བྱང་ཆུབ་ལམ་
བྱང་ཆུབ་ལམ་ཞེས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ལ་བགྲོད་པའི་ལམ་སྟེ། ཐེག་པ་ཆེན་པོའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་མཐའ་དག་དང་ལྡན་པའི་ཤེས་རབ་གཙོ་བོར་བསྟན་པའི་གདམས་ངག་ཡིན། དེ་བཞིན་དུ་འགྲོ་བ་ཀུན་གྱི་ཉོན་མོངས་པ་དང་སྡུག་བསྔལ་གྱི་ནད་རྣམས་གསོ་བར་མཛད་པའི་ཆོས་ཀྱི་བདུད་རྩི་ཡིན་ནོ། །
སྒྲ་བཤད།
[རྩོམ་སྒྲིག]བྱང་ཆུབ་ལམ་ཞེས་པ་འདིའི་ནང་དུ། བྱང་ཆུབ་ནི་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ལ་ཟེར་ལ། ལམ་ནི་དེ་ལ་བགྲོད་པའི་ཐབས་ལམ་ལ་ཟེར། "བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་ལམ་མོ། །"[༡]ཞེས་གསུངས་པ་ལྟར། ལམ་འདི་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པའི་ཕྱིར་རྒྱུ་དང་འབྲས་བུའི་མིང་ཅན་ཞིག་ཡིན།
ངེས་ཚིག
[རྩོམ་སྒྲིག]བྱང་ཆུབ་ལམ་ཞེས་པ་འདི་ནི་མདོ་སྡུད་པའི་མིང་ཉིད་ཡིན་ཏེ། "བརྗོད་བྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་གང་ཞིག་དེའི་ཁྱད་པར་ཅི་ལྟ་བུ་ཞེ་ན་བྱང་ཆུབ་མཆོག་གི་ལམ་ཐེག་པ་ཆེན་པོའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་མཐའ་དག་དང་ལྡན་པ་འདི་གསུངས་ཏེ། མདོ་འདིའི་མིང་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་དང་འབྲས་བུའི་ཡོན་ཏན་གྱི་རིན་པོ་ཆེ་མ་ལུས་པ་འདིར་ཆུད་ཅིང་སྡུད་པས་ན་ཡོན་ཏན་རིན་ཆེན་སྡུད་པ་བྱང་ཆུབ་མཆོག་གི་ལམ་ཞེས་བྱའོ། །"[༢]"དོན་དང་ལྡན་པའི་མིང་བཏགས་པ་ནི་སེམས་བསྐྱེད་པ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་བརྩེགས་པའི་ཕྱིར་རིན་ཆེན་སྡུད་པའོ། །"[༣]
ནང་དོན།
[རྩོམ་སྒྲིག]ཤེས་རབ་གཙོ་བོའི་ལམ། "ཤེས་རབ་གཙོ་བོར་བསྟན་པ་བྱང་ཆུབ་ཀྱི་ལམ་བརྗོད་བྱར་ལྡན་པའི་ཤེར་ཕྱིན་བསྡུས་པ་འདི་ལེགས་པར་གསུངས་ཏེ། འདིའི་མིང་ནི་ཡོན་ཏན་རིན་ཆེན་སྡུད་པ་བྱང་ཆུབ་ཏུ་བགྲོད་པའི་ལམ་ཞེས་བྱ་ཞིང་། ལམ་འདི་ནི་གདུལ་བྱའི་སེམས་ཅན་ཀུན་གྱིས་བསྒོམ་པར་བྱ་བའི་ཉམས་ལེན་ཇི་ལྟ་བ་བཞིན་དུ་རྗེས་སུ་ཐོབ་པར་བྱ་བའི་ཕྱིར་དུ་བཤད་དོ། །"[༤]ལམ་གྱི་ཟབ་མོའི་ངོ་བོ། "མི་དམིགས་པར་ཤེས་པའི་ཤེས་རབ་བསྟན་པ་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཟབ་མོ་དང་ལྡན་པ་འདི་གསུངས་ཏེ། ཡང་དག་པར་བསྟན་པའོ། །"[༥]སྨན་པའི་མཆོག་གི་ཕྲིན་ལས། སངས་རྒྱས་རྣམས་ཀྱིས་འགྲོ་བའི་ནད་གསོ་བར་མཛད་པའི་ཕྱིར་འདི་ནི་སྨན་པའི་མཆོག་གི་ཆོས་ཀྱི་བདུད་རྩི་ཡིན་ཏེ། "འགྲོ་བའི་ལུས་དང་སེམས་ཀྱི་ནད་མ་ལུས་པ་རྩད་ནས་ཞི་བའི་ཚུལ་གྱིས་གསོ་བར་མཛད་པ་སྨན་པའི་མཆོག་ཏུ་གྱུར་པ་ནི་སངས་རྒྱས་ཡིན་ཏེ། ནད་དུ་གྱུར་པ་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ནི་དངོས་པོར་འཛིན་པ་ཡིན་ལ་དེ་ལས་བྱུང་བའི་ཉོན་མོངས་པ་ཐམས་ཅད་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་བྱུང་བའི་སྲིད་ཞིའི་རྒུད་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་བདུད་རྩིས་གསོ་བར་མཛད་པའི་ཕྱིར་ནའོ། །"[༦]སེམས་ཅན་ཀུན་གྱི་བསྒོམ་བྱ། "ལམ་ནི་སེམས་ཅན་ཀུན་གྱིས་བསྒོམ་པའི་མན་ངག་ཇི་ལྟ་བ་བཞིན་དུ་རྗེས་སུ་ཐོབ་པ་ནི་དེ་བཞིན་དུ་གྱུར་པའོ། །"[༧]
དབྱེ་བ།
[རྩོམ་སྒྲིག]ཕ་རོལ་ཏུ་ཕྱིན་པ་དྲུག "ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་བསྟན་པའོ། །"[༨]
ཐེག་པ་གསུམ་གྱི་ཆོས། "སངས་རྒྱས་ཀྱི་སྤྲུལ་བའི་སྐུའི་རྒྱུད་དང་ཐེག་པ་གསུམ་གྱི་ཆོས་ཀྱི་རྒྱུད་ཀྱང་ཡོངས་སུ་འཛིན་ཅིང་། དེ་བཞིན་དུ་སྤྲུལ་སྐུའི་འཁོར་གྱི་དགེ་འདུན་གྱི་རྒྱུད་དང་ལུང་དང་རྟོགས་པའི་དམ་ཆོས་ཀུན་ཡོངས་སུ་འཛིན་པའི་སྒོ་ནས། འགྲོ་བ་ཀུན་གྱི་ཉོན་མོངས་པ་དང་སྡུག་བསྔལ་གྱི་ནད་རྣམས་གསོ་བར་མཛད་པ་སྨན་པའི་མཆོག་ཏུ་འགྱུར་རོ། །"[༩]
ལུང་ཁུངས།
[རྩོམ་སྒྲིག]- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།