བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་(Bodhisattva)[༡]ནི་ནང་པའི་ཆོས་ལུགས་ཀྱི་ལྟ་གྲུབ་ནང་ཤིན་ཏུ་གལ་ཆེའི་ཐ་སྙད་ཅིག་ཡིན། ཆེན་པོ་ནི་མདོ་སྡུད་པ་ལས། "གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེན་དང༌། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་དང་། །གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་སྒྱུ་འདུལ་བ། །དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་རབ་ཏུ་བརྗོད། །"ཅེས་གསུངས་པ་ལྟར་རོ། །བྱང་ཆུབ་སེམས་དཔའ་[༢] ཞེས་པ་ནི་ཉེས་སྐྱོན་ཐམས་ཅད་ལས་བྱང་ཞིང་ཡོན་ཏན་ཐམས་ཅད་ཆུབ་པའི་སྐྱེས་བུ་དང་། འགྲོ་བའི་དོན་སེམས་ཤིང་བདུད་ལས་ཚར་གཅོད་པའི་དཔའ་བོ་ཞིག་ལ་ཟེར་བ་ཡིན། ཡང་ན་བདེན་པ་གཉིས་ལ་ཡང་ཡང་བྱང་ཞིང་དེའི་དོན་ཆུབ་པའི་ཕྱིར་བྱང་ཆུབ་དང་། བདེན་པ་གཉིས་ཀྱི་དོན་ཡང་ཡང་སེམས་པ་ལ་སྲན་ཚུགས་པའི་ཕྱིར་སེམས་དཔའ་ཞེས་ཀྱང་བྱའོ།།
བྱང་ཆུབ་སེམས་དཔའི་སྒྲ་བཤད།
[རྩོམ་སྒྲིག]- བྱང་ཆུབ་ཀྱི་སྒྲ་བཤད།
བྱང་ཆུབ་ཅེས་པའི་ཚིག་འདི་ལ་སྒྲ་བཤད་རྣམ་པ་གཉིས་ཡོད་དེ། ༡ ཉེས་སྐྱོན་བྱང་ཞིང་ཡོན་ཏན་ཆུབ་པས་ན་བྱང་ཆུབ་ཅེས་བྱ། ཉེས་སྐྱོན་བྱང་བ་ནི་སྒྲིབ་པ་གཉིས་ཏེ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་ལས་ཡོངས་སུ་བྱང་བ་སྟེ་དག་པར་འགྱུར་བའོ།། ཡོན་ཏན་ཆུབ་པ་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རང་གི་རྒྱུད་ལ་ཆུབ་པ་སྟེ་ཐོབ་ཅིང་རྒྱས་པར་འགྱུར་བའོ།། སངས་རྒྱས་ཀྱི་ཡོན་ཏན་ནི་སྟོབས་བཅུ་དང་། མི་འཇིགས་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོགས་མཐའ་ཡས་པ་རྣམས་སོ།། ༢ བདེན་པ་གཉིས་ལ་ཡང་ཡང་བྱང་ཞིང་དེའི་དོན་ཆུབ་པས་བྱང་ཆུབ་ཅེས་བྱ། བདེན་པ་གཉིས་ལ་བྱང་བ་ནི་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པའི་གནས་ལུགས་ལ་ཡང་ཡང་གོམས་པར་བྱས་ཏེ་དེ་གཉིས་ཀྱི་མི་མཐུན་ཕྱོགས་ལས་ཡོངས་སུ་དག་པའམ་བྱང་བའོ།། དེའི་དོན་ཆུབ་པ་ནི་བདེན་པ་གཉིས་ཀྱི་གནས་ལུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་རང་རྒྱུད་ལ་ཆུབ་པ་སྟེ་ཐོབ་པའོ།།
2. སེམས་དཔའ་ཡི་སྒྲ་བཤད།
སེམས་དཔའ་ཞེས་པའི་ཚིག་འདི་ལའང་སྒྲ་བཤད་རྣམ་པ་གཉིས་ཡོད། ༡ འགྲོ་བའི་དོན་སེམས་ཤིང་བདུད་ལས་ཚར་གཅོད་པས་ན་སེམས་དཔའ་ཞེས་བྱ། འགྲོ་བའི་དོན་སེམས་པ་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་བདེ་ལ་བསམ་བློ་གཏོང་ཞིང་སྨོན་པ་དང་། དེ་དག་གི་དོན་ལག་ལེན་དུ་འགེལ་བའོ།།
བདུད་ལས་ཚར་གཅོད་པ་ནི་རང་གཞན་གྱི་རྒྱུད་ལ་གནས་པའི་བདུད་ཐམས་ཅད་ཚར་གཅོད་ཅིང་རྣམ་པར་རྒྱལ་བ་སྟེ། བདུད་ཅེས་པ་ནི་སྤྱིར་བདུད་རྣམ་པ་བཞི་ཡོད་དེ། ཕུང་པོའི་བདུད། ཉོན་མོངས་པའི་བདུད། འཆི་བདག་གི་བདུད། ལྷའི་བུའི་བདུད་དོ།། ༢ བདེན་པ་གཉིས་ཀྱི་དོན་ཡང་ཡང་སེམས་པ་ལ་སྲན་ཚུགས་པས་ན་སེམས་དཔའ་ཞེས་བྱ། བདེན་པ་གཉིས་ཀྱི་དོན་སེམས་པ་ནི་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པའི་གནས་ལུགས་ལ་ཡང་ཡང་དཔྱོད་ཅིང་བསམ་བློ་གཏོང་བའོ།།
