Jump to content

བྱང་ཆུབ་སྤྱོད་པ་

ཡོང་ཁུངས་Wikipedia

བྱང་ཆུབ་སྤྱོད་པ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་ལག་ལེན་དུ་བསྟར་དགོས་པའི་སྤྱོད་པའི་རིམ་པ་ལ་གོ་དགོས། འདི་ནི་ནང་པའི་ཆོས་ལུགས་ཀྱི་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

བྱང་ཆུབ་སྤྱོད་པ་ཞེས་པའི་སྒྲ་འདི་བསྡུ་ན། བྱང་ཆུབ་ནི་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་དག་པ་ལ་གོ་ལ། སྤྱོད་པ་ནི་སེམས་དང་སེམས་ལས་བྱུང་བའི་ལས་རྣམས་ལ་གོ་དགོས།

ངེས་ཚིག

[རྩོམ་སྒྲིག]

བྱང་ཆུབ་སྤྱོད་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་སེམས་བསྐྱེད་ནས་དེའི་རྗེས་སུ་སྤྱད་པའི་བྱང་ཆུབ་སེམས་དཔའི་ལམ་ཡིན་པ་ལ་ངེས་པར་བྱེད།

མཚན་ཉིད།

[རྩོམ་སྒྲིག]

"བྱང་ཆུབ་ཆེན་པོ་སྒྲུབ་པའི་ཐབས་ལ་ཕན་པ་དང་གནོད་པའི་རྒྱུར་གྱུར་པ་དགེ་མི་དགེའི་བླང་དོར་གྱི་གནས་མ་ནོར་བ་ལ་རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་མཐུ་ཐོབ་པས་དེའི་ཚུལ་ལེགས་པར་ངོ་ཤེས་ཤིང་ཁོང་དུ་ཆུད་པར་ནུས་པས་ན་བྱང་ཆུབ་ཀྱི་སྤྱོད་པ་རྟེན་སེམས་བསྐྱེད་དང་བཅས་པ་བླངས་ནས་དེ་ལ་ཚུལ་བཞིན་དུ་བསླབ་སྟེ་བརྩོན་པ་"[]ཞེས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་སྤྱད་པའི་སྤྱོད་པའི་ཚོགས་ཤིག་ཡིན།

དབྱེ་བ།

[རྩོམ་སྒྲིག]

"བྱང་ཆུབ་ཀྱི་སེམས་དེ་ལ་དབྱེ་ན་མང་པོར་འགྱུར་ཡང་མདོར་བསྡུ་ན་དབྱེ་བའི་གྲངས་ངོ་བོའི་སྒོ་ནས་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། གང་ཞེ་ན། བྱང་ཆུབ་མཆོག་ཏུ་སྨོན་པའི་སེམས་བསྐྱེད་དང་ནི། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་ཡི་སེམས་བསྐྱེད་པ་ཉིད་ཡིན་ནོ། །"[]ཞེས་གསུངས་པ་ལྟར་བྱང་ཆུབ་སྤྱོད་པ་ལ་སྨོན་སེམས་དང་འཇུག་སེམས་གཉིས་སུ་དབྱེ།

བདག་གཞན་བརྗེ་བའི་ལམ་ལུགས།

[རྩོམ་སྒྲིག]

བྱང་ཆུབ་སྤྱོད་པའི་གཙོ་བོ་ནི་བདག་གཞན་མཉམ་པ་དང་བརྗེ་བའི་ལམ་ལུགས་ཡིན། "གལ་ཏེ་རང་གིས་ལོངས་སྤྱད་ན་གཞན་ལ་ཅི་སྦྱིན་ཞེས་གཞན་དོན་འབའ་ཞིག་སེམས་པ་ལྷའི་ཆོས་ཏེ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་ཕྱིར་རོ། །"[]ཞེས་རང་ལས་གཞན་གཅེས་འཛིན་གྱི་སེམས་བསྐྱེད་དགོས་ཚུལ་བཤད།

ཕན་ཡོན།

[རྩོམ་སྒྲིག]

