ་རེ་ན་ཡང་སྲིན་པོའི་གྲོང་བྱེ་བ་འགའ་རེ་ཡོད་ཚུལ་དང་།  གཞན་ཡང་མཚམས་བཞི་པོ་རྣམས་སུ་ཡང་ཤར་ལྷོ་འབར་བའི་གླིང་སོགས་གྲོང་ཁྱེར་འབུམ་ཕྲག་མང་པོ་ཡོད་པའི་སྲིན་པོའི་ཡུལ་གླིང་དུ་མ་ཞིག་གནས་པར་གསུངས་པས། རྔ་ཡབ་ཀྱི་གླིང་ཞེས་པ་དེ་ཡང་དེ་ན་གནས་པའི་འགྲོ་བ་རྣམས་ཀྱི་མཐོང་ཚུལ་ལྟར་བྱས་ན་ཡུལ་ཆུང་ངུ་ཞིག་ཡིན་པར་མི་སེམས་སོ། །འོ་ན་དེ་འདྲའི་རྔ་ཡབ་དཔལ་རིའི་གནས་དེ་དེང་སང་གི་སའི་གནས་བབས་ལ་གཞིག་ན་ཡུལ་གང་ལ་ངོས་འཛིན་རྒྱུ་ཡིན་སྙམ་ན།  འདི་ལྟར་ལགས་ཏེ།  དེང་སང་རྒྱ་གར་ལྷོ་ནུབ་ཀྱི་ཕྱོགས་དེ་ན་མཚོ་ཆེན་པོ་ཞིག་ཡོད་པ་དེ་ནི་ཨ་ལ་པོ་(阿拉伯海)རྒྱ་མཚོ་ཟེར་བ་དེ་ཡིན་ལ།  དེ་ཡི་ནང་ན་རི་སོགས་ཡོད་པའི་མཚོ་གླིང་ཞིག་ཡོད་པ་ནི་ཧྥེ་གླིང་དང་ཨ་ལ་པོའི་ས་སྣེའི་ཤར་འགྲམ་ཡེ་མིན་(也门)ཞེས་པའི་ཡུལ་གྱི་ཁོངས་སུ་གཏོགས་པའི་སོ་ཁི་ཐི་ལ་(索科特拉岛)ཟེར་བའི་གླིང་དེ་ཁོ་ན་ལས་གཞན་འདི་ཡིན་པ་འདྲ་སྙམ་པའི་ངོས་འཛིན་ཆོག་ཆོག་གི་ང་ཅག་འགྲོ་བ་མི་རྣམས་ལ་སྣང་ནུས་པའི་གནས་ཤིག་ས་བཀྲའི་སྟེང་དུ་འཁོད་མེད་ཅིང་།   སོ་ཁི་ཐི་ལ་ཟེར་བའི་མིང་དེ་ཡང་སྔར་གྱི་རྒྱ་གར་ལེགས་སྦྱར་གྱི་སྐད་ཟུར་ཆགས་པ་ཞིག་ཡིན་པར་བཤད་ཅིང་དོན་ནི་མཆོག་ཏུ་བདེ་བའི་གླིང་ཞེས་པ་སྟེ།  དེ་འདྲའི་གླིང་ཆུང་དེ་ནི་རྔ་ཡབ་དཔལ་གྱི་རི་བོ་ཡོད་པའི་གནས་དེ་རུ་ངོས་འཛིན་རྒྱུ་ཡིན་འདུག་སྙམ་མོ། །དེ་ཡང་རྒྱུ་མཚན་ཅི་འདྲ་ཞིག་ལ་བརྟེན་ནས་ཡིན་ན་བཀའ་ཐང་དག་ཏུ་དཔལ་རིའི་ཤར་ཕྱོགས་ན་དེང་སང་སིངྒ་ལའི་གླིང་སྟེ་སྲིན་ཡུལ་ལངྐ་པཱུ་རིའི་ཡུལ་དེ་ཡོད་པར་གསུངས་པས་དེས་ན་དེ་ཡི་ནུབ་རྒྱུད་ན་རྔ་ཡབ་དཔལ་རིའི་གནས་དེ་ཡོད་པར་གྲུབ་པ་དང་།  གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཟངས་མདོག་དཔལ་རི་ལ་བྱོན་ཚུལ་རྗེ་དེ་ཉིད་ཀྱི་རྣམ་ཐར་དུ་བཀོད་པ་ལས། ཁོང་ཐོག་མར་རྔ་ཡབ་ཀྱི་གླིང་དང་ཉེ་བ་སིངྒ་ལའི་གླིང་དུ་བྱོན་ནས་སྲིན་པོ་རྣམས་ཆོས་ལ་བཀོད་པ་དང་དེ་ནས་གནས་དེའི་ནུབ་བྱང་གི་རྒྱ་མཚོ་ཆེན་པོའི་སྟེང་ནས་ཕེབས་ཏེ་ཟངས་མདོག་དཔལ་གྱི་རི་བོའི་གནས་སུ་བྱོན་ཚུལ་གསུངས་ཡོད་ལ། གཞན་ཡང་གཏེར་ཆེན་རཏྣ་གླིང་པ་དང་ཀཿཐོག་བདུད་འདུལ་གཉིས་དཔལ་རིའི་ཞིང་དུ་བྱོན་པའི་གཟིགས་སྣང་ལས་ཀྱང་དཔལ་རི་པདྨ་འོད་ཀྱི་ཤར་དང་ལྷོའི་ཕྱོགས་ནས་གཟིགས་ཚེ་གནས་དེ་ཡི་ཤར་ལྷོའི་ཕྱོགས་ན་མཚོ་ཆེན་པོ་གནམ་སྔོན་ཐང་ལ་ལྷུང་པ་འདྲ་བའི་མཐར་སིངྒ་ལའི་གླིང་གི་སྲིན་པོའི་ལངྐ་མགྲིན་བཅུའི་གནས་དང་རི་མ་ལ་ཡ་སོགས་གཟིགས་ཚུལ་ཤིན་ཏུ་རྒྱས་པར་བཀོད་ཡོད་ཅིང་།  ཁྱད་པར་རཏྣ་གླིང་པའི་གསུང་དུ་ཁོང་ཐོག་མར་ཨུ་རྒྱན་མཁའ་འགྲོའི་གླིང་དུ་བྱོན་ཅིང་དེ་ནས་རྒྱ་མཚོ་ཆེན་པོ་ཞིག་གི་སྟེང་ནས་ཕྱིན་ཅིང་སྲིན་པོའི་ཡུལ་གྱི་ནུབ་ཏུ་སླེབས་པ་ན།   དེ་ན་སྲིན་པོའི་རྒྱལ་པོ་རཀྴ་གློག་ཕྲེང་གི་གནས་ཡོད་ཅིང་དེ་ནས་ཤར་དུ་བལྟས་ནས་ཕྱིན་པས།  