བོད་སྤོས་

ཡོང་ཁུངས་Wikipedia

བོད་སྤོས་བཟོ་བར་བཟོ་བྱེད་ཀྱི་ལག་ཆས་དང་སྤོས་ཀྱི་རྫས། བཟོ་ཐབས་བཅས་གསུམ་ལས། ལག་ཆས་སྤོས་རྫས་རྡུང་བྱེད་ཀྱི་འཇའ་ཤིང་བཙིར་དབྱུག་ཆ་འགྲིག སྤོས་ཐུར་སྐམ་སྣོད་ཀྱི་ཤིང་ཁྲི་རྩེག་རིམ་ཅན་དང་ཤིང་ལེབ། སྤོས་ཐུར་འདྲ་བྱེད་ཀྱི་ལེབ་གྲི་དང་རིང་ཐུང་མི་ཤོར་བའི་ཚད་ཤིང་བཅས་སོ།

༡ ངོ་སྤྲོད།[རྩོམ་སྒྲིག]

བོད་སྤོས་བཟོ་བར་བཟོ་བྱེད་ཀྱི་ལག་ཆས་དང་སྤོས་ཀྱི་རྫས། བཟོ་ཐབས་བཅས་གསུམ་ལས། ལག་ཆས་སྤོས་རྫས་རྡུང་བྱེད་ཀྱི་འཇའ་ཤིང་བཙིར་དབྱུག་ཆ་འགྲིག སྤོས་ཐུར་སྐམ་སྣོད་ཀྱི་ཤིང་ཁྲི་རྩེག་རིམ་ཅན་དང་ཤིང་ལེབ། སྤོས་ཐུར་འདྲ་བྱེད་ཀྱི་ལེབ་གྲི་དང་རིང་ཐུང་མི་ཤོར་བའི་ཚད་ཤིང་བཅས་སོ། །

༢ རྫས་བཟོ།[རྩོམ་སྒྲིག]

དེ་ལ་མེད་དུ་མི་རུང་བའི་རྫས་ནི་ཤུག་པའི་སྡོང་རྒན་གྱི་ཤིང་རུལ་ཕུ་མ་ལྟ་བུ་དང་། ཙན་དན་དཀར་དམར། ཨ་ག་རུ། སྤང་སྤོས། བྲག་སྤོས། ཤུག་པ། ལྷ་ལོ་སྨན་ཤིང་། སྤོས་དཀར། བ་ལུ་དཀར་པོ། མཁན་པ་གསེར་མགོ ག་བུར། ན་གི གླ་རྩི། ཆང་། ཛ་ཏི། ལི་ཤུ་ཟངས་འཛེར་མ། ཏང་ཀུན། ཤིང་ཚ། སྟག་པ། ཉ་འབྲུ་ཤིང་སོགས་སོ། །

༣ བཟོ་ཐབས།[རྩོམ་སྒྲིག]

ནི་གི་དེ་སླ་ངའི་ནང་མདོག་སེར་པོར་གྱུར་གྱི་བར་དུ་བརྔོས་པ་དེ་ཧྲོབ་ཙམ་རྡུང་ལ་ཆང་གར་མའི་ནང་དུ་གླ་རྩི་བླུག་པ་དང་ལྷན་དུ་འདུལ་བ་ནི། སྤོས་ཀྱི་ཕབ་རྟའམ་བྲོ་རྫས་ཡིན་ལ་སྤོས་ཀྱི་བྲོ་བ་བཟང་ངན་གྱི་འགག་རྩའང་ཡིན། ན་གི་འདུལ་ཅི་ཙམ་ཐུབ་ན་དེ་ཙམ་གྱིས་བཟང་སྟེ། ངག་རྒྱུན་དུ་ན་གི་ཉི་མ་གཅིག་བཏུལ་ནས་བཟོས་པའི་སྤོས་དེའི་དྲི་བཟང་ཉིན་མ་གཅིག་གི་ལམ་ལ་ཁྱབ། ཉིན་གཅིག་བཏུལ་ན་ཉིན་གཉིས་ཀྱི་ལམ་ལ་ཁྱབ། ཉི་མ་གསུམ་བཏུལ་ན་ཉིན་གསུམ་གྱི་ལམ་ལ་ཁྱབ་ཅེས་ཟེར། དེ་ནས་ཤུག་སྡོང་རུལ་ཕྱེ་གཞིར་བྱས་པའི་སྟེང་གོང་གི་སྤོས་རྫས་རྣམས་རང་གི་གང་འདོད་དང་སྤོས་གང་ཞིག་གི་བྲོ་བ་ཆེར་བསྐྱེད་རང་གིས་ཚོད་པ་ཟིན་བྱས་ཏེ་བསྲེ་བར། གླ་རྩི་དང་། ན་གི ཙན་དན་དཀར་དམར། ཛ་ཏི། ལི་ཤི་ཟངས་འཛེར་མ་ལྔ་ནི་མེད་དུ་མི་རུང་བའི་རྫས་ལྔ་ཞེས་བརྗོད་ལ། རྫས་དེ་ད་ག་ཆུ་དྲོན་གྱིས་འདག་ལྟར་བཟོས་པ་ལ་གོང་གི་ན་གི་བཏུལ་མ་དང་ཆང་བླགས་ནས་བསྙལ། སྤོས་རྫས་མང་བ་སོགས་ཀྱིས་གླུམ་དཀརའ་ན་དེའི་སྟེང་དུ་ཆང་ཕབ་བཏབ་ནས་