སྡིག་པ་འཇོམས་པ། "བྱང་ཆུབ་ཀྱི་སེམས་དེས་ནི་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་ཆེན་པོ་རྣམས་སྐད་ཅིག་གཅིག་གིས་ངེས་པར་སྲེག་པ་སྟེ་རྩ་བ་ནས་འཇོམས་པར་བྱེད་"[]ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་ཀྱི་སྤྱོད་པ་ལ་བསླབས་སྡིག་པ་ལས་རྣམས་འཇོམས་པར་བྱེད།

དགེ་བའི་རྩ་བ་རྒྱས་པ། "བསྐལ་པ་བརྒྱ་དང་སྟོང་དུ་བསགས་པ་ཡི་སྦྱིན་པ་ལས་བྱུང་བའི་དགེ་བ་དང་བདེ་གཤེགས་མཆོད་པ་ལ་སོགས་དཀོན་མཆོག་གསུམ་མཆོད་པ་དང་། བསྒོམ་པ་དང་ཚུལ་ཁྲིམས་ལས་བྱུང་བའི་ལེགས་སྤྱད་གང་ཡིན་པ་དེ་ཀུན་ཀྱང་བྱང་ཆུབ་སེམས་དཔའ་ལ་དམིགས་པའི་ཁོང་ཁྲོ་གཅིག་གིས་རྩ་བ་ནས་འཇོམས་པར་བྱེད་དོ། །"[]ཞེས་གསུངས་པ་ལྟར་ཁོང་ཁྲོ་སྤང་བའི་ཕན་ཡོན་ཆེན་པོ་ཡོད།

བྱང་ཆུབ་སྤྱོད་པ་ལ་མ་བསླབ་པའི་སྐྱོན།

[རྩོམ་སྒྲིག]

"སེམས་ཅན་རྣམས་ལ་ཆགས་པར་བྱས་ན་ཡང་དག་ཉིད་ལ་ཀུན་ནས་བསྒྲིབ་པ་སྟེ་དོན་དམ་པའི་བདེན་པ་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཅིང་། ཟག་བཅས་ཀྱི་དངོས་པོ་ལ་སྲེད་པས་འཁོར་བ་ལ་སྐྱོ་བའི་སེམས་ཀྱང་འཇིག་པར་བྱེད་པས་ཐར་པ་ཐོབ་པར་མི་འགྱུར་རོ། །"[]ཞེས་རྒྱལ་སྲས་རྣམས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་ཉམས་ལེན་མ་བྱས་ན་ཐར་པ་ཐོབ་པ་དཀའ།

བསྡུས་དོན།

[རྩོམ་སྒྲིག]

བྱང་ཆུབ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་སྤྱད་དགོས་པའི་ལམ་གྱི་རིམ་པ་ཡིན། འདི་ནི་སེམས་བསྐྱེད་ནས་བཟུང་སངས་རྒྱས་ཀྱི་ས་ལ་ཐུག་པའི་བར་དུ་ཕར་ཕྱིན་དྲུག་གི་ལམ་ལུགས་དང་། བདག་གཞན་བརྗེ་བའི་སྤྱོད་པ། ཞི་ལྷག་སྦྲགས་པའི་སྒོམ་ཚུལ་བཅས་ཚང་ཞིང་རྫོགས་པ་ཡིན། སྡིག་པ་སྦྱང་བ་དང་དགེ་བ་ཕུན་ཚོགས། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ཕན་ཡོན་ཆེན་པོ་དང་ལྡན་ཞིང་། རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་གི་སྐོར་ནས་རྒྱས་པར་བཤད་ཡོད། འདི་ལ་འཇུག་པ་ན་ཤུགས་དྲག་གི་ཐབས་དང་། ཐུགས་རྗེ་ཆེན་པོའི་སེམས། གཞན་ཕན་གྱི་འདུན་པ་གཙོ་འདོན་བྱས་ཏེ་ཉམས་སུ་ལེན་དགོས་པ་གལ་ཆེན་པོ་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། 665
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 54
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། 201
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། 13-14
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། 116-117
  6. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས།186-187