སྲིན་པོའི་གྲོང་ཁྱེར་སྐར་མ་ལྟ་བུའི་བར་ན་ཤར་ཕྱོགས་སུ་ལམ་སྐྱ་ཤར་རེ་ཡོད་པ་ལ།  བུ་མོ་གཅིག་ན་རེ།  ས་ལ་བབས་ནས་འགྲོ་ན་དཔལ་རིར་འགྲོ་བའི་ལམ་མ་ཀི་ཡིན་ཞེས་གསུངས་ཤིང་།   དེ་ནས་ཡུལ་དེ་ཟད་ནས་མཚོ་མུ་ལེ་འཕྲུལ་གྱི་ངོས་དེ་ན་དཔལ་རིའི་གནས་ཡོད་ཚུལ་སོགས་ཤིན་ཏུ་གསལ་བ་དང་།  དེ་འདྲའི་གུ་རུའི་རྣམ་ཐར་དང་གྲུབ་ཐོབ་ཆེན་པོ་དག་གི་གཟིགས་སྣང་ཐམས་ཅད་མཐུན་པར་ཡོད་པས་དཔལ་རི་པདྨ་འོད་ཀྱི་གནས་དེ་ལྷོ་ཕྱོགས་སིངྒ་ལའི་གླིང་གི་ནུབ་རྒྱུད་མུ་ལེ་འཕྲུལ་གྱི་མཚོ་ཆེན་ནམ་ཨ་ལ་པོའི་རྒྱ་མཚོ་ཆེན་པོའི་ནང་གི་གླིང་ཕྲན་ཞིག་ལ་ངོས་འཛིན་རྒྱུ་ངེས་པར་ཡིན་འདུག་གོ །གཞན་ད་ལྟ་མཇལ་དུ་ཡོད་པ་སྤྲུལ་པའི་གཏེར་སྟོན་དག་གིས་མཛད་པའི་དཔལ་རིའི་མཐོང་སྣང་སུམ་ཅུ་ལྷག་ཙམ་རེ་ཡོད་པ་ཐམས་ཅད་ཀྱང་མཐུན་པར་རྔ་ཡབ་དཔལ་རིའི་གནས་དེ་རྒྱ་མཚོ་ཆེན་པོ་ཞིག་གི་དབུས་ཀྱི་གླིང་ཕྲན་ཞིག་ལ་ངོས་བཟུང་ཡོད་ཅིང་།  འགའ་རེའི་ནང་དུ་གོང་དང་མཐུན་པར་སིངྒ་ལའི་ནུབ་རྒྱུད་དེ་ན་གནས་པར་གསུངས་པ་ཡང་ཡོད་དོ། །དེ་ཡང་བཀའ་ཐང་རྣམས་སུ་རྔ་ཡབ་སྲིན་པོའི་གླིང་གི་སའི་དབྱིབས་དེ་སོག་ཁའི་དབྱིབས་ཡུ་བ་ནང་ཕྱོགས་སུ་བསྟན་པ་ལྟ་བུ་ཞིག་གི་ཚུལ་དུ་ཡོད་པར་གསུངས་ལ།  གོང་དུ་ངོས་བཟུང་བའི་མཚོ་གླིང་དེའི་སའི་སྤྱི་དབྱིབས་ཀྱང་ཡུ་བ་ཕྲ་བའི་ཕྱོགས་དེ་ནང་རྒྱ་གར་དུ་བསྟན་པ་དང་། སོག་ཁ་ཆེ་བའི་ཕྱོགས་དེ་ཕྱི་རོལ་དུ་འཁོར་བའི་སོག་པ་ཞིག་གི་དབྱིབས་ཇི་ལྟ་བུར་ཡོད་པ་དང་། གཞན་ཡང་རྔ་ཡབ་ཀྱི་གླིང་དེ་ཨུ་རྒྱན་གྱི་ཡུལ་དང་ཤིན་ཏུ་ཉེ་བར་ཡོད་པར་གསུངས་ལ་བཤད་མ་ཐག་པའི་གནས་དེ་ཡང་རྒྱ་མཚོ་ཆེན་པོ་དེའི་ཕར་ཕྱོགས་ཀྱི་སའི་ངོས་དང་ཉེ་བར་ཡོད་ཅིང་།   མཚོ་ཆེན་པོ་དེའི་ཚུར་ངོས་ནི་རྒྱ་གར་དང་ཕར་ཕྱོགས་ཨ་ལ་པོའི་ས་ཆ་དག་ཨུ་རྒྱན་གྱི་ཡུལ་དུ་འཇོག་དགོས་ཏེ།  ཨུ་རྒྱན་གྱི་ཡུལ་ཞེས་པ་དེ་ལ་ས་ཁྱོན་ཤིན་ཏུ་ཆེ་བར་བཀའ་ཐང་ལས་གསལ་བ་ལྟར་དང་། དེ་བཞིན་དུ་སོག་བཟློག་པའི་གུ་རུའི་རྣམ་ཐར་ལས་ཀྱང་།   མུ་ལེ་འཕྲུལ་གྱི་མཚོ་དེའི་མཚོ་མཇུག་ཕྱོགས་བཞིར་འབབ་པའི་དབུས་སུ་ཟངས་མདོག་དཔལ་རི་ཡོད་པར་གསུངས་ཤིང་སོ་ཁི་ཐི་ལའི་གླིང་དེའི་ཉེ་འགྲམ་དུ་མཚོས་ཆོད་པའི་གླིང་ཆུང་གསུམ་འབྲེལ་བའི་ཚུལ་གྱིས་ཡོད་པ་ཞིག་ཡིན་པས་མཚོ་མཇུག་ཕྱོགས་བཞིར་འབབ་པ་ཡང་དེ་དང་འགྲིགས་པར་ཡོད་ཅིང་།  གཞན་ཡང་རྔ་ཡབ་ཀྱི་གླིང་ཡོད་པའི་མཚོ་དེ་དེང་སང་ཨ་ལ་པོའི་རྒྱ་མཚོ་དེ་ལ་ངོས་འཛིན་དགོས་པའི་རྒྱུ་མཚན་ཡང་གསོལ་འདེབས་ལེའུ་བདུན་མ་ལས་གུ་རུ་རིན་པོ་ཆེ་གང་དུ་འཁྲུངས་པའི་གནས་ངོས་འཛིན་པའི་སྐབས་སུ།  ལྷོ་ནུབ་རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ། །སིནྡྷུ་རྒྱ་མཚོ་རོལ་བའི་མཚོ་གླིང་དུ།  །ཞེས་གུ་རུ་གང་དུ་འཁྲུངས་པའི་གནས་དེ་ནི་ཆུ་བོ་སིནྡྷུ་གང་དུ་འབབས་པའི་རྒྱ་མཚོ་ཆེན་པོ་དེ་ཡི་ནང་དུ་ལྷོ་ནུབ་སྲིན་པོའི་གླིང་ཡོད་པའི་ཕྱོགས་ཤིག་ཡིན་པར་གསུངས་ཡོད་པས།  དེ་ལྟར་ན་གངས་ཏི་སེའི་ནུབ་རྒྱུད་ནས་འབབ་པའི་ཆུ་བོ་ཆེན་པོ་སིནྡྷུ་དེ་ནི་ཨ་ལ་པོའི་རྒྱ་མཚོ་ཆེན་པོ་དེ་ལ་འབབས་ཀྱིན་ཡོད་པ་འདིས་རྔ་ཡབ་དཔའ་རིའི་གླིང་ཡོད་པའི་མུ་ལེ་འཕྲུལ་གྱི་མཚོ་ཞེས་པ་དེ་ཨ་ལ་པོའི་མཚོ་ཟེར་བ་དེ་ལ་བཤད་ཀྱིན་ཡོད་པར་ཡང་ཤེས་སོ། །དེ་ལ་སོགས་པའི་རྒྱུ་མཚན་མང་པོ་ཞིག་ལ་བསམས་ན་རྔ་ཡབ་དཔལ་རིའི་གནས་དེ་གོང་ལྟར་ངོས་བཟུང་བ་དེ་ཤིན་ཏུ་བདེ་བར་ཡོད་པ་འདྲ་ཡང་འདི་ལྟར་སྨྲ་བ་ནི་ཁོ་བོ་ཙམ་དུ་ཟད་པས་ད་དུང་མཁས་པ་དང་གྲུབ་པའི་སྐྱེས་བུ་དག་གིས་ལུང་རིགས་དང་ཡེ་ཤེས་ཀྱི་གཟིགས་པ་ལ་བརྟེན་ནས་ཡང་ཡང་བརྟགས་པར་འཚལ་ལོ། །དེ་ལ་འདི་སྙམ་དུ།  གསོལ་འདེབས་ལེའུ་བདུན་མ་ལས། འདི་ནས་ཉི་མ་ལྷོ་ནུབ་མཚམས་ཤེད་ན། །གནས་ཆེན་རྡོ་རྗེ་གདན་གྱི་ནུབ་བྱང་མཚམས། །རྔ་ཡབ་གླིང་ཕྲན་ཟ་བྱེད་སྲིན་པོའི་ཡུལ། །ཞེས་རྔ་ཡབ་སྲིན་པོའི་གླིང་དེ་རྡོ་རྗེ་གདན་གྱི་ནུབ་བྱང་གི་མཚམས་སུ་ཡོད་པར་གསུངས་པ་དང་།  དེ་བཞིན་དུ་རིག་འཛིན་འཇིགས་མེད་གླིང་པའི་དཔལ་རིའི་སྨོན་ལམ་སོགས་སུའང་དེ་ལྟར་གསུངས་ལ།  གོང་དུ་ངོས་བཟུང་བའི་མཚོ་གླིང་དེ་ནི་རྡོ་རྗེ་གདན་གྱི་ལྷོ་ནུབ་ཀྱི་ཕྱོགས་སུ་སོང་ཡོད་པས་ཕྱོགས་མི་འདྲ་བས་མི་འཐད་ཅེ་ན། དེ་ཡང་ཆུ་བོ་སིནྡྷུ་རྒྱ་མཚོ་ཆེན་པོར་འབབ་པའི་མཚམས་དེ་ནི་རྡོ་རྗེ་གདན་གྱི་ནུབ་བྱང་གི་ཕྱོགས་ཡིན་ཞིང་།  དེ་ནས་ལྷོ་ནུབ་སྲིན་པོའི་ཡུལ་གྱི་མགོ་བཟུང་སྟེ་བྱང་ནས་ལྷོར་རྒྱ་མཚོ་ཆེན་པོ་དེ་ཡི་སྟེང་དང་སའི་ཆ་དག་ཏུ་སྲིན་གླིང་དེ་དག་ཆགས་ཡོད་པས།  དེས་ན་གོང་གི་གསུང་དེ་དག་གི་དོན་ཡང་རྡོ་རྗེ་གདན་གྱི་ནུབ་བྱང་གི་ཕྱོགས་ནས་སྲིན་ཡུལ་གྱི་སའི་སྣེ་ཟིན་པ་ཡིན་པས་དེ་ལྟར་གསུངས་བ་ཡིན་གྱི་སྲིན་པོའི་ཡུལ་དབུས་རྔ་ཡབ་དཔལ་རིའི་གནས་དེ་ཕྱོགས་དེ་ན་ཡོད་པར་བསྟན་པ་མིན་པས་སྐྱོན་མེད་དོ། །འོ་ན་དེ་འདྲའི་སོ་ཁི་ཐི་ལ་ཞེས་པའི་མཚོ་གླིང་དེ་ལ་ཅི་འདྲ་ཞིག་ཡོད་ཟེར་ན།   དེ་ནི་འདི་འདྲ་ཞིག་ཡིན་ཏེ།   སའི་རྒྱ་ཁྱོན་ལ་ཞེང་ཚད་དུ་སྤྱི་ལེ་བཞི་བཅུ་ཙམ་དང་རིང་ཚད་ལ་སྤྱི་ལེ་བརྒྱ་ལྷག་རེ་ཡོད་པ།  སའི་མཐའ་རྣམས་ཕྱེ་མའི་རི་ཐང་དང་དབུས་ཀྱི་ཕྱོགས་ན་རི་གླིང་དང་རྩི་ཤིང་སྣ་ཚོགས་སྐྱེས་ཤིང་།  ཤིང་དང་མེ་ཏོག་སོགས་ཀྱི་རྣམ་པ་ཡང་ཡུལ་གཞན་གྱི་རྩི་ཤིང་སོགས་དང་མི་འདྲ་བར་ཡོད་པ།  རི་གླིང་གི་ཕྱོགས་འགའ་རེའི་ས་ཕྱོགས་དང་རི་ཐམས་ཅད་དམར་པོ་ཡིན་པ་དེའི་དབང་གིས་ཡུལ་དེའི་འབབས་ཆུ་འགའ་རེ་དང་མཚོའི་ཁ་དོག་ཀྱང་དམར་པོར་གྱུར་པ་སྟེ།  དཔལ་རིའི་མཐོང་སྣང་དག་ཏུ་ཡང་ཟངས་མདོག་དཔལ་རི་ཟེར་བའི་ས་དང་རི་བྲག་རྣམས་ཀྱང་དམར་པོར་ཡོད་པར་གསུངས་པ་དག་དང་མཐུན་ཞིང་ཕྱོགས་འགའ་རེ་ན་རི་བྲག་འཇིགས་སུ་རུང་བ་དུ་མ་དང་།   བླ་མ་རྣམས་ཀྱི་གཟིགས་སྣང་དག་ཏུ་ཟངས་མདོག་དཔལ་གྱི་རི་བོ་ཞེས་བྱ་བ་དབྱིབས་བཙན་བཤོས་བསླང་བའམ་ཕུར་བུའི་དབལ་ལྟ་བུ།   མདོག་དམར་སྨུག་མཐའ་སྐོར་དུ་བྲག་རི་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་ཡོད་པར་གསུངས་པ་དེ་རུ་བཤད་ཆོག་ཆོག་འདྲ་བ་རེ་ཡང་ཡོད་པར་སྣང་ངོ་། །དེང་སང་གི་ཡུལ་སྐོར་བ་དག་གི་མཐོང་ཚུལ་ཡི་གེར་བཀོད་པ་དག་ན་ཡང་འཛམ་གླིང་ཐོག་སའི་གོ་ལའི་གནས་བབས་སྤྱི་དང་མི་མཐུན་པར་འཇིག་རྟེན་གཞན་གྱི་གནས་ཤིག་ཡིན་པ་འདྲ་བའི་གླིང་ཞིག་ཡོད་པ་དེ་འདི་ཉིད་ཡིན་ཞེས་བཀོད་འདུག་ལ།   གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་དུ་ཡུལ་དེའི་ཚོང་འདུས་དང་ལམ་སྲང་དག་ཏུ་ཨུ་རྒྱན་གྱི་འགྲོ་བ་དུ་མ་ལ་ཆོས་གསུངས་ཚུལ་ཡོད་པ་བཞིན་དུ་དེང་སང་ཡང་ཕྱི་གླིང་གི་མིའི་གྲོང་ཆུང་འགའ་རེ་གནས་དེ་ན་གཞི་ཆགས་ནས་ཡོད་པ་སྟེ།     ཞིབ་ཏུ་ཤེས་འདོད་ན་མཚོ་གླིང་དེའི་ངོ་སྤྲོད་དང་བརྙན་པར་རྣམས་སུ་གཟིགས་པར་འཚལ་ལོ། །འོན་ཀྱང་དཔལ་རིའི་ཞིང་བཀོད་དག་ན་གསུངས་པའི་དག་པ་རིག་འཛིན་གྱི་དཔའ་བོ་མཁའ་འགྲོའི་བཞུགས་གནས་ཕོ་བྲང་པདྨ་འོད་ཀྱི་གཞལ་ཡས་ཁང་དང་ཞིང་གི་བཀོད་པ་སོགས་དང་།  དེ་ཡི་མཐའ་སྐོར་དུ་མ་དག་སྲིན་པོའི་ཡུལ་གླིང་ཆེན་པོ་ཉེར་གཉིས་ཏེ་སྨན་ཛ་ཏིའི་ཟས་ཁོ་ན་ལ་ལོངས་སྤྱོད་པ་ཛ་ཏིའི་གྲོང་དང་ཤ་ཆེན་ཁོ་ན་ལ་ལོངས་སྤྱོད་པ་སྲིན་པོ་འཐིབ་པ་ཅན་དང་།  གཞན་ཡང་མེ་ཏོག་ཁོ་ན་ཟ་བ་སོགས་ལོངས་སྤྱོད་མི་མཐུན་པ་དང་རྫུ་འཕྲུལ་གྱིས་ནམ་མཁར་འགྲོ་ཐུབ་པ་སོགས་ཀྱི་སྲིན་པོའི་ཡུལ་གླིང་བྱེ་བ་དུ་མ་ཡོད་པར་གསུངས་པ་རྣམས་ནི།   ཡུལ་དེ་ན་གནས་པའི་དག་དང་མ་དག་གི་འགྲོ་བ་དུ་མའི་ལས་སྣང་གི་འཇིག་རྟེན་ཞིག་ཡིན་པས་མངོན་ཤེས་དང་རྫུ་འཕྲུལ་མངའ་བའི་གྲུབ་པ་ཐོབ་པའི་གང་ཟག་རྣམས་ཀྱི་སྤྱོད་ཡུལ་ལས་དེ་རྣམས་དང་ལས་སྣང་མི་མཐུན་པ་ང་ཅག་ཕལ་བ་རྣམས་ཀྱི་མཐོང་ཡུལ་དུ་མ་གྱུར་པ་ཁོ་ན་ཡིན་ནོ། །  ༈ གསུམ་པ་དེས་མཚོན་ཏེ་གླིང་བཞིའི་འཇིག་རྟེན་གཞན་རྣམས་ཕྱོགས་ཙམ་བཤད་ན།  དེ་ཡང་ཆོས་མངོན་པ་སོགས་ལས་ས་ཆེན་པོ་འདིའི་དབུས་ཀྱི་རི་བོ་མཆོག་རབ་ཀྱི་ཤར་ལྷོ་ནུབ་བྱང་གི་ཕྱོགས་བཞི་རྣམས་སུ་ཤར་ན་ལུས་འཕགས་པོ།  ལྷོ་ན་འཛམ་བུའི་གླིང་།  ནུབ་བ་ལང་སྤྱོད།  བྱང་སྒྲ་མི་སྙན་རྣམས་གླིང་གཡོག་གཉིས་རེ་དང་བཅས་ཏེ་གླིང་བཞི་གླིང་ཕྲན་བརྒྱད་ཀྱི་ཚུལ་དུ་ཡོད་པར་གསུངས་ཤིང་།  དེ་དག་གི་ཁྱད་པར་ཡང་གླིང་གི་སའི་དབྱིབས་མི་འདྲ་བ་ལྟར་དེ་ན་གནས་པའི་མི་རྣམས་ཀྱི་གདོང་གི་དབྱིབས་ཀྱང་མི་འདྲ་བ་དང་།  སྒྲ་མི་སྙན་པ་མ་རྨོས་པའི་ལོ་ཏོག་ལ་བརྟེན་ནས་འཚོ་ཞིང་ངེས་པར་ཚེ་ལོ་སྟོང་ཐུབ་པ་དང་།  