བྱ་རྒོད་ཕུང་པོའི་རི་
བྱ་རྒོད་ཕུང་པོའི་རི་ཞེས་པ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སོགས་ཆོས་ཀྱི་འཁོར་ལོ་གཉིས་པ་གསུངས་པའི་གནས་ཁྱད་པར་ཅན་ཞིག་སྟེ། འདི་ནི་རྒྱ་གར་མ་ག་དྷཱའི་གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་ཤར་ཕྱོགས་སུ་གནས་པའི་རི་ཞིག་ཡིན་ཞིང་། རི་དེའི་དབྱིབས་བྱ་རྒོད་ཀྱི་མགོ་དང་འདྲ་བའམ་བྱ་རྒོད་མང་པོ་སྤུངས་པ་ལྟ་བུའི་དབྱིབས་སུ་ཡོད་པས་མཚན་དེ་ལྟར་གྲགས་པ་ཡིན།
སྒྲ་བཤད།
[རྩོམ་སྒྲིག]བྱ་རྒོད་ཕུང་པོའི་རིའི་མིང་གི་འབྱུང་ཁུངས། བྱ་རྒོད་ཕུང་པོའི་རི་ཞེས་པའི་ཐ་སྙད་འདི་ལ་བཤད་ཚུལ་དུ་མ་ཡོད་དེ། རི་དེའི་ལྷུན་བྱ་རྒོད་ཀྱི་དབྱིབས་ལྟ་བུར་ཡོད་པའམ། ཡང་ན་བྱ་རྒོད་མང་པོ་རོ་ཟ་བའི་ཕྱིར་རི་དེར་འདུ་བས་ན་བྱ་རྒོད་ཕུང་པོ་ཞེས་བཏགས་པར་བཤད། ཡང་ན་སྟོང་ཉིད་རྟོགས་པའི་སྐྱེས་བུའི་བྱ་རྣམས་ཀྱིས་ཟིལ་གྱིས་གནོན་པས་ན་སྤུངས་ཞེས་བྱའོ། ། [༡]
སྦས་དོན་གྱི་སྒོ་ནས་འགྲེལ་པ། བྱ་རྒོད་ཅེས་པ་ནི་ཆོག་མི་ཤེས་པ་ཉེ་བར་མཚོན་པ་སྟེ་མཐའ་མེད་པ་ལ་འཇུག་པ་དང་། ཕུང་པོ་ཞེས་པ་ནི་མི་ཟད་པའི་དོན་ཏོ། །དེས་ན་མཐའ་མེད་པའི་ཡོན་ཏན་གྱི་ཚོགས་དང་འགྲིབ་པ་མེད་པའི་ཆོས་ཅན་ཞེས་པའི་དོན་ཡིན། འདི་ལྟར་གཞུང་ལས། "བྱ་རྒོད་ཅེས་བྱ་བ་ནི་ཆོག་མི་ཤེས་པ་ཉེ་བར་མཚོན་པ་སྟེ། མཐའ་མེད་པ་ལ་འཇུག་པའོ། །ཕུང་པོ་ཞེས་བྱ་བ་ནི་མི་ཟད་པའི་དོན་ཏོ། །དེས་ན་མཐའ་མེད་པའི་ཡོན་ཏན་གྱི་ཚོགས་དང་། འགྲིབ་པ་མེད་པའི་ཆོས་ཅན་ཞེས་གོ་རིམས་བཞིན་དུ་རིག་པར་བྱའོ། །"ཞེས་གསུངས་པ་ལྟར་རོ། ། [༢]
ལོ་རྒྱུས།
[རྩོམ་སྒྲིག]བྱ་རྒོད་ཕུང་པོའི་རིའི་ལོ་རྒྱུས་ནི། སྟོན་པ་སངས་རྒྱས་དགུང་ལོ་ང་བརྒྱད་པ་མེ་སྦྲུལ་ལོར་རི་དེ་ལ་གཤེགས་པའི་ཚེ། བདུད་ཀྱིས་བྱ་རྒོད་ཀྱི་གཟུགས་སུ་སྤྲུལ་ནས་སྟོན་པའི་ཆོས་གོས་ཁྱེར་ཏེ་རི་དེར་བོར་བ་རྡོར་གྱུར་ནས་བཞི་རིམ་དུ་ཆགས་པ་ལ་བྱ་རྒོད་ཕུང་པོ་ཆེན་པོར་གྲགས་པ་ཡིན། [༣] ཡང་གནས་འདིའི་ཁྱད་པར་གཞུང་གཞན་དུ་འབྱུང་བ་ལྟར་ན། "རྒྱལ་པོའི་ཁབ་ཀྱི་ཤར་ཕྱོགས་འདི་ཉིད་དུ། །སངས་རྒྱས་བྱེ་བ་སྟོང་རྣམས་མཐོང་གྱུར་ཅིང་། །རྒྱལ་བ་ཀུན་གྱི་དྲུང་དུ་འདི་ཡིས་ནི། །ཏིང་འཛིན་ཞི་བ་མཆོག་འདི་ཞུ་བ་བྱས། །"ཞེས་འཕགས་པ་ཟླ་བ་སྒྲོན་མ་ལས་གསུངས་སོ། །[༤]
དབྱེ་བ།
[རྩོམ་སྒྲིག]བྱ་རྒོད་ཕུང་པོའི་རིའི་གནས་ཀྱི་དབྱེ་བ་ལྟ་བུ་ནི། འཁོར་ལ་ལྟོས་ནས་སྤྲུལ་པའི་སྐུའི་གནས་གཉིས་སུ་བསྟན་པ་སྟེ། རྒྱལ་པོའི་ཁབ་ཅེས་པ་ནི་སྤྱིའི་ཚིག་དང་། བྱ་རྒོད་ཕུང་པོའི་རི་ཞེས་པ་ནི་ཁྱད་པར་གྱི་གནས་སུ་བཤད། [༥] གཞན་ཡང་ཁྱིམ་པ་དང་རབ་བྱུང་གི་ཕྱོགས་གཉིས་བསྡུ་བའི་ཆེད་དུ་རྒྱལ་པོའི་ཁབ་དང་བྱ་རྒོད་ཕུང་པོ་གཉིས་སྨོས་པར་བཤད་དོ། ། [༦]
ལུང་ཁུངས།
[རྩོམ་སྒྲིག]- ↑ ཨ་ལག་ཤ་ངག་དབང་བསྟན་དར། ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད།
- ↑ པཎྜི་ཏ་ཤྲཱི་མ་ཧཱ་ཛན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་ཡོངས་སུ་ཤེས་པ།
- ↑ ཨ་ལག་ཤ་ངག་དབང་བསྟན་དར། ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད།
- ↑ པཎ་ཆེན་དྲི་མེད་བཤེས་གཉེན། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྒྱ་ཆེར་བཤད་པ།
- ↑ པཎྜི་ཏ་ཤྲཱི་མ་ཧཱ་ཛན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་ཡོངས་སུ་ཤེས་པ།
- ↑ ཨ་ལག་ཤ་ངག་དབང་བསྟན་དར། ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད།