བྱང་ཆུབ་སེམས་དཔའ་
བྱང་ཆུབ་སེམས་དཔའ་ཞེས་པ་ནི་ཐེག་པ་ཆེན་པོའི་ལམ་ལ་ཞུགས་པའི་སྐྱེས་བུ་མཆོག་ཡིན་ལ། རང་དང་གཞན་ཀུན་གྱི་དོན་དུ་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་སེམས་བསྐྱེད་པའི་འབྲས་བུ་དུ་བྱུང་བའི་གང་ཟག་ཡིན་ནོ། །
སྒྲ་བཤད།
[རྩོམ་སྒྲིག]བྱང་ཆུབ་སེམས་དཔའི་སྒྲ་བཤད་ནི། བྱང་ཆུབ་ཅེས་པ་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གོ་ཞིང་། སེམས་ཞེས་པ་དེའི་རྒྱུ་བྱང་ཆུབ་ཀྱི་སེམས་ལ་གོ། དཔའ་ཞེས་པ་དེ་འདྲའི་སེམས་པ་དང་ལྡན་པའི་སྐྱེས་བུ་ལ་བྱ་སྟེ། བྱང་ཆུབ་ཀྱི་སེམས་པ་དང་ལྡན་པའི་དཔའ་བོ་ཞེས་པའི་དོན་ནོ། །
རྒྱ་གར་སྐད་དུ་བོ་དྷི་སཏྭ་ཞེས་འབོད་དེ། བོ་དྷི་ནི་བྱང་ཆུབ་དང་། སཏྭ་ནི་སེམས་པ་ལ་གོ་ལ། བྱང་ཆུབ་ནི་སངས་རྒྱས་ཀྱི་གོ་འཕང་སྟེ། མ་རིག་པའི་གཉིད་ལས་སངས་ཤིང་ཤེས་བྱའི་ཆོས་ལ་བློ་གྲོས་ཀྱི་པདྨོ་རྣམ་པར་རྒྱས་པ་ལ་ཟེར། སེམས་དཔའ་ཞེས་པ་ནི་"བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སྦྱོར་བ་ཕྱིན་དྲུག་གི་ཉམས་ལེན་ལ་བརྩོན་པས་བྱང་ཆུབ་སྒྲུབ་པ་ལ་སེམས་མི་ཞུམ་པར་དཔའ་བ་དང་།"[༡]ཞེས་དང་། "རྒྱལ་བའི་སྲས་པོ་བདེན་དོན་ཟབ་མོ་ལ་མཁས་པ་སྟེ་བདེན་པ་མཐོང་བའམ་ཤེས་རབ་སྦྱང་བ་དང་། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཆེན་པོ་རྣམས་དང་།"[༢]ཞེས་རྒྱལ་བའི་སྲས་པོ་ཞེས་ཀྱང་བརྗོད་དོ། །"རྒྱུ་མཚན་ཅིའི་ཕྱིར་ཆོས་གཉིས་དང་ལྡན་པ་འདི་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། རང་གི་ཞེན་པ་དང་ཆགས་པ་རྣམ་པར་གཅོད་པར་བྱེད་ཅིང༌། ཕྱི་ནང་གི་དངོས་པོ་ཀུན་ལ་ཆགས་པ་ཟད་པར་འདོད་པ་དེ་དགོས་པ་ཅི་སྟེ་ཞེ་ན། རྒྱལ་བ་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ཆོས་ཀྱི་སྐུ་དེ་ཆགས་པ་དང་ཞེན་པ་མེད་པར་གྱུར་པ་ལ་རེག་ཅིང་ཐོབ་པའི་ཕྱིར་རོ། །"[༣]ཞེས་གསུངས་པ་ལྟར་བྱང་ཆུབ་ལ་སེམས་དཔའ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །"དེས་པ་ནི་ཆོས་ཀྱི་དབྱིངས་ཁྱད་པར་དུ་འཕགས་པ་དང་། དམིགས་པ་མེད་པའི་ཐུགས་རྗེའི་བདག་ཉིད་དེ། སངས་རྒྱས་ཉིད་ལ་དགའ་བའོ། །འདིས་ནི་བྱང་ཆུབ་སེམས་དཔའི་སྒྲའི་དོན་བསྟན་པའོ། །"[༤]ཞེས་གསུངས་པ་ལྟར་སྒྲ་དོན་ལ་ནན་ཏན་བྱས་ཏེ་བཤད་དགོས་སོ། །
མཚན་ཉིད།
[རྩོམ་སྒྲིག]སེམས་ཅན་ཐམས་ཅད་འདུལ་བའི་ཆེད་དུ་བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་བསམ་པ་སྐྱེས་པ་ཞིག་ཡིན། "བྱང་ཆུབ་སེམས་དཔའ་གང་གིས་ཚུལ་འདི་ལེགས་པར་ཤེས་ན་འཁོར་བ་ལས་འབྱུང་ཞིང་ཐར་རོ། །"[༥]ཞེས་གསུངས་སོ། །དེ་ཡང་རྒྱུད་བླ་མ་ལས། "ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་ནི་ཐུབ་པའི་རྗེས་སྐྱེས་སྲས། །"ཞེས་གསུངས་པ་ལྟར། ཐེག་ཆེན་གྱི་ཆོས་ལ་མོས་པ་ས་བོན་སྟོང་ཉིད་རྟོགས་པའི་ཤེས་རབ་ནི་མ་བསམ་གཏན་གྱི་བདེ་བ་མངལ་སྙིང་རྗེ་ཆེན་པོ་ནི་སྐྱོང་བའི་མ་མ་སྟེ་བཞི་ལས་སངས་རྒྱས་ཀྱི་རིགས་སུ་སྐྱེས་པར་གསུངས་པ་ལྟར་རོ། །[༦]གཞན་ཡང་མངོན་རྟོགས་རྒྱན་ལས། "སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །"ཅེས་པ་ལྟར་ཡིན་ནོ། །
རང་བཞིན།
[རྩོམ་སྒྲིག]བྱང་ཆུབ་སེམས་དཔའ་ནི་ཡང་དག་པར་ན་འདུས་མ་བྱས་ཀྱི་རང་བཞིན་ཅན་ཡིན་ཏེ། "གང་དག་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་ཡང་དག་པར་ན་འདུས་མ་བྱས་ཡིན་པས་དེ་ལ་ལམ་སྒྲུབ་པ་པོ་དང་འབྲས་བུ་ཐོབ་པ་པོ་སོགས་སུ་བཞག་པའི་ཐ་སྙད་ཀྱི་སྤྲོས་པ་མེད་དེ།"[༧] ཞེས་གསུངས་པ་ལྟར་རོ། །
བྱང་ཆུབ་སེམས་དཔའ་རྣམས་ནི་ཕྱི་ནང་གི་ཡོངས་འཛིན་དང་ལྡན་པའི་ཕྱིར་ཐེག་པ་མཆོག་གི་ལམ་ལས་ཉམས་པར་མི་འགྱུར་ཏེ། "བྱང་ཆུབ་སེམས་དཔའ་རྣམས་ནི་ཕྱི་ནང་གི་ཡོངས་འཛིན་དང་ལྡན་པའི་ཕྱིར་ཐེག་པ་མཆོག་གི་ལམ་ལས་ཉམས་པར་མི་འགྱུར་ཏེ།"[༨] ཞེས་གསུངས་སོ། །
ནང་དོན།
[རྩོམ་སྒྲིག]བྱང་ཆུབ་སེམས་དཔའི་ནང་དོན་ལ་གཞི་གཞག་གནད་འགག་འདི་ལྟར་ཡིན། དང་པོ་སྐྱེས་བུ་དེས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དགོས། བྱང་ཆུབ་ཀྱི་སེམས་དེ་ཡང་རང་གཞན་ཐམས་ཅད་ལ་ཕན་པའི་ཐབས་མཆོག་ཡིན། དེ་ལས། "བྱང་ཆུབ་ཀྱི་སེམས་ནི་རང་གཞན་ཀུན་ལ་ཕན་པའི་ཐབས་མཆོག་ཡིན་ཏེ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱངས་པའི་སྒོ་ནས་རང་ཉིད་ཀྱིས་མྱོང་བར་འགྱུར་བའི་སྐྱེ་རྒ་སོགས་དང་དམྱལ་བ་ལ་སོགས་པའི་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་མང་པོ་སྟེ་དཔག་ཏུ་མེད་པ་གཞོམ་པར་འདོད་ཅིང། སྐྱེས་བུ་ཆེན་པོའི་བསམ་པ་སྦྱངས་པའི་སྒོ་ནས་སེམས་ཅན་གཞན་ཐམས་ཅད་ཀྱི་བདེ་བ་སྐྱེ་རྒ་ན་འཆི་བྲེལ་ཕོངས་སོགས་དང་དམྱལ་སོགས་ཀྱི་སྡུག་བསྔལ་དང་བཅས་པ་མཐའ་དག་བསལ་བར་འདོད་པ་དང་།"[༩] ཞེས་གསུངས་པའི་བཞིན་ནོ། །
དགོས་པ།
[རྩོམ་སྒྲིག]སེམས་ཅན་རྣམས་ལ་བདེ་སྡུག་འདོར་ལེན་གྱི་ཐབས་ལ་རྨོངས་པས། "སེམས་ཅན་རྣམས་ལ་སྡུག་བསྔལ་འདོར་འདོད་པའི་སེམས་ཡོད་ཀྱང་ཉོན་མོངས་པའི་དབང་གིས་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་བསྒྲུབས་པས་འཁོར་བ་མཐའ་མེད་དང། ངན་སོང་གི་སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག་ལ་བདེ་བ་འདོད་ཀྱང་དེ་དག་གི་ཐབས་ལ་རྨོངས་ཤིང་གཏི་མུག་པས་སྦྱོར་བས་རང་གི་བདེ་བ་དགྲ་ལྟར་འཇོམས་པའི་ཚུལ་གྱིས་བདེ་སྡུག་གི་ཐབས་ལ་ལོག་པར་ཞུགས་པའི་ཕྱིར་རོ། །"[༡༠]ཞེས་གསུངས། དེ་བས་ན་བདེ་སྡུག་གི་ཐབས་ལ་རྨོངས་བའི་སེམས་ཅན་དེ་དག་ལ་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་ཀུན་གྱིས་ཚིམ་པར་བྱེད་པ་དང། སྡུག་བསྔལ་ཐམས་ཅད་རྒྱུན་གཅོད་པར་བྱེད་ཅིང་བླང་དོར་ལ་རྨོངས་པའི་གཏི་མུག་ཀྱང་ནི་སེལ་བར་བྱེད་པའི་བྱེད་ལས་ཅན་གྱི་སེམས་དེ་དང་དགེ་བ་མཚུངས་པ་གཞན་ག་ལ་ཡོད། ཕན་པ་ཐམས་ཅད་སྒྲུབ་ཅིང་གནོད་པ་ཐམས་ཅད་ལས་སྐྱོབ་པའི་དེ་འདྲའི་བཤེས་ཀྱང་གཞན་ག་ལ་ཡོད་པར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་འབད་པར་བྱའོ། །
ཁྱད་ཆོས།
[རྩོམ་སྒྲིག]བཟོད་པའི་ཁྱད་ཆོས། "རྒྱལ་སྲས་སེམས་དཔའ་ཆེན་པོ་རྣམས་ལ་གནོད་པ་དང་སྡུག་བསྔལ་སོགས་སྲོག་ལ་འབབ་པ་ལྟ་བུ་བཟོད་དཀའ་བའི་དོ་གལ་ཆེན་པོའམ་འགལ་རྐྱེན་གྱི་རྣམ་པ་ཆེན་པོ་བྱུང་བས་ཀྱང་ཁོང་ཁྲོ་བ་སོགས་ཀྱི་སྡིག་པའི་བསམ་པ་མི་འབྱུང་ཞིང། དེར་མ་ཟད་རྐྱེན་ངན་གྱི་རྣམ་པ་དེའི་སྟོབས་ཀྱི་སླར་ཡང་བཟོད་པའི་སྟོབས་ལ་སོགས་པའི་དགེ་བ་རྣམས་ངང་གི་ངང་གིས་གོང་འཕེལ་དུ་འབྱུང་བར་འགྱུར་ཏེ།"[༡༡] ཞེས་ལྟ་བུ་སྟེ། བདེ་སྡུག་གང་བྱུང་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྒྱུན་མི་ཆད་པར་སྤྱོད་པ་ཡིན་ནོ། །
ཕན་ཡོན།
[རྩོམ་སྒྲིག]མིང་དོན་འཕོས་པའི་ཕན་ཡོན། བྱང་ཆུབ་ཀྱི་སེམས་དང་པོ་སྐྱེད་མ་ཐག "སྐྱེས་མ་ཐག་པ་དེའི་སྐད་ཅིག་གིས་ཏེ་སྐད་ཅིག་དེ་ཉིད་ནས་བཟུང། འཁོར་བའི་བཙོན་རར་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་གི་འཆིང་བ་དམ་པོས་བརྣམས་པའམ་བཅིངས་ཤིང་དེའི་དབང་གིས་སྡུག་བསྔལ་རྣམ་པ་གསུམ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ཀྱིས་ཉེན་ཞིང་ཉམ་ཐག་པའི་སེམས་ཅན་རྣམས་ཀྱང་མིང་གནས་གྱུར་ནས་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཞེས་བརྗོད་པར་བྱ་ཞིང། དེར་མ་ཟད་མིང་དེ་དང་མཚུངས་པའི་དོན་ཁྱད་པར་ཅན་འཇིག་རྟེན་པ་ལྷ་དང་མིར་བཅས་པ་སྟེ་ལྷ་མིན་ལ་སོགས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་ཀྱང་ཕྱག་བྱར་འགྱུར་"[༡༢]ཞེས་སེམས་བསྐྱེད་འཕྲལ་དུའི་ཆེ་མཐོང་གི་ཕན་ཡོན་ཡོད་དོ། །
དབྱེ་བ།
[རྩོམ་སྒྲིག]བྱང་ཆུབ་སེམས་དཔའ་ལ་རབ་ཏུ་དབྱེ་ན་སྡོམ་པ་དང་ལྡན་པ་དང་མི་ལྡན་པ་གཉིས། གཞན་ཡང་སོ་སྐྱེ་དང་མཐོང་ལམ་ལ་སོགས་པའི་ས་རིམ་གྱི་དབྱེ་བ་ཇི་སྙེད་ཡོད་དོ། ། "སྤྱིར་སེམས་བསྐྱེད་ཙམ་ལ་ས་མཚམས་ཀྱི་སྒོ་ནས་ཕྱེ་ན། སོ་སོ་སྐྱེ་བོ་ལ་མོས་པས་སྤྱོད་པ་དང། མ་དག་པའི་ས་བདུན་ལ་ལྷག་བསམ་དག་པ་དང། དག་པའི་ས་གསུམ་ལ་རྣམ་པར་སྨིན་པ་དང། སངས་རྒྱས་ཀྱི་ས་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དེ་བཞི་ཡིན་ཏེ།" [༡༣]ཞེས་པ་ལྟར་རོ། །
སྤྱི་དང་ཁྱད་པར། "གང༷་དག༷་སེམས་ཅན་ཐམས་ཅད་ལ་སྦྱོར་བས་ཕ༷ན་པ་དང༷་བསམ་པ་སྙིང༷་རྗེ༷ར་བཅས༷་པ༷་ཀུན་ཏུ་བཟང་པོའི་སྤྱད༷་པ་སྤྱོ༷ད་པ༷་བྱང་ཆུབ་སེམས་དཔའ་རྣམས་ཀྱང་རིག༷་སྔ༷གས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི༷་ལ༷་བསླབ༷་ནས༷་མཁ༷ས་པ༷་དེ་དག་མ་འོངས་པའི་དུས་སུ་བླ་ན་མེད་པའི་བྱང༷་ཆུབ༷་མཆོག་ལ་རེག༷་སྟེ་འཚང་རྒྱ་བ་ཡིན་ནོ། །"[༡༤]ཞེས་གསུངས་སོ། །
སློབ་པའི་གང་ཟག "བྱང་ཆུབ་སེམས་དཔའ་མཁས་ཤིང་དོན་རིག་པས་དག་ས་ཐོབ་པ་གང་གི་དུས་ཀྱི་ཚེ། དངོས་པོ་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པར་རྣམ་པར་ཤེས་ཤིང་བསམས་ཏེ་འདི་ལྟར་སྤྱོད་པར་བྱེད་ཅིང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་དུ་བདེན་པའི་འདུ་ཤེས་འབྱུང་བ་མེད་པ་འདི་ནི་ལམ་ཤེར་ཕྱིན་མཆོག་ལ་སྤྱོད་པ་ཡིན་ནོ། །"[༡༥]ཞེས་གསུངས་སོ། །
ཕན་གནོད་ཀྱི་འབྲས་བུ།
[རྩོམ་སྒྲིག]དད་པའི་ཕན་ཡོན། ལེགས་ལྡན་ན། "གང་ཟག་གང་ཞིག་བྱང་ཆུབ་སེམས་དཔའ་ལ་ཡིད་རབ་ཏུ་དང་བར་བྱེད་ན། དད་པ་དེའི་འབྲས་བུ་སྔར་སྡིག་པའི་འབྲས་བུ་བཤད་པ་དེ་བས་ལྷག་པར་འཕེལ་བ་སྟེ། དང་བའི་སེམས་ཀྱི་སྐད་ཅིག་ཇི་སྙེད་ཡོད་པ་དེ་བས་ཀྱང་ཆེས་གྲངས་མང་བའི་བསྐལ་པར་འབྲས་བུ་ཁྱད་པར་ཅན་ཉམས་སུ་མྱོང་བར་འགྱུར་ཏེ་"[༡༦]ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས་གསུངས་སོ། །
ངན་སེམས་ཀྱི་འབྲས་བུ། བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་པའི་ཉེས་དམིགས་ནི་ཤིན་ཏུ་ལྕི་བ་སྟེ། "སེམས་ཅན་གང་ཞིག་ཕན་བདེ་མཐའ་དག་སྦྱིན་པར་བྱེད་པ་དེ་འདྲའི་རྒྱལ་སྲས་སྦྱིན་བདག་མཐར་ཐུག་པ་ལ། སྐུར་བ་འདེབས་ཤིང་གནོད་པར་བྱ་བར་འདོད་པའི་གལ་ཏེ་ ངན་སེམས་སྐྱེད་པར་བྱེད་པ་དེ་སྡིག་པའི་ཕུལ་དུ་བྱུང་བ་ཡིན་ཏེ། ངན་སེམས་སྐྱེད་པར་བྱེད་ན་རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་བསྐྱེད་ཅིང་བརྙས་པའི་སེམས་བསྐྱེད་པ་དེ་སྲིད་དུ། དེས་བདག་བསྐལ་པར་དམྱལ་བར་གནས་པར་བྱའོ་ཞེས་གོ་ཆ་བགོ་བར་བྱའོ། །ཞེས་གསུངས་པས་ངན་སེམས་སྐྱེད་པའི་སེམས་ཀྱི་སྐད་ཅིག་གི་གྲངས་བཞིན་དུ་གྲངས་དེ་སྙེད་ཀྱི་བསྐལ་པར་ནི་དམྱལ་བར་གནས་པར་འགྱུར་རོ་"[༡༧]ཞེས་ཐུབ་པས་གསུངས་སོ། །
སྤྱོད་པ།
[རྩོམ་སྒྲིག]སྡིག་བཤགས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དུག་གསུམ་གྱིས་ཀུན་ནས་བསླང་བའི་སྡིག་པ་བཤགས་པའི་ཐབས་ལ། "སྟོབས་བཞི་སྟེ། རྣམ་པར་སུན་འབྱིན་པའི་སྟོབས་དང། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང། སོར་ཆུད་པར་བྱེད་པའི་སྟོབས་དང། རྟེན་གྱི་སྟོབས་སོ། །"[༡༨]བཅས་བསྟེན་དགོས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཡང་བདག་ཉིད་ཀྱིས་བསྡུས་ནས་བཤགས་པར་བྱ་སྟེ། "ཅུང་ཟད་ཙམ་བསམ་པ་ལས་མ་བྱིན་ན་ཡི་དྭགས་སུ་སྐྱེ་ལ། དམ་བཅས་པ་ལས་མ་བྱིན་ན་སེམས་ཅན་དམྱལ་བར་འགྲོའོ། །ཞེས་གསུངས་ན། བླ་ན་མེད་པའི་སངས་རྒྱས་དང་གནས་སྐབས་ཀྱི་བདེ་བ་ལ་སེམས་ཅན་ཐམས་ཅད་བསམ་པ་ཐག་པས་མགྲོན་གཉེར་ནས་འགྲོ་བ་ཐམས་ཅད་བསླུས་བྱས་ན་བདེ་འགྲོར་ཅི་ག་འགྲོ་འགྱུར་རམ་སྟེ་མི་འགྱུར་རོ། །"[༡༩]ཞེས་གསུངས་པ་བཞིན་ནོ། །
དྲན་ཤེས་བསྟེན་པ། བྱང་ཆུབ་སེམས་དཔའི་བསླབ་པ་གཙོ་བོ་དྲན་ཤེས་བསྟེན་པ་སྟེ། "བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་འདི་ནི་རང་གི་ཡིད་ཀྱི་ཁང་པའི་སྒོ་ཁར་སྟེ་སེམས་ཕྱིན་ཅི་ལོག་གི་ཡུལ་དུ་འཇུག་པའི་སྒོར་ཉོན་མོངས་པའི་ཆོམ་རྐུན་བསྲུང་བའི་དོན་དུ་བཞག་ནས་དེ་ལས་ཕྱི་རོལ་ལམ་གུད་དུ་སྟེ་གཞན་དུ་དུས་ནམ་ཡང་མི་གཏོང་ངོ་"[༢༠]ཞེས་དྲན་ཤེས་རྟག་ཏུ་ཉེ་བར་གནས་པ་ལ་འབད་དགོས་སོ། །
གནད་ཚིག
[རྩོམ་སྒྲིག]བྱང་ཆུབ་སེམས་དཔའ་ནི་ཐེག་པ་ཆེན་པོའི་ལམ་གྱི་གཙོ་བོ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུའི་སྤྱོད་པ་ལ་སློབ་པ་དང། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་སེམས་བསྐྱེད་ནས་དེ་ལ་ནམ་ཡང་མི་ཉམས་པར་བསྲུང་བའི་གང་ཟག་ཡིན་ནོ། །"སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གང་དུ་འཇུག་ཀྱང་ཐེག་པ་ཆེན་པོར་འཇུག་པའི་སྒོ་སེམས་བསྐྱེད་ཉིད་ཡིན་པས་སེམས་དེ་ཐབས་དུ་མས་འབད་ནས་བསྐྱེད་དགོས་ལ།"[༢༡] དེ་སྐྱེད་པ་ལ་ནི་སྔར་བཤད་པ་ལྟར་སྔོན་དུ་སེམས་བསྐྱེད་ཀྱི་ཕན་ཡོན་བསྒོམས་ནས་སྙིང་ཐག་པ་ནས་ཕན་ཡོན་ལ་སྤྲོ་ཤུགས་འཕེལ་བ་ཞིག་དང། ཡན་ལག་བདུན་པ་སྐྱབས་འགྲོ་དང་བཅས་པ་དགོས་སོ། །
སེམས་བསྐྱེད་བཏང་བ་དེ་ནི་བྱང་ཆུབ་སེམས་དཔའ་ལ་ལྟུང་བའི་ནང་ནས་ལྕི་བ་སྟེ། འཕགས་པ་སྡུད་པ་ལས། "གལ་ཏེ་བསྐལ་བ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །"འདི་ལྟར་དེ་ནི་བྱུང་གྱུར་ན་སེམས་ཅན་ཀུན་གྱི་དོན་སྒྲུབ་པ་ལ་ནུས་པ་དམན་པའི་ཕྱིར་རོ་ཞེས་བྱང་ཆུབ་ཀྱི་སེམས་བཏང་བ་ངན་འགྲོའི་རྒྱུར་འགྱུར་བའང་གསུངས་སོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང། ཤིང་དཔར།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར།
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིག་དཔར།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།