བ་ལང་སྤྱོད་ཀྱི་མི་རྣམས་འདོད་འཇོའི་བ་ལ་བརྟེན་ནས་འཚོ་བ་སོགས་ཀྱི་ཁྱད་པར་དུ་མ་ཞིག་གསུངས་ཡོད་དོ། །དེ་འདྲའི་གླིང་དེ་དག་ལས་ལྷོ་འཛམ་བུ་གླིང་ནི་སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་གཙོ་བོ་དང་གླིང་གཞན་གསུམ་པོ་ལ་ཡང་སངས་རྒྱས་འཁོར་བཅས་དངོས་སུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བྱང་སྒྲ་མི་སྙན་མ་གཏོགས་པའི་གླིང་གཞན་ཐམས་ཅད་ན་ཡང་འཁོར་རྣམ་པ་བཞི་ཡང་ཡོད་ཚུལ་མདོ་སྡེ་རྣམས་ལས་བྱུང་བ་བཞིན་ཡིན་པས།  དེས་ན་གླིང་དེ་དག་ནི་མཆོག་གི་སྤྲུལ་སྐུའི་གདུལ་ཞིང་གི་གཙོ་བོ་རེ་ཡིན་པས་བཀའ་རྣམས་ལས་ཀྱང་རྒྱ་ཆེར་བྱུང་ངོ་། །དེ་འདྲིའི་གླིང་དེ་དག་ཀྱང་རི་རབ་གླིང་བཞི་དང་བཅས་པ་མཐོང་བའི་གང་ཟག་དག་གི་ངོར་ལྟོས་ན་རི་རབ་ཀྱི་ཕྱོགས་བཞི་ན་ཡོད་པ་སྟེ།   སངས་རྒྱས་ཀྱི་གསུང་ལས་ཇི་ལྟར་བྱུང་བ་བཞིན་དུ་སྔོན་གྱི་སྐྱེས་ཆེན་དམ་པ་མན་ལུང་གུ་རུའི་ལམ་ཡིག་དང་།  ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སོགས་ཀྱི་རྣམ་ཐར་དག་ན་རི་རབ་ཀྱི་རྩེ་ནས་གཟིགས་ཚེ་ཕྱོགས་སོ་སོ་ན་དེ་འདྲའི་གླིང་དག་ཡོད་པ་མཐོང་ཚུལ་གསལ་བོར་གསུངས་པས་སོ། །   འོན་ཀྱང་ང་ཅག་ལ་ནི་རི་རབ་སོགས་སྣང་མི་ནུས་ཀྱང་དེ་འདྲའི་གླིང་དེ་དག་ནི་འགྲོ་བ་མིའི་ཡུལ་གྱི་གནས་འདིའི་ཤར་ལྷོ་ནུབ་བྱང་གི་ཕྱོགས་དག་ན་ཡོད་པར་འདོད་དགོས་ཏེ།  དེ་ཡང་ད་ལྟའི་སའི་གནས་བབས་ལ་གཞིག་ན་བཙན་པོ་བསྟན་འཛིན་ཕྲིན་ལས་ཀྱི་འཛམ་གླིང་རྒྱས་བཤད་ལས་ཕྱོགས་ཙམ་རེ་ངོས་བཟུང་ཡོད་པ་ལྟར་ཏེ།  དཔེར་ན་བྱང་མེ་གླིང་གི་ཕྱོགས་དེ་སྒྲ་མི་སྙན་དང་ནུབ་ཧྥེ་གླིང་གི་ཕྱོགས་དེ་བ་ལང་སྤྱོད་དུ་བཤད་པ་དང་གཞན་ཡང་དེང་སང་གླིང་བདུན་དུ་བགོས་པའི་ཡ་གྱལ་ཤར་ལྷོའི་ཕྱོགས་ཀྱི་མཚོ་ཆེན་གླིང་དེ་ལུས་འཕགས་གླིང་དུ་འཇོག་དགོས་པ་ལགས་སོ། །དེ་ལྟ་ནའང་དེང་སང་ནི་ཡུལ་དེ་དག་ཐམས་ཅད་དུ་ལྷོ་འཛམ་བུ་གླིང་གི་མིའི་རིགས་རྣམས་རིམ་གྱིས་འཕེལ་ཏེ་ཆགས་ཡོད་པ་ཡིན་པས་སངས་རྒྱས་ཀྱི་གསུང་ལས་བྱུང་བ་ལྟ་བུའི་འདོད་འཇོའི་བ་ལ་བརྟེན་པ་དང་ཚེ་ལོ་སྟོང་ཐུབ་པའི་མིའི་རིགས་དེ་འདྲ་ཚོ་དངོས་སུ་ང་ཅག་ལ་མི་སྣང་ཡང་གོང་དུ་སྲིན་པོའི་ཡུལ་གླིང་བཤད་པའི་སྐབས་སུ་ཛ་ཏིའི་ཟས་ལ་བརྟེན་པ་མེ་ཏོག་གི་ཟས་ལ་བརྟེན་པ་དང་།  ཤ་ཆེན་ཁོ་ན་ཟ་བའི་མིའི་རིགས་ཀྱི་སྲིན་པོ་རྫུ་འཕྲུལ་དང་ལྡན་པ་དུ་མའི་སིངྒ་ལའི་ནུབ་རྒྱུད་ཐམས་ཅད་གང་ནས་ཡོད་པ་ལྟ་བུ་ཞིག་གསུངས་ཤིང་།   དེ་ལྟར་མཐོང་བའི་རིག་པ་འཛིན་པའི་སྐྱེས་ཆེན་ཤིན་ཏུ་མང་པོ་ཞིག་ཡོད་པ་ཡིན་ནའང་དེ་དག་རྣམས་སུ་ད་ལྟ་འགྲོ་བ་མིའི་རིགས་རྣམས་ཆགས་ཤིང་།   དེ་འདྲའི་སྲིན་པོའི་གྲོང་དང་སེམས་ཅན་རྣམས་ཀྱང་ང་ཅག་ལ་དངོས་སུ་མི་སྣང་བ་དང་མཚུངས་པར་ཤེས་པར་བྱ་དགོས་ཏེ།   གླིང་དེ་དག་གི་འགྲོ་བ་རྣམས་ནི་སྤྱིར་འགྲོ་བ་མིའི་རིགས་རེ་ཡིན་དགོས་ཀྱང་རང་ཅག་འཛམ་བུ་གླིང་པ་རྣམས་དང་ལས་སྣང་ཅུང་རེ་མི་འདྲ་བས་སོ། །དེ་ཡང་ཇི་ལྟར་མི་འདྲ་ན་རྒྱུ་ལས་ཀྱི་འཕེན་པ་ཡང་མི་འདྲ་སྟེ།  མདོ་མྱང་འདས་ལས།  མི་དགེ་བ་ཆེ་འབྲིང་ཆུང་ངུའི་དམྱལ་བ་བྱོལ་སོང་ཡི་དྭགས་སུ་སྐྱེས་པ་བཞིན་དགེ་བཅུ་ཐ་མ་འབྲིང་རབ་རབ་ཀྱིས་རབ་རྣམས་ཀྱི་སྒྲ་མི་སྙན་དང་ལུས་འཕགས་གླིང་བ་ལང་སྤྱོད་འཛམ་བུ་གླིང་པ་རྣམས་སུ་སྐྱེ་ཚུལ་དང་།   ལུས་ཀྱི་ཆགས་ཚུལ་དང་དབང་པོ་སྒོ་ལྔའི་ནུས་པ་ཡང་མི་འདྲ་བར་ཡོད་པ་སྟེ་སྒྲ་མི་སྙན་ནི་ལྷའི་རིགས་དང་ཤིན་ཏུ་མཐུན་ཞིང་མདོག་ཀྱང་དཀར་པོ་འབའ་ཞིག་དང་ལུས་འཕགས་གླིང་གི་ལུས་ཚད་རང་རེ་ལས་ཉིས་འགྱུར་གྱིས་ཆེ་བ་དང་ནུབ་བ་ལང་སྤྱོད་པ་དག་གིས་མིག་གིས་ཀྱང་སྒྲ་ཐོས་རོ་མྱོང་ཚུལ་སོགས་བཤད་ཅིང་།   གཞན་ཡང་དཔལ་བདེ་མཆོག་འབྱུང་བའི་རྒྱུད་ལས།   གླིང་གཞན་གསུམ་ནི་འབྲས་བུ་ལོངས་སྤྱོད་ཀྱི་ས་པ་དང་ལྷོ་འཛམ་བུ་གླིང་པ་རྣམས་ནི་རྒྱུ་ལས་ལ་སྤྱོད་པའི་ས་པ་ཡིན་ཚུལ་གསལ་བོར་གསུངས་པས་སོ།།    དེ་ལ་འདི་སྙམ་དུ།   ཆོས་མངོན་པ་ལས་ཤར་ལུས་འཕགས་གླིང་གི་སའི་དབྱིབས་ཟླ་གམ་དང་ནུབ་བ་ལང་སྤྱོད་ཟླུམ་པོ་དང་བྱང་སྒྲ་མི་སྙན་གྲུ་བཞི་རྣམས་སུ་གསུངས་ཡོད་ན།   གོང་དུ་ངོས་བཟུང་བའི་མེ་གླིང་དང་ཧྥེ་གླིང་དག་གི་སའི་དབྱིབས་དེ་དང་མི་འགྲིགས་པས་མི་འཐད་ཅེ་ན།   འདི་ལྟར་ལགས་ཏེ།   དཔེར་ན་རང་རེ་ལྷོ་འཛམ་བུ་གླིང་པའི་སའི་དབྱིབས་གྲུ་གསུམ་སོག་ཁའི་དབྱིབས་སུ་གསུངས་ཀྱང་།   དེ་ཡང་ལྷོ་འཛམ་བུ་གླིང་ལ་ནུབ་དང་ཤར་དུ་གླིང་གཡོག་རྔ་ཡབ་དང་རྔ་ཡབ་གཞན་ཞེས་གཉིས་ཡོད་པ་ལས་རྔ་ཡབ་སྲིན་པོའི་གླིང་ནི་གོང་དུ་རྒྱ་གར་ལྷོ་ནུབ་ཀྱི་གླིང་ཕྲན་དེ་ལ་ངོས་བཟུང་བ་ལྟར་ལ།   དེ་ལྟར་ན་དེའི་ཉེ་གམ་གྱི་གཙོ་བོ་གླིང་སོག་ཁའི་དབྱིབས་ཅན་དེ་ཡང་སངས་རྒྱས་དངོས་སུ་བྱོན་པའི་གནས་ལྷོ་འཛམ་བུ་གླིང་པའི་ཡུལ་དབུས་རྒྱ་གར་གྱི་སའི་དབྱིབས་དེ་ལ་དགོངས་ནས་གསུངས་པ་སྟེ།   གནས་དེ་ནི་དེང་སང་ས་བཀྲའི་ཐོག་ནས་བལྟས་ན་ཡང་སོག་ཁའི་དབྱིབས་ཇི་ལྟ་བ་དང་སོག་ཁ་ཆེ་བའི་ཕྱོགས་ཀྱང་རི་རབ་སྟེ་ཧི་མ་ལའི་ཕྱོགས་སུ་བསྟན་ཡོད་པ་དང་འགྲིགས་པར་ཡོད་ལ།   དེ་ལས་གཞན་རྒྱ་གར་གྱི་ཕྱོགས་དུ་མར་ཆོས་མངོན་པ་ལས།   མཐའ་ཁོབ་ཀྱི་ཡུལ་ཆེན་པོ་བཅུ་དྲུག་དང་།   ཡུལ་ཕྲན་སྟོང་སོགས་ཡོད་པར་གསུངས་པ་དེ་དག་ནི་ལྷོ་འཛམ་བུ་གླིང་པའི་ཕྱོགས་སུ་གཏོགས་པ་ཡིན་ཡང་འཛམ་གླིང་སོག་ཁའི་དབྱིབས་ཀྱི་ནང་དུ་མི་གཏོགས་སྙམ་སྟེ།  གཞན་དུ་ན་སོག་ཁའི་རྣམ་པ་ཞིག་འཇོག་ཏུ་མི་བཏུབ་པས་སོ། །འོན་ཀྱང་འཛམ་གླིང་སོག་ཁའི་དབྱིབས་སུ་གསུངས་པའི་ཚད་དང་རྒྱ་གར་གྱི་སའི་ཚད་ལ་ནི་ཆེ་ཆུང་གནམ་ས་ལྟ་བུ་ཞིག་ཡོད་ཀྱང་སྐྱོན་མེད་དེ།  དོན་འདི་ཡང་གོང་དུ་འཇིག་རྟེན་སྤྱི་དང་བྱེ་བྲག་བྱ་རྒོད་ཕུང་པོའི་རི་སོགས་ཀྱི་སྐབས་སུ་བཤད་པ་ལྟར་ཤེས་པར་བྱའོ། །དེ་བཞིན་དུ་ནུབ་བ་ལང་སྤྱོད་དང་བྱང་སྒྲ་མི་སྙན་སོགས་ཀྱང་ཧྥེ་གླིང་དང་མེ་གླིང་གི་སའི་ཕྱོགས་དེ་དག་ན་གླིང་གཞན་པའི་སེམས་ཅན་རྣམས་ཀྱི་ངོར་དེ་འདྲའི་ཟླུམ་པོ་དང་གྲུ་བཞིའི་སའི་ཆ་ཤས་རེ་ཡོད་པས་ཆོག་པ་ལས་གནས་དེ་དག་གི་སའི་སྤྱི་དབྱིབས་དེ་དེ་འདྲ་ཞིག་ཏུ་ཡོད་དགོས་པ་མིན་པས་སྐྱོན་མེད་དོ། །འོ་ན་སངས་རྒྱས་ཀྱི་གསུང་རྣམས་སུ་ང་ཅག་ལ་ད་ལྟ་དངོས་སུ་སྣང་བའི་མཚོ་བཞི་གླིང་བདུན་གླིང་ཕྲན་དུ་མ་རྣམས་དང་དེ་དག་ཏུ་སྐྲ་དཀར་ནག་དམར་སེར་ཅན་གྱི་མིའི་རིགས་སྣ་ཚོགས་ཤིག་ཡོད་པ་འདི་ཚོ་མ་གསུངས་བར་ང་ཅག་གིས་མཐོང་མི་ཐུབ་པའི་གནས་དང་འགྲོ་བའི་རིགས་ཁོ་ན་དག་གཙོ་བོར་གསུངས་པའི་རྒྱུ་མཚན་ཅི་ཞིག་ཡིན་ཟེར་ན།   འདི་ནི་གོང་དུ་གནས་ཡུལ་གྱི་བཀོད་པ་དུ་མ་ཞིག་བཤད་པ་དག་ལ་ཐུན་མོང་དུ་ཉེ་བར་མཁོ་བའི་གནད་གལ་ཆེན་ཞིག་ཡིན་པས་བཤད་པར་བྱ་སྟེ།   དེ་ཡང་སྤྱིར་ས་ཆེན་པོ་འདིའི་ཤར་ལྷོ་ནུབ་བྱང་གི་ཕྱོགས་རྣམས་ན་མཐའ་ཁོབ་ཀྱི་གླིང་དང་གླིང་ཕྲན་དུ་མ་དང་མིའི་རིགས་འདྲ་མིན་སྣ་ཚོགས་ཡོད་པ་དེང་སང་དངོས་སུ་མཐོང་བ་འདི་དག་ཡིན་མོད།   འོན་ཀྱང་སངས་རྒྱས་ཀྱི་གསུང་ཉིད་ལས་ནི་འདི་དག་ཞིབ་པར་མ་གླེང་བར་སངས་རྒྱས་ཀྱི་སྐུ་དངོས་ཀྱི་གདུལ་བྱའི་འགྲོ་བ་གནས་པའི་ཡུལ་གྱི་གཙོ་བོ་དག་དང་།  ཐར་པ་དོན་དུ་གཉེར་བ་ལ་ཉེ་བར་མཁོ་བའི་རྒྱུ་འབྲས་ཀྱི་རྣམ་གྲངས་སོ་སོར་འབྱེད་པའི་ཆེད་དུ་ལས་སྣང་མི་མཐུན་པའི་འགྲོ་བ་དུ་མའི་གནས་དང་སེམས་ཅན་རྣམས་གསུང་གི་བརྗོད་བྱའི་སྙིང་པོར་བྱས་ཏེ་སྟོན་བཞིན་ཡོད་པས།  དེས་ན་རྒྱལ་བའི་བཀའ་རྣམས་སུ་ཡང་འགྲོ་བ་རིགས་དྲུག་དང་གླིང་བཞི་གླིང་ཕྲན་བརྒྱད་སོགས་ཀྱི་རྣམ་བཞག་དེ་དག་དུ་མ་ཞིག་ཐོན་པ་ལས་རྒྱ་དང་བོད་མི་ནག་དང་མི་དཀར་སོགས་ཀྱི་ཁྱད་པར་མང་པོ་འོང་རྒྱུ་མེད་པ་ཡིན་པར་ཤེས་པར་བྱའོ། །དེ་ཙམ་གྱིས་སྐབས་ཀྱི་བརྗོད་བྱ་དག་བཤད་གྲུབ་པ་ཡིན་ལ།    དེ་ལྟར་བཤད་པའི་དགོས་པ་ཡང་ཐོག་མར་བྱང་ཤམ་བྷ་ལའི་གནས་ངོས་བཟུང་བ་ནི་རི་རབ་རི་བདུན་རྣམས་གནས་གར་ཡོད་གཏན་ལ་དབབ་པའི་ཆེད་དུ་སྟེ།    དུས་འཁོར་ལས་ཤམ་བྷ་ལ་ནི་རི་རབ་དང་ཉེ་བར་ཡོད་པར་གསུངས་པས་སོ། །རྔ་ཡབ་སྲིན་པོའི་གླིང་ངོས་བཟུང་བ་ནི་འགྲོ་བ་མིའི་གནས་ཀྱི་གླིང་དང་གླིང་ཕྲན་གཞན་དག་ཀྱང་ང་ཅག་གི་མཐོང་ཡུལ་ཞིག་མ་ཡིན་ཡང་ཡུལ་གཞན་དང་གཞན་དག་ན་དེ་ལྟར་ཡོད་པར་ཕྱོགས་ཙམ་ཤེས་པར་བྱ་བའི་ཆེད་དུ་སྟེ།   མདོར་ན་སྟོན་པ་ཐུབ་པའི་དབང་པོའི་གསུང་ལས་སའི་སྟེང་ན་ལྷའི་རིགས་དང་བར་ན་རི་རབ་དང་གླིང་བཞིའི་གནས།   འོག་ན་དམྱལ་བ་དང་ཡི་དྭགས་སོགས་ཀྱི་ཡུལ་རྒྱ་ཆེ་བ་རེ་ཡོད་པར་གསུངས་པ་དེ་རྣམས་ནོར་བ་ཡིན་པ་དང་དྲང་དོན་ཡིན་ཟེར་ནས་ལས་འབྲས་ཀྱི་གནས་ལ་ཐེ་ཚོམ་དང་ལོག་པར་ལྟ་བ་བྱུང་དང་འབྱུང་བཞིན་པ་མང་ན་ཡང་།    དེ་དག་གིས་ནི་སངས་རྒྱས་ཀྱི་གསུང་གི་ཚིག་དོན་ལ་ཞིབ་མོར་བསམ་མ་ཤེས་འདུག་སྙམ་ནས།    འདིར་ནི་སྟོན་པའི་བཀའ་དྲི་མ་མེད་པའི་ལུང་དག་ན་དེ་དག་གི་སྐོར་ལ་འདི་དང་འདི་ལྟར་ཡོད་ཅེས་གཞུང་རྣམས་ལས་འབུར་དུ་བཏོད་པའི་ཚུལ་གྱིས་ཞིབ་པར་བཀོད་ཅིང་།   དེ་རྣམས་ཀྱི་དགོངས་དོན་ནེམ་འགྲོའི་དང་ཡམ་བཤད་ཙམ་མ་ཡིན་པར་གསལ་ཐག་ཆོད་པའི་སྒོ་ནས་གཏན་ལ་ཕབ་པ་སྟེ།    དེ་ལྟར་མ་བྱས་ན་སྟོན་པའི་གསུང་དུ་བཞུགས་པའི་སའི་སྟེང་འོག་གི་གནས་དང་རི་གླིང་ས་སྤྱོད་ཀྱི་ཞིང་ཁམས་སོགས་དེ་ཡིན་འདི་ཡིན་གྱི་འཛུབ་མོ་འཛུགས་ས་གང་ཡང་མེད་པར་ཚིག་ཙམ་དུ་གྱུར་ན་རང་ཅག་གིས་རྒྱལ་བའི་དགོངས་པ་ལེན་མ་ཤེས་པ་ལས་དོན་ལ་དེ་འདྲ་ཞིག་མིན་ངེས་ཏེ།    དཔེར་ན་ཆོས་མངོན་པ་ལས་གངས་རི་དཔལ་དང་ལྡན་པ་དང་མཚོ་མ་དྲོས་པ་ཞེས་པ་ཞིག་ཡོད་པར་གསུངས་པ་དེ་རྗེ་བཙུན་མི་ལ་རས་པས་གངས་ཏི་སེ་དང་མ་ཕམ་གཡུ་མཚོ་ལ་ངོས་བཟུང་བར།   གཞུང་ནས་བཤད་པའི་ཁྱད་ཆོས་དག་མི་ལྡན་པས་མི་འཐད་ཅེས་མཁས་པ་འགས་དགག་པ་མང་དུ་བརྗོད་ཀྱང་དེ་མ་ཡིན་པར་འདི་ཡིན་ཞེས་ངོས་འཛིན་རྒྱུ་གང་ཡང་མེད་ཅིང་།   ཆུ་བོ་ཆེན་པོ་བཞིའི་ཆུ་མགོ་ཡིན་པ་སོགས་རྒྱུ་མཚན་མང་པོའི་སྒོ་ནས་མཐར་རྗེ་བཙུན་གྱི་གསུང་དེ་ཐམས་ཅད་ཀྱིས་ཁས་མི་ལེན་ཐབས་མེད་བྱུང་བ་ལྟར་རོ། །ཞེས་པ་འདི་ནི་ཁམས་མི་ཉག་གི་སའི་ཆ་གནས་མཆོག་ལྷ་མོ་རྩེ་ཞེས་བྱ་བ་རྩེ་ན་དགྲ་བཅོམ་པ་དངབྱང་ཆུབ་སེམས་དཔའ་དུ་མའི་བཞུགས་གནས་ཡོད་པ་དཔའ་བོ་དང་མཁའ་འགྲོ་སྤྲིན་བཞིན་འདུ་བ།  འདབས་ན་ཀླུ་ཆེན་བརྒྱད་གནས་པས་དུས་བཞི་ཀུན་ཏུ་ན་བུན་དང་སྨུག་སྤྲིན་འཐིབ་པ།  ནང་དུ་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་བཀོད་པ་རྫོགས་ཤིང་ཨོ་རྒྱན་མཁའ་འགྲོའི་གླིང་དང་བྱིན་རླབས་མཉམ་པར་སྔོན་གྱི་དམ་པ་དག་གི་གནས་ཡིག་རྣམས་སུ་གསུངས་པ་ལྟར་ལ།   འོན་ཀྱང་འགྲོ་བ་མི་དག་གི་སྤྱི་མཐུན་གྱི་སྣང་ངོར་བྲག་རི་དང་ལྗོན་ཤིང་དུ་མས་མཛེས་པའི་གདན་ཐོག་རི་བོ་ཞེས་པའི་གནས་མཆོག་དེ་ཡི་ཉེ་ཞོལ།  ཆོས་སྲིད་ཀྱི་ལོ་རྒྱུས་རིང་ཞིང་རྒྱ་བོད་ཀྱི་མི་རིགས་དུ་མ་འདུ་བའི་གྲོང་།  དར་མདོའི་བྱང་པ་རྡོ་རྗེ་བྲག་དགོན་དུ་སྡོད་སྐབས་ཀྱི་བོད་མེ་བྱ་ལོའི་དབྱར་དུས་ཤིག་ན།   སྔར་རང་གིས་བརྩམས་པའི་སྟོན་པའི་གསུང་གི་གནད་འགའ་ལ་ངེས་པ་སྐྱེད་ཚུལ་ཞེས་པའི་སྐབས་ཀྱི་ཤམྦྷ་ལ་དང་རི་རབ་ཟངས་མདོག་དཔལ་རིའི་སྐོར་སོགས་ལ་ད་དུང་དེ་ལས་རྒྱས་ཙམ་བྱས་ན་ལེགས་ཚུལ་མཁས་པ་འགའ་རེས་གླེང་བའི་རྐྱེན་དང་།   རང་ཉིད་ཀྱང་ནད་ཀྱི་དབང་གིས་སྒྲུབ་པར་དཀའ་ཡང་དོན་འདི་དག་དེང་གི་དུས་འདིར་སངས་རྒྱས་ཀྱི་གསུང་ལ་ཐེ་ཚོམ་བསལ་ཞིང་དད་པ་སྐྱེད་པའི་གནས་གལ་ཆེན་ཞིག་ཏུ་བསམས་ནས་བཟོད་བསྲན་བསྐྱེད་དེ།  ཆོས་ཀྱི་གྲོགས་པོ་བློ་བཟང་ཉི་མ་ལ་ཉེར་མཁོའི་དཔེ་འགའ་རེ་ཀློག་ཏུ་བཅུག་ཅིང་།   རིང་ནས་བསམ་གཞིགས་བྱས་ཏེ་འདི་དག་གི་སྐོར་ལ་རང་ལ་གོ་བ་ཇི་ལྟར་སྐྱེས་ཚུལ་ཙམ་ཞིག་སྨྲས་རིམ་བཞིན་ཡི་གེར་ཕབ་ཏུ་བཅུག་པ་འདི་ཡང་བླ་རུང་ཆོས་སྡེ་ཆེན་པོའི་གྲལ་མཐའ་པ་འཆི་མེད་རིག་འཛིན་ཞེས་བྱ་བས་བགྱིས་པ་སྟེ།  དགེ་བས་སྐྱེ་ཀུན་དཀོན་མཆོག་གསུམ་གྱི་སྐྱབས་འོག་ནས་ནམ་ཡང་མི་འབྲལ་བའི་རྒྱུར་གྱུར་ཅིག། །། དགེའོ། །    ​