སྲན་ཚུགས་པ་ནི་བདེན་པ་གཉིས་ཀྱི་གནས་ལུགས་དཔྱོད་པ་ན་དཀའ་ངལ་དང་བར་ཆད་ཇི་ལྟར་བྱུང་ཡང་དེ་དག་ལ་མི་འཇིགས་ཤིང་མི་སྐྲག་པར་སྙིང་སྟོབས་ཆེན་པོས་བཟོད་པ་དང་ལྡན་པའོ།།
མདོར་བསྡུས་ན། བྱང་ཆུབ་སེམས་དཔའ་ཞེས་པ་ནི་ཉེས་སྐྱོན་ཐམས་ཅད་ལས་བྱང་ཞིང་ཡོན་ཏན་ཐམས་ཅད་ཀྱིས་རྒྱུད་ཕྱུག་པ། བདེན་པ་གཉིས་ཀྱི་དོན་ལ་མཁས་ཤིང་སེམས་ཅན་ཐམས་ཅད་ཀྱི་དོན་ལ་གཞོལ་བ། བདུད་སྡེ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔའ་བོ་ཞིག་གོ།
བྱང་ཆུབ་སེམས་དཔའ་ཆེན་པོའི་ཁྱད་ཆོས།
[རྩོམ་སྒྲིག]བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བརྗོད་པའི་རྒྱུ་མཚན་ནི་གཙོ་བོ་མཁས་པ་གཉིས་ཀྱི་འགྲེལ་པ་ལྟར་ན་ཁྱད་པར་འཕགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་ཡིན། ཨ་ལག་ཤ་ངག་དབང་བསྟན་དར་གྱི་ལུགས་ལྟར་ན་མདོ་སྡུད་པ་ནས་གསུངས་པ་ལྟར་རྒྱུ་མཚན་བཞི་སྟེ། གཏོང་བ་ཆེ་བ་དང་། བློ་ཆེ་བ་དང་། མཐུ་ཆེན་དང་། རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་བཅས་ཡིན། དྲི་མེད་བཤེས་གཉེན་གྱི་ལུགས་ལྟར་ན་ཆེ་བ་ཉིད་གསུམ་སྟེ། སེམས་ཆེ་བ་ཉིད་དང་། སྤོང་བ་ཆེ་བ་ཉིད། རྟོགས་པ་ཆེ་བ་ཉིད་བཅས་ཀྱི་ཕྱིར་ཡིན། མདོར་བསྡུས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་པ་ནི་གཞན་དོན་དུ་ལུས་སྲོག་ལོངས་སྤྱོད་གཏོང་ཕོད་པའི་གཏོང་སེམས་ཆེ་བ། སྟོང་ཉིད་སོགས་ཆོས་ཟབ་མོ་རྟོགས་པའི་ཤེས་རབ་ཆེ་བ། བདུད་སྡེ་འདུལ་བའི་མཐུ་སྟོབས་ཆེ་བ། ཐེག་པ་ཆེན་པོའི་ལམ་ལ་ཞུགས་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་བྱམས་སྙིང་རྗེ་ཆེ་བ། སྒྲིབ་པ་གཉིས་ཀ་སྤོང་བའི་སྤོང་བ་ཆེ་བ། ཆོས་ཉིད་དེ་ཁོ་ན་ཉིད་ཤེས་པའི་ཡེ་ཤེས་ཆེ་བ་བཅས་དང་ལྡན་པའི་ཕྱིར་ཡིན་ནོ།།
མཇུག་བསྡུ་བ།
[རྩོམ་སྒྲིག]བྱང་ཆུབ་སེམས་དཔའ་[༣] ཞེས་པ་ནི་རྣམ་སྣང་མངོན་བྱང་དང་མདོ་སྡུད་པ་ལ་སོགས་པའི་མདོ་རྒྱུད་མང་པོ་ལས་བཤད་པ་ལྟར། ཉེས་སྐྱོན་ཐམས་ཅད་ལས་གྲོལ་ཞིང་ཡོན་ཏན་ཐམས་ཅད་ཀྱིས་ཕྱུག་པ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་གཞོལ་ཞིང་བདུད་སྡེ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔའ་བོ་སྟེ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པའི་ལམ་ལ་ཞུགས་པའི་གང་ཟག་ཅིག་ལ་ཟེར། དེའི་ནང་ནས་དམིགས་བསལ་ཁྱད་པར་འཕགས་པ་དག་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བརྗོད་པ་སྟེ། དེ་དག་ནི་གཏོང་བ་ཆེ་བ། བློ་ཆེ་བ། མཐུ་ཆེན། ཐེག་ཆེན་མཆོག་ལ་ཞུགས་པ་དང་། སེམས་ཆེ་བ་ཉིད། སྤོང་བ་ཆེ་བ་ཉིད། རྟོགས་པ་ཆེ་བ་ཉིད་སོགས་ཁྱད་ཆོས་དང་ལྡན་པ་ཡིན། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་བརྩོན་ཞིང་། འགྲོ་བ་མཐའ་དག་སངས་རྒྱས་ཀྱི་ས་ལ་འགོད་པའི་འཕྲིན་ལས་རྒྱ་ཆེན་པོ་སྐྱོང་བ་ཡིན་ནོ།།
ལུང་ཁུངས།
[རྩོམ་སྒྲིག]- ↑ https://en.wikipedia.org/wiki/Bodhisattva
- ↑ ཨ་ལག་ཤ་ངག་དབང་བསྟན་དར་གྱི་གསུང་ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད།
- ↑ བི་མ་ལ་མི་ཏས་མཛད་པའི་ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་པ།