བྱང་ཆུབ་སེམས་
བྱང་ཆུབ་སེམས་ཀྱི་ལྟ་གྲུབ་དང་ཉམས་ལེན།
[མ་ངོས་ཞུ་དག]ཐེག་པ་ཆེན་པོ་དང་གསང་སྔགས་ཀྱི་གཞུང་ལས་བྱུང་བའི་སེམས་བསྐྱེད་ཀྱི་རྣམ་བཞག བྱང་ཆུབ་ཀྱི་སེམས་ནི་ལེགས་སྦྱར་དུ་བོདྷིཿཅི་ཏྲ།(Bodhichitta)ཟེར། བྱང་ཆུབ་སེམས་ནི་ཐེག་པ་ཆེན་པོའི་ལམ་གྱི་གཞི་རྩ་དང་སྲོག་ཤིང་ལྟ་བུ་ཡིན། འདི་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་སེམས་པ་ཁྱད་པར་ཅན་ཞིག་ལ་གོ་དགོས། བྱང་ཆུབ་ཀྱི་སེམས་ནི་ཐེག་པ་ཆེན་པོའི་ལམ་དུ་འཇུག་པའི་སྒོ་གཅིག་པུ་ཡིན་པར་མ་ཟད། འདིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་ཀུན་སློང་དང་། བདག་ཏུ་འཛིན་པའི་བློ་རིམ་གྱིས་སྤོང་བའི་ལམ་སྟོན་བྱེད་ཞིག་ཡིན།
བྱང་ཆུབ་སེམས་ཀྱི་ངེས་ཚིག་དང་གཞི་རྩའི་ལྟ་གྲུབ། བྱང་ཆུབ་སེམས་ནི་ཚད་མ་ཐོག་ནས་ཞེ་ན། ཤེས་རབ་དང་ཐབས་སྙིང་རྗེ་ཆེན་པོ་གཉིས་ཟུང་དུ་འབྲེལ་བའི་ལམ་གྱི་སེམས་ཤིག་ཡིན། བོད་བརྒྱུད་ནང་བསྟན་གྱི་བཞེད་པ་ལྟར་ན། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་སམ་བདེ་བར་གཤེགས་པའི་སྙིང་པོ་ (tathagatagarbha) ཡོད་པས། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ནུས་པ་ཡོད་པར་འདོད། བྱང་ཆུབ་ཀྱི་སེམས་ནི་ཕྱི་རོལ་ནས་བཙན་གྱིས་བཅུག་པ་ཞིག་མ་ཡིན་པར། སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཉོན་མོངས་པའི་སྒྲིབ་པས་བསྒྲིབས་པ་ལས་སད་པ་ཞིག་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་དབྱེ་བ་ནི། ཀུན་རྫོབ་དང་དོན་དམ་གཉིས། ཐེག་པ་ཆེན་པོའི་གཞུང་ལས་བྱང་ཆུབ་ཀྱི་སེམས་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་སུ་དབྱེ་བ་མཛད་ཡོད། ཀུན་རྫོབ་བྱང་ཆུབ་ཀྱི་སེམསཞེ་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ (samvrti-bodhichitta) ནི་སེམས་ཅན་རྣམས་ལ་ཐ་སྙད་དུ་བདག་དང་གཞན་དུ་དབྱེ་ནས། སྲིད་པའི་འཁོར་ཾབ་དང་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བར་འདོད་པའི་སྙིང་རྗེ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་ཞིག་ལ་གོ་དགོས། ཀུན་རྫོབ་བྱང་ཆུབ་སེམས་འདི་ལ་ཡང་སྨོན་པ་བྱང་ཆུབ་ཀྱི་སེམས་དང་འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས་ཡོད།
