བོོད་གདོན་མིའི་རྒྱལ་ཕྲན་རྣམས་དང་དེ་དག་གི་རྗེ་བློན་གྱི་མིང་

ཡོང་ཁུངས་Wikipedia

འདི་ནི་བོད་གདོད་མའི་དུས་ཀྱི་རྒྱལ་ཕྲན་རྣམས་ཅི་ལྟར་བྱུང་བ་དང་རྒྱལ་ཕྲན་དེ་དག་གིས་གཅིག་གིས་གཅིག་ཕམ་པར་བརྒྱབ་ནས་མཐར་འོ་ལྡེ་སྤུ་རྒྱལ་གྱིས་གཅིག་གྱུར་བྱས་པའི་གོ་རིམ་བརྗོད་ཡོད།

མ་ཡིག[རྩོམ་སྒྲིག]

རྒྱལ་པྲན་ཡུལ་ཡུལ་ན། མཁར་བུ་1རེ་རེ་ན་གནསྟེ། རྒྱལ་པྲན་བགྱིད་པ་དང་། རྒྱལ་པྲན་གྱི་བློན་པོ་བགྱིད་པའི་རབ་ལ། ། ཞང་ཞུང་ངར་པའི་རྗོ་པོ་ལིག་སྙ་ཤུར། བློན་པོ་ཁྱུང་པོ་ར་སངས་རྗེ་དང་། སྟོང་ལམ་མ་ཙེ་གཉིས། མྱང་རོའི་པྱེད་ཀར་ན། རྗེ་རྩང་རྗེའི་ཐོད་ཀར། བློན་པོ་སུརུ་དང་གནང་གཉིས། ། ཡུལ་གནུབས་གྱྀ་གླིང་དགུའ་ན་རྗེ་གནུབས་རྗེའི་སྲིས་པ། བློན་པོ་རྨེའུ་དང་གྲོ་གཉིས། ། ཡུལ་མྱང་རོའི་ཤམ་པོ་ན། རྗེ་ལོ་ངམ་གྱི་བྲོམ་ཚ། བློན་པོ་མྱ་དང་བྲེ་གཉིས། ། ཡུལ་སྐྱི་རོའི་ལྗང་སྔོན་ན། རྗེ་སྐྱི་རྗེའི་མང་པོ། བློན་པོ་ཤེ་འུ་དང་སུག་གཉིས། ། ཡུལ་ངས་པོའི་ཁྲ་སུམ་ན། རྗེ་དགུག་གྲིའི་ཟིང་པོ་རྗེ། བློན་པོ་མགར་དང་མཉན་གཉིས། ། ཡུལ་དབྱེ་རོ་ཡུལ་བཞྀ་ན། རྗེ་དབྱེ་རྗེའྀ་མཁར་བ། བློན་པོ་དབོ་དང་རྡུག་གཉིས། ། ཡུལ་འོ་ཡུལ་གྱི་སྤང་ཀར་ན། རྗེ་འོལ་རྗེའྀ་ཟིན་བྲང་ཚ། བློན་པོ་རྔོ་དང་དབའས་གཉིས། ། ཡུལ་རྔེགས་ཡུལ་གྱི་གྲུ་བཞི་ན། རྗེ་རྔོགས་རྗེའྀ་ལ་བྲང། བློན་པོ་སས་པ་དང་མྱང་ནད་གཉིས།། ཡུལ་ཀླུང་རོ་འི་ཡ་སུམ་ན་རྗེ་ནམ་པའི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས། ། ཡུལ་སྲིབས་ཡུལ་གྱི་རལ་མོ་གོང་ན། རྗེ་དྲང་རྗེའྀ་རྣོལ་ནམ། བློན་པོ་ཞུག་ཚམས་དང་དབྲད་གཉིས། ། ཡུལ་རྐོང་ལ་བྲེ་སྣར་ན། རྗེ་རྐོང་རྗེའྀ་དཀར་པོ། བློན་པོ་མཁར་པ་དང་ཕ་དྲུག་གཉིས། ། ཡུལ་མྱང་ཡུལ་གྱྀ་རྟ་གསུམ་ན། རྗེ་མྱང་ཙུན་སླང་རྒྱལ། བློན་པོ་འོ་རུ་དང་སྤྲགས་གཉིས། ཡུལ་དགས་2ཀྱི་གྲུ་བཞི་ན། རྗེ་དགས་རྒྱལ་གྱྀ་སྤྲོག་ཟིན། བློན་པོ་ཕོ་གུ་དང་པོག་རོལ་གཉིས། ། ཡུལ་མཆྀམས་ཡུལ་གྱི་དགུའ་ཡུལ་ནའ། རྗེ་མཆིམས་རྗེ་འྀ་ནེ་འུ། བློན་པོ་དང་དང་དིང་དིང་གཉིས། ། ཡུལ་སུམ་ཡུལ་གྱྀ་ཡ་སུམ་ནའ། རྗེ་འབལ་ལྗྀ(རྗེ)མང་རུ་ཏི།བློན་པོ་རླང་དང་ཀམ་གཉིས། ། ཡུལ་འབྲོག་མོ་སྣམ་གསུམ་ནའ། རྗེ་སེ་རེ་ཁྲྀ། བློན་པོ་སྐྱང་རེ་གནག ། ། རྒྱན་པྲན་བཅུ་གཉིས་ན། སེ་རེ་ཁྲི་དང་བཅུ་གསུམ། བློན་པོ་ཉི་ཤུ་རྩ་བཞི་ན། སྐྱང་རེ་གནག་དང་ཉི་ཤུ་རྩ་ལྔ།མཁར་བཅུ་གཉིས་ན། དབུ་ལྡེ་དམ་པ་དང་བཅུ་གསུམ། ཡུལ་བཅུ་གཉྀས་ན། བྱང་ཀ་སྣམ་བརྒྱད་དང་བཅུ་གསུམ། རྒྱལ་དགུའ་སྔོ(བློན)བཅུ།བློན་དགུའ་མཆིམས་བཅུ་ཞེས་བྱ་སྟེ། དེ་ཡན་ཆད་ཡ་ཡོགས3ནི། གདོད་བྱིན་རུམ་4གྱི་ནྀ་རྐྱེན་ཞེས་བྱ་སྟེ། གནའ་ཡུལ་ཡུལ་ན་རྒྱལ་པྲན་དང་། བློན་པོ་འདྀ་ལྟར་བབ་སྟེ། མྱི་མང་གྀ་རྗེ། ཡུལ་ཆེ་འི་བདག་བྱེད་བྱེད་པ་ལས། རྒྱལ་པོ་བཙན་པ་དང་། བློན་པོ་འཛངས5པ་དཀུའ་འོ་ཆེ་6རྣམས་ཀྱིས། གཆིག་ཤེས་གཆིག7བརླག་སྟེ། འབངས་སུ་བཀུག་ན། མཐའ་མ་འོ་ལྡེ་སྤུ་རྒྱལ8གྱྀ་དབུ་རྨོག9མ་ཐོབ་སྟེ། ནར་ནྀ་ལྷ་ནར་གྱིས་མནརད10ཐུན་ནྀ་རྗེ་ཐུན་གྱིས་བཐུན་11ཏེ། བཀུག་གོ ། །

དཀའ་འགྲེལ།[རྩོམ་སྒྲིག]

1.མཁར་བུ། མཁར་ཏེ་མཁར་རྫོང་། 2.དགས། དྭགས་ཏེ་དྭགས་པོ་ཞེས་པ་སྔོན་དབུས་གཙང་གི་ཚོ་ཁག་ཅིག་ལ་ཟེར་ཞིང་།དེང་སང་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཚ་དང་གླང་ཞེས་པའི་རྫོང་གཉིས་སུ་གཏོགས་ཤིང་། ལ་དྭགས་ཞེས་པའི་ཡུལ་དེ་ལའང་ཨེ་མི་འཇུག ཅེས་ཀྱང་སྙམ། 3.ཡ་ཡོགས། ཡ་ཐོགས་ཏེ་གདོད་ཀྱི་བསྐལ་པ་ཡ་ཐོག་གི་དུས། 4.བྱིན་རུམ། བྱིན་རིམ་སྟེ་བྱིན་རླབས་སམ་མཐུ་སྟོབས་སམ་ནུས་པ་དང་ལྡན་པ་རིམ་བྱོན། ཞེས་པའི་དོན་ལ་འཇུག་པ་འདྲ། 5.འཛངས། མཛངས་དང་དོན་གཅིག 6.དཀུའ་འོ་ཆེ། མཐུ་བོ་ཆེ་ཐམས་ཅད་ཅེས་པ་དང་མཚུངས་ཏེ་སྟོབས་འབྱོར་དང་ཐབས་བཀོད། སྒྱུ་རྩལ་སོགས་ལྡན་པའི་མི་འཇོན་ཐང་ཅན་ལ་ཟེར། 7.གཆིག་ཤེས་གཆིག གཅིག་གིས་གཅིག་ཅེས་པ་དང་དོན་མཚུངས། 8.འོ་སྡེ་སྤུ་རྒྱལ། སྤྱིར་ཐ་སྙད་འདི་བོད་རྒྱལ་ཐོག་མ་རྗེ་གཉའ་ཁྲི་བཙན་པོར་འཇུག་གི དེ་ཡང་འོ་ལྡེ་ནི་གཉའ་ཁྲི་བཙན་པོའི་མཚན་གཞན་ཞིག་དང་། སྤུ་རྒྱལ་ནི་གྲི་གུམ་བཙན་པོ་སྐུ་གཤེགས་རྗེས་ནས་བྱུང་བའི་ཐ་སྙད་ཅིག་ཡིན་ཏེ། མིང་དེ་གཉིས་ལྷན་དུ་སྦྱར་ནས་གཉའ་ཁྲི་བཙན་པོའི་གདུང་རྒྱུད་སྤྱི་སྟོན་པར་གྲགས་ཀྱང་། གོང་གསལ་ཚིག་དོན་ལ་ལར་ཐ་སྙད་དེ་ནི་གདོད་ཀྱི་རྒྱལ་ཕྲན་རྣམས་ནས་མོས་ཤིང་བརྩོན་པའི་གོ་འཕང་མངོན་པར་འཕགས་པ་ཞིག་ཡིན་པ་འདྲ། 9.དབུ་རྨོག གོ་འཕང་སྟེ་མཚན་སྙན་གྲགས་དང་སྟོབས་དབང་ཐང་གི་དོན། 10.ནར་ནི་ལྷ་དར་གྱིས་མནརད། ནར་ནི་ལྷ་དར་བས་མནར་ཞེས་པའི་དོན། 11.ཐུན་ནི་རྗེ་ཐུན་གྱིས་བཐུན། མཐུན་པ་ནི་རྗེ་པོ་རྣམས་མཐུན་པས་མཐུན་ཞེས་པའི་དོན།

ནང་དོན་མདོར་བསྟན་པ།[རྩོམ་སྒྲིག]

དེ་ཡང་བོད་མིའི་འབྱུང་ཁུངས་ཐད་མཁས་པའི་དགོངས་བཞེད་དུ་མ་མཆིས་ཀྱང་། ཇི་སྐད་དུ། སྟོད་གཡའ་རི་དང་གངས་རིའི་ཆ་རྫིང་དང་འདྲ་བ་ནི་མངའ་རིས་སྐོར་གསུམ། བར་བྲག་དང་སྤང་ལྗོངས་ཀྱི་ཆ་ཡུར་བ་དང་འདྲ་བ་ནི་དབུས་གཙང་རུ་བཞི། སྨད་རྩི་ཤིང་དང་ནགས་ཚལ་གྱི་ཆ་ཞིང་དང་འདྲ་བ་ནི་མདོ་ཁམས་སྒང་དྲུག ཅེས་གྲགས་པའི་བོད་དང་བོད་ཆེན་པོའི་ཡུལ་གྲུ་འདིར་གདོད་ཀྱི་དུས་ནམ་ཞིག་གི་ཚེ་ན་ཕ་སྤྲེའུ་དང་མ་བྲག་སྲིན་གཉིས་འདུས་པ་ལས་ཕྲུ་གུ་མང་དུ་འཕེལ་ཅིང་། དེ་དག་གིས་དཀའ་ལས་ཁག་པོའི་ངང་ཡ་ཐོག་རིང་མོའི་ནམ་ཟླ་བརྒྱུད་ནས་རིམ་གྱིས་མིའི་འགྲོ་བར་གྱུར་ལ། གྱུར་ནས་ཀྱང་སེ་དང་། རྨུ། ལྡོང་། སྟོང་། དབྲ། འདྲུ་བཅས་རུས་ཆེན་དྲུག་སྟེ་བོད་མིའུ་གདུང་དྲུག་ཅེས་བྱ་བར་གྱེས་པ་དང། དེ་ནས་ཀྱང་རྒྱལ་ཕྲན་ནམ་ཚོ་ཁག་བཅུ་གཉིས་དང་བཞི་བཅུ་ལ་སོགས་པར་གྱེས་ཏེ་རང་ས་རང་བདག་དང་རང་འགོ་རང་འཛིན་གྱིས་གནས་ཤིང་། དེ་རྣམས་ཀྱིས་སྐབས་འགར་ཕན་ཚུན་བར་མཐུན་པའི་མནའ་བོར་ཅིང་མཛའ་བའི་གཉེན་བསྒྲིགས་པ་དང་། སྐབས་འགར་སྡང་བའི་འཁོན་བཟུང་བ་དང་དྲག་པོའི་གཡུལ་བཤམས་པའི་ཚུལ་གྱིས་དུས་འདའ་བར་བྱས་ཏེ་ཧ་ལམ་གནམ་རི་སྲོང་བཙན་ལ་ཐུག་གི་བར་འཚོ་ཞིང་གཞེས་པ་གོང་གི་སློབ་ཚན་དུ་གསལ་བ་ལྟ་བུའོ། །