བོན་ཐེག་པ་རིམ་དགུ་

ཡོང་ཁུངས་Wikipedia

བོན་ཐེག་པ་རིམ་དགུ་གཏན་ལ་ཕབ་ལུགས།

དང་པོ་ཕྱྭ་གཤེན་ཐེག་པ།[རྩོམ་སྒྲིག]

རྣམ་མཁྱེན་སྟོན་པ་གཤེན་རབས་ཀྱིས་བོན་ཐེག་པ་རིམ་དགུ་གཏན་ལ་ཕབ་ལུགས་ནི། ཡབ་རྒྱལ་བོན་ཐོད་དཀར་དང༌། ཡུམ་ཡོ་ཕྱི་རྒྱལ་བཞད་མ་ལ་སྐུ་འཁྲུངས་ནས། མི་ལོ་བརྒྱ་གཤེན་ལོ་གཅིག་ལོན་པའི་ཚེ། བར་པོ་སོ་བརྒྱད་མཁར་ནང་དུ་གཤེགས་ནས། ཐེག་པ་ཐ་མ་ཕྱྭ་གཤེན་བོན་རྣམས་མཛད། ཕྱྭ་གཤེན་བོན་གྱི་གཞུང་ནི། གཏོ་ཐབས་སུམ་བརྒྱ་དྲུག་ཅུ་དང༌། དཔྱད་བརྒྱད་ཁྲི་བཞི་སྟོང་སྟེ། འབྱུང་བའི་སྙིང་ཕུར་འཁྲུག་པའི་གཏོ་དྲུག་ཅུ་ཐམ་པ། འཁྲུག་པ་གནས་སུ་མཉམ་པའི་གཏོ་དྲུག་ཅུ་ཐམ་པ། ཧོས་ཆ་རྟེན་འབྲེལ་བརྟག་པའི་གཏོ་དྲུག་ཅུ་ཐམ་པ། བབ་ཕུར་ཡུལ་གཉེར་ཟློག་པའི་གཏོ་དྲུག་ཅུ་ཐམ་པ། པྲ་མཚན་རིག་པས་བསྣུན་པའི་གཏོ་དྲུག་ཅུ་ཐམ་པ། མཉམ་གཉིས་གོ་བསོར་གྱི་གཏོ་དྲུག་ཅུ་ཐམ་པའོ། དཔྱད་བརྒྱད་ཁྲི་བཞི་སྟོང་ནི། ནད་རླུང་མཁྲིས་བད་ཀན་འདུ་བ་བཞི་ལ་དབྱེ་བ་སྟེ། དེ་རེ་རེའི་གཉེན་པོ་ལ་དཔྱད་ཉིས་ཁྲི་དང་གཅིག་སྟོང་སྟེ། བརྒྱད་ཁྲི་བཞི་སྟོང་གིས་གཏན་ལ་འབེབ་པའི་གཞུང་སྟེ། ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་ལ་གཏད་དོ།

གཉིས་པ་སྣང་གཤེན།[རྩོམ་སྒྲིག]

དེ་ནས་གཤེན་ལོ་གཉིས་ལོན་པའི་ཚེ། གསས་མཁར་ཁྲི་སྨོན་རྒྱལ་བཞད་དུ། ཐེག་པ་གཉིས་པ་སྣང་གཤེན་མཛད་དེ། གྱེར་སྒོ་བཞི་དང༌། སྐད་གཅོང་དགུ་སྤྲོས་ཏེ། གྱེར་ནི་བོན་སྒོ་བཞི་ལ་བྱས་ཏེ། ཆབ་ནག་ཆུ་བོ་སེལ་སྒོ་རུ་གྱེར་བ། ཆབ་དཀར་སྲི་དང་འདྲེ་སྒོ་རུ་གྱེར་བ། འཕན་ཡུལ་མཉམ་རྗེས་གླུད་སྒོ་རུ་གྱེར་བ། དཔོན་གསས་ཕྱྭ་གཉེན་གཏོ་སྒོ་རུ་གྱེར་བ་དང་བཞིའོ། སྐད་གཅོང་དགུ་ནི། ཆབ་ནག་སེལ་གསས་སྟག་མོའི་ངར་སྐད་ཀྱི་གཅོང་ལ་དྲངས་བ་དང༌། སེལ་སྨྲང་སིལ་བུ་བྱ་ཁྱི་རྟའི་གཅོང་སྐད་ལ་དྲངས་བ་དང༌། ཆབ་དཀར་ཁྱུང་གི་གཅོང་སྐད་ལ་དྲངས་བ་དང༌། འདྲེ་དགུ་སྲིད་པ་ནེ་ཙོའི་གཅོང་སྐད་ལ་དྲངས་བ་དང༌། གླུད་གསས་སེང་གེའི་གདང་སྐད་ཀྱི་གཅོང་ལ་དྲངས་བ་དང༌། ལྷ་སྲིན་སྐོས་ལ་འདེབས་པ་བྱ་ཅོ་གའི་འགྱུར་སྐད་ཀྱི་གཅོང་ལ་དྲང་བ་དང༌། དཔོན་གསས་གཡུ་འབྲུག་སྐད་ཀྱི་གཅོང་ལ་དྲང་བ་དང༌། ཕྱྭ་གཉེན་གནས་སུ་སྟིམ་པ་ཁུ་བྱུག་གི་གཅོང་སྐད་ལ་དྲང་བ་དང༌། འགྱུར་ཁུག་དང་གཏང་རག་གི་གཞུང་འདྲེས་ཏེ། སྣང་གཤེན་གཙུག་ཕུད་ལ་གཏད་དོ།

གསུམ་པ་འཕྲུལ་གཤེན།[རྩོམ་སྒྲིག]

དེ་ནས་གཤེན་ལོ་གསུམ་ལོན་པའི་ཚེ། འཕྲུལ་གཤེན་གྱི་བོན་རྣམས་གཏན་ལ་ཕབ་སྟེ། ལྷ་དང་བྱད་ཀྱི་གཞུང་སྟེ། ལྷ་རྒོད་ཀྱི་སྨོད་བྱད། མ་མོའི་ཟོར་བྱད་ལ་སོགས་ཏེ། དབལ་བོན་སྟག་ལ་མེ་འབར་ལ་གཏད། གཤེན་རབ་ཉིད་ཡབ་དང་མཐུན་པར་གྲོང་ཁྱེར་ལང་ལིང་དུ་ཞང་མྱེས་ལ་ཞེ་ས་འབུལ་བ་དང༌། རྒྱ་མཚོ་ལ་ཁྲུས་ལ་གཤེགས། ཞང་མྱེས་དང་གྲོང་ཁྱེར་གྱི་མི་རྣམས་ནི། སྐྱེ་བ་སྔ་མའི་ལས་འཕྲོ་དང༌། སྟོན་པའི་ཞལ་མཐོང་ཐུགས་རྗེ་ཡིས། གཅིག་ཀྱང་མ་ལུས་སངས་རྒྱས་སོ།

བཞི་པ་སྲིད་གཤེན།[རྩོམ་སྒྲིག]

དེ་ནས་གཤེན་ལོ་བཞི་ལོན་པའི་ཚེ། གྲོང་ཁྱེར་ལང་ལིང་དབུས་དཀྱིལ་ན། ཐེག་པ་བཞི་པ་སྲིད་གཤེན་བོན་རྣམས་གཏན་ལ་ཕབ། ཤི་ཐབས་སུམ་བརྒྱ་དྲུག་ཅུ་དང༌། འདུར་ཐབས་བརྒྱད་ཅུ་རྩ་གཅིག་གི་གཞུང་སྟེ། རྒས་པ་དབྱེན་སྡེ་བརྒྱ་ཉི་ཤུ་དང་བསེན་ཏེ་ཤི་བ་དང༌། གཞོན་པ་མ་བྱུང་བའི་གདོན་དྲུག་ཅུས་བདག་བྱས་ཏེ་ཤི་བ་དང༌། ཆུང་སྲི་གཅན་དྲུག་ཅུས་བཞེན་བཏབ་སྟེ་ཤི་བ་དང༌། ཉམས་ང་བའི་གྲི་རྒོད་དྲུག གྲི་གཡེན་བརྒྱ་ཉི་ཤུས་དབྱེན་གཡོས་ཏེ་ཤི་བའོ། དེ་ལ་འདུར་ཐབས་བརྒྱད་ཅུ་རྩ་གཅིག་ནི། དོན་རྟགས་རྩིས་ཀྱི་བོན་རྒྱུད་བཅུ། གཏད་ཉན་རྟོས་ཆིང་གི་བོན་རྒྱུད་བཅུ། སྲིད་པ་ཤི་རབས་ཀྱི་བོན་རྒྱུད་བརྒྱད། གདོས་པ་ཐག་ཆོད་ཀྱི་བོན་སྡེ་བཅུ་གཉིས། འཁོར་བ་གག་སེལ་གྱི་བོན་རྒྱུད་བཅུ། དཔེ་དོན་ཤི་རབས་ཀྱི་བོན་སྡེ་བདུན། བླ་ཡིད་སེམས་སྡུད་ཀྱི་བོན་སྒོ་གསུམ། ཡུལ་ཤེས་འདོད་སྤྱོད་ཀྱི་བོན་སྒོ་བརྒྱད། གསོན་གཤིན་ཡུལ་བགོས་ཀྱི་བོན་སྒོ་བཅུ་གཉིས། ལག་ཕྱྭ་གཡང་དབྱེན་ཁམས་དང་བརྒྱད་ཅུ་རྩ་གཅིག་གོ འདུར་གཤེན་རྨ་བོ་དང༌། འབྱུང་བའི་གཤེན་བཞི་ལ་དབང་པོ་ཐ་མའི་བློ་ཡོད་པས། འོད་ཟེར་སྤྲོ་བའི་བོན་བསྟན་ནས། གྲོང་ཁྱེར་ལང་ལིང་དབུས་དཀྱིལ་ན། གསས་མཁར་ཁོ་མ་རུ་རིང་བཞེངས་ནས། དེའི་བདག་ཏུ་བསྐོས་སོ།

ལྔ་པ་དགེ་བསྙེན།[རྩོམ་སྒྲིག]

དེ་ནས་གཤེན་ལོ་ལྔ་ལོན་དུས། ནང་གི་གླིང་ཆེན་བཅུ་གཉིས་ཀྱི། ཤར་གཡུང་དྲུང་བཀོད་པའི་གླིང་གི། འོད་ཀྱི་ལྷ་རི་སྤོ་མཐོན་གྱི་གཡོན་ཕྱོགས། འདུལ་ཁྲིམས་ཀྱི་གླིང་དུ་གཤེགས། རང་འབྱུང་མཆོད་རྟེན་འབུམ་ཕྲག་དྲུང་དུ་བཞུགས། ཐེག་པ་དགེ་བསྙེན་བོན་རྣམས་མཛད། རྒྱུ་འབྲས་དཀའ་སླ་དང༌། མདོ་སྡེའི་གཞུང་ངོ༌། རྒྱུ་དད་པ་སྔོན་དུ་བཏང་བས་འབྲས་བུ་བརྩོན་འགྲུས་འབྱུང་བ་དང༌། རྒྱུ་བརྩོན་འགྲུས་སྔོན་དུ་བཏང་བས། འབྲས་བུ་ཤེས་རབ་རྣམ་གསུམ་འབྱུང་བ་དང༌། རྒྱུ་ཤེས་རབ་སྔོན་དུ་བཏང་བས། འབྲས་བུ་དགེ་བ་བཅུ་ལ་བསྙེན་པའོ། རྐ་སླ་ནི། དང་པོ་ཡིག་རྩིས་རྒྱུད་ལ་འཇུག་པ་དཀའ་ཡང༌། འདུན་པའི་གྲོགས་ཀྱིས་བཀྲིད་པར་སླ་བ་དང༌། སེམས་བསྐྱེད་མ་བཞི་སྐྱེ་རྐ་ཡང༌། རང་ལ་དཔེས་པའི་སྙིང་རྗེ་སྐྱེ་སླ་བ་དང༌། སྦྱིན་པ་ཕྱོགས་མེད་དུ་གཏང་རྐ་ཡང༌། རྐྱེན་དྲག་པོས་སེར་སྣ་བཀྲོལ་སླ་བའོ། མདོ་སྡེ་ནི། སྣོད་བཅུད་འབྱུང་ཟློག་གི་མདོ་སྡེ་དང༌། དྲག་རྩུབ་ཞི་བྱེད་ཀྱི་མདོ་སྡེ་དང༌། སྲུང་ཁྲིམས་ངོས་སྟོན་གྱི་མདོ་སྡེ་དང༌། སེམས་སྒྲུབ་སེལ་བུའི་མདོ་སྡེ་དང༌། བསྐལ་སྲིད་འབྲོས་དེད་ཀྱི་མདོ་སྡེ་རྣམས་གཏན་ལ་ཕབས་ནས། ཚངས་པ་གཙུག་ཕུད་ལ་སོགས་པ་རྣམས་དེར་བསྐོས་སོ།

'དྲུག་པ་དྲང་སྲོང་།[རྩོམ་སྒྲིག]

དེ་ནས་གཤེན་ལོ་དྲུག་ལོན་པའི་ཚེ། འོད་ཀྱི་ལྷ་རི་སྤོ་མཐོན་ན། ཨར་མོ་ལི་ཀའི་རྡོ་ལེབ་བཏིང༌། གསལ་བ་འོད་ཀྱི་ཧོས་གུར་ནང་དུ་བྱོན། དག་པའི་སློབ་བུ་འབུམ་ཕྲག་ལ། ཐེག་པ་དྲུག་པ་དྲང་སྲོང་གི་ཐེག་པ་དྲང་སྲོང་ཞིང་གཏན་ལ་ཕབས་ནས་བཤད་དེ། འདུལ་བ་རྒྱུད་དྲུག་ལ་སོགས་དང༌། འབུམ་སྡེ་བཞིའི་གཞུང་སྤྲོས་ཏེ། ཀྱ་ཏོལ་ལྷ་འབུམ་པང་ཀོང་དས་ཆད་ཀྱི་འབུམ་དང༌། བྱེ་མ་ཉི་ཁྲི་ཆུ་རྒྱུན་གྱི་འབུམ་དང༌། ཁམས་བརྒྱད་གཏན་ལ་ཕབས་པ་འཁོར་འདས་མཉམ་པ་ཉིད་ཀྱི་འབུམ་དང༌། མུ་ཏྲ་མཐོང་བཞི་བྱེད་ལས་ཀྱི་འབུམ་དང་བཞི་གཏན་ལ་ཕབས་ནས། དག་པའི་སློབ་བུ་རྣམས་དེར་བསྐོས་སོ།

བདུན་པ་ཨ་དཀར།[རྩོམ་སྒྲིག]

དེ་ནས་གཤེན་ལོ་བདུན་ལོན་པའི་ཚེ། ནང་གི་གླིང་ཆེན་བཅུ་གཉིས་ཀྱི་ལྷོ་ཕྱོགས་ཚད་མེད་གླིང་ན། བདུད་འདུལ་སྡགས་གླིང་ན། དུར་ཁྲོད་གཞལ་ཡས་ཆེན་པོར་བྱོན། གསང་འདུས་སྟག་ལ་ལ་སོགས་ཏེ། གསང་སྔགས་འཛིན་པའི་འཁོར་རྣམས་ལ། ཐེག་པ་བདུན་པ་ཨ་དཀར་གཏན་ལ་ཕབ་ནས་བཤད་དེ། གསང་སྔགས་ཀྱི་ལྷ་རྒྱུད་ལུས་ལ་བཀྲམ་སྟེ། རང་རྒྱུད་ལྷ་རུ་བསྒྲུབས། སྲིད་པ་གསུམ་དུ་བསྒྲགས་པ་སྐོར་གསུམ་སྤེལ། སྟོང་ཁམས་གསུམ་ལ་སྔགས་ཀྱི་དབལ་མེ་སྤར་ཏེ། གསང་སྔགས་འཛིན་པའི་གཤེན་པོ་རྣམས་དེར་བསྐོས་སོ།

བརྒྱད་པ་ཡེ་གཤེན།[རྩོམ་སྒྲིག]

དེ་ནས་གཤེན་ལོ་བརྒྱད་ལོན་པའི་ཚེ། ནང་གི་གླིང་ཆེན་བཅུ་གཉིས་ཀྱི། ལྷོ་ཕྱོགས་ཚད་མེད་བྱམས་པའི་གླིང་ན། བེ་དུར་ས་གཞི་མཛེས་པའི་རིན་ཆེན་གུར་ཁང་ནང་དུ་བྱོན། ཡེ་གཤེན་གཙུག་ཕུད་ལ་སོགས་ཏེ། དཔག་པའི་སློབ་མ་མང་པོ་ལ། ཐེག་པ་བརྒྱད་པ་ཡེ་གཤེན་གཏན་ལ་ཕབས་ནས་བཤད་དེ། ཏིང་ངེ་འཛིན་ཡན་ལག་སྒོ་རུ་ཞུགས། རང་སེམས་འགྱུར་མེད་གཏན་ལ་ཕབས་པའོ། དཔག་པའི་སློབ་བུ་འབུམ་ཕྲག་གིས། རང་རྒྱུད་ཚད་མེད་བཞིས་སྦྱངས་ཏེ། དེར་བསྐོས་པའོ།

དགུ་པ་བླ་མེད།[རྩོམ་སྒྲིག]

དེ་ནས་མི་ལོ་དགུ་བརྒྱ་གཤེན་ལོ་དགུ་ལོན་པའི་ཚེ། ནང་གི་གླིང་ཆེན་བཅུ་གཉིས་ཀྱི། ནུབ་ཕྱོགས་མི་གཡོ་བསམ་བརྟན་གླིང༌། རིན་ཆེན་ནགས་ཚལ་བཀྲ་བའི་བྱང་ཆུབ་ཤིང་གི་སྐྱིལ་པོར་བྱོན། གཞན་གྱི་གྲོགས་མེད་གཅིག་པུར་བསྒོམས། གཡུང་དྲུང་ཀུན་འབྱུང་ལུང་གིས་སེམས་རྒྱལ་པོ་བཙོན་དུ་བཟུང་ལ་སེམས་ཀྱི་གཞི་བཙལ། གཡུང་དྲུང་ཀུན་སྣང་ལུང་གིས་རང་སེམས་སངས་རྒྱས་སུ་ངོ་སྤྲད་སེམས་ཀྱི་རྩལ་སྦྱངས། དངོས་མེད་སྤྲོས་བྲལ་སེམས་ཀྱི་ལུང་གིས་སེམས་ཀྱི་བཞག་ས་བཙལ་ཏེ་ལ་བཟླས་པའོ། ཁྱད་པར་ཐེག་པ་ཆེན་པོའི་དོན་རྟོགས་ཏེ། སྐྱེ་ཤི་མེད་པའི་སངས་རྒྱས་རང་ལ་བྱུང༌། བདེ་ཆེན་དོན་ལ་མ་བཙལ་ལྷུན་གྱིས་གྲུབ། འབད་རྩོལ་བསྒྲུབ་རྒྱུ་གང་ཡང་མེད། འགྲོ་བའི་དོན་དུ་ངེས་མེད་སྤྲུལ། བདག་དོན་ལྷུན་གྲུབ་གཞན་དོན་མཐའ་རུ་ཕྱིན་པའོ། དེ་ནས་སྟོན་པ་རང་འབྱུང་མཆོད་རྟེན་དྲུང་དུ་བྱོན། ཉི་ཟླའི་གདན་བཏིངས། སྙན་པའི་སྒྲ་བཏང་སྟེ། མེ་ཏོག་གི་ཆར་ཕབ། ཐེག་དགུའི་གཤེན་དང་གཞན་ཡང་གཤེན་ཕྲན་མང་པོ་ལ། ཐེག་པ་གང་མོས་ལ་སྤྱོད་ཐབས་ཀྱིས། བོན་གྱི་འཁོར་ལོ་བསྐོར། ཁྱད་པར་གྱི་ཐེག་པ་ལ་ལྟ་དགོངས་ཀྱི་ཕུག་གཏད་ནས་ཐེག་པ་ཕྱི་མ་རིས་སུ་མི་འབོར་ཏེ། ཁྱད་པར་ལྟ་སྒོམ་གྱི་ངང་ལ། ཐེག་པ་ཕྱི་མ་ཐབས་ཀྱི་ཆ་རུ་སྤྱོད། ཁྱད་པར་གྱི་ཐེག་པ་ལ་ཀུན་རྫོགས་པ་བཅས་སོ།།