སྨོན་པ་བྱང་ཆུབ་ཀྱི་སེམས། སྨོན་པ་བྱང་ཆུབ་སེམས་ནི(bodhipranidhichitta)ཟེར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་འདུན་པ་ཙམ་ལ་གོ་དགོས། འདི་ནི་ལམ་ལ་འགྲོ་བར་འདོད་པའི་བློ་དང་འདྲ། སྤྱོད་འཇུག་ལས། འགྲོ་བ་འདོད་དང་འགྲོ་བ་ཡི།། ཞེས་པའི་རྩ་ཚིག་ལས་སྨོན་པ་བྱང་ཆུབ་སེམས་བསྟན་གྱི་ཡོད།
འཇུག་པ་བྱང་ཆུབ་ཀྱི་སེམས། (bodhiprasthanachitta) སྨོན་པ་དེའི་རྗེས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དངོས་སུ་སློབ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་ནས་ལམ་ལ་ཞུགས་པ་ལ་གོ་དགོས། འདི་ནི་ལམ་དངོས་སུ་འགྲོ་བ་དང་འདྲ།
དོན་དམ་བྱང་ཆུབ་ཀྱི་སེམས།
[མ་ངོས་ཞུ་དག]དོན་དམ་བྱང་ཆུབ་ཀྱི་སེམས་ (paramartha-bodhichitta) ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ (shunyata) དུ་རྟོགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཡིན། འདིས་བདག་དང་གཞན་གྱི་དབྱེ་བ་རྩ་བ་ནས་བཅད་དེ་ཆོས་ཉིད་ཀྱི་གནས་ལུགས་མངོན་སུམ་དུ་མཐོང་བར་བྱེད།
སེམས་བསྐྱེད་ཀྱི་བསྐྱེད་ཚུལ་གསུམ།
[མ་ངོས་ཞུ་དག]བྱང་ཆུབ་སེམས་དཔའི་བྱང་ཆུབ་སེམས་བསྐྱེད་ཚུལ་མི་འདྲ་བ་གསུམ་ཡོད། རྒྱལ་པོ་ལྟ་བུའི་སེམས་བསྐྱེད། རང་ཉིད་སྔོན་ལ་སངས་རྒྱས་ནས་དེའི་ནུས་མཐུ་ལ་བརྟེན་ཏེ་གཞན་སེམས་ཅན་རྣམས་འདྲེན་པར་འདོད་པ། གྲུ་པ་ལྟ་བུའི་སེམས་བསྐྱེད། རང་དང་གཞན་སེམས་ཅན་ཐམས་ཅད་མཉམ་དུ་སངས་རྒྱས་ཀྱི་གོ་འཕང་ལ་བགྲོད་པར་འདོད་པ། རྫི་བོ་ལྟ་བུའི་སེམས་བསྐྱེད། སེམས་ཅན་ཐམས་ཅད་སྔོན་ལ་སངས་རྒྱས་ལ་བཀོད་ནས་རང་ཉིད་རྗེས་སུ་སངས་རྒྱས་པར་འདོད་པ།
རྒྱུ་འབྲས་མན་ངག་བདུན་གྱི་སྒོམ་རིམ།
[མ་ངོས་ཞུ་དག]བོད་རྒྱུད་ནང་བསྟན་ལས་ཇོ་བོ་རྗེ་ཨ་ཏི་ཤ་ནས་བརྒྱུད་པའི་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་གལ་ཆེན་ཞིག་ནི་རྒྱུ་འབྲས་མན་ངག་བདུན་ཡིན། མར་ཤེས་པ། སེམས་ཅན་ཐམས་ཅད་རང་གི་མར་མ་གྱུར་པ་མེད་པར་བསམ་པ། དྲིན་དྲན་པ། མ་དེ་དག་གི་བཀའ་དྲིན་དྲན་པ། དྲིན་གཟོ་བ། མ་དེ་དག་གི་བཀའ་དྲིན་ལན་དུ་ཕན་འདོགས་པར་འདོད་པའི་བློ། ཡིད་འོང་གི་བྱམས་པ། སེམས་ཅན་ཐམས་ཅད་བུ་གཅིག་པོ་ལྟར་གཅེས་པར་འཛིན་པའི་བློ། སྙིང་རྗེ་ཆེན་པོ། སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་དྲག་པོ། ལྷག་བསམ་རྣམ་དག་ སེམས་ཅན་གྱི་སྡུག་བསྔལ་སེལ་བའི་ཁུར་རང་ཉིད་གཅིག་པུས་འཁུར་བར་འདོད་པའི་སྙིང་སྟོབས། བྱང་ཆུབ་ཀྱི་སེམས། སངས་རྒྱས་ཐོབ་འདོད་ཀྱི་བློ་དངོས་སུ་བསྐྱེད་པ།
བདག་གཞན་མཉམ་བརྗེའི་མན་ངག
[མ་ངོས་ཞུ་དག]མན་ངག་འདི་ནི་སློབ་དཔོན་ཞི་བ་ལྷ་ནས་བརྒྱུད་པ་སྟེ། རང་གཅེས་འཛིན་གྱི་བློ་སྤངས་ནས་གཞན་གཅེས་འཛིན་གྱི་བློ་སྦྱོང་བ་ལ་གཙོ་བོར་དམིགས་པ་ཞིག་ཡིན། བདག་གཞན་བརྗེ་བའི་ཉམས་ལེན་དངོས་ནི་ "གཏོང་ལེན་" གྱི་དམིགས་པ་སྟེ། དབུགས་རྔུབ་པ་དང་འབྱིན་པའི་རྗེས་སུ་སྦྱར་ནས་སྒོམ་དགོས།
བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དང་ལུང་ཁུངས།
[མ་ངོས་ཞུ་དག]བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པ་སྟེ། སློབ་དཔོན་ཞི་བ་ལྷས་ སྤྱོད་འཇུག་ ལས། བྱང་ཆུབ་ཀྱི་སེམས་ནི་དགེ་བ་གཞན་དག་ཆུ་ཤིང་གི་སྡོང་པོ་ལྟར་འབྲས་བུ་བཏགས་ནས་ཟད་འགྲོ་བ་མ་ཡིན་པར། འབྲས་བུ་རྟག་ཏུ་འཕེལ་ཞིང་མི་ཟད་པའི་ལྗོན་ཤིང་ལྟ་བུ་ཡིན་པར་གསུངས། མདོ་སྡེ་སྡོང་པོ་བཀོད་པ།: བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ།: བྱང་ཆུབ་ཀྱི་སེམས་ཀྱི་བསོད་ནམས་ལ་གཟུགས་ཤིག་ཡོད་ན་ནམ་མཁའི་མཐའ་ཡང་དོག་པར་གསུངས།
གསང་སྔགས་རྡོ་རྗེ་ཐེག་པའི་བཞེད་པ།
[མ་ངོས་ཞུ་དག]གསང་སྔགས་ཀྱི་གཞུང་ལས་བྱང་ཆུབ་ཀྱི་སེམས་ལ་གནས་ལུགས་དང་སྦྱར་བའི་གོ་བ་ཟབ་མོ་ཡོད། སྤྱི་བོའི་ཧཾ་ཡིག་ལས་བྱུང་བའི་ཐིག་ལེ་དཀར་པོ་ལ་ "བྱང་སེམས་དཀར་པོ་" དང་། ལྟེ་བའི་གཏུམ་མོ་ལས་བྱུང་བའི་ཐིག་ལེ་དམར་པོ་ལ་ "བྱང་སེམས་དམར་པོ་" ཞེས་བརྗོད་དེ། འདི་གཉིས་རྩ་དབུ་མའི་ནང་དུ་འདུས་ནས་ལྷན་ཅིག་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་ལ་བྱང་ཆུབ་ཀྱི་སེམས་ཞེས་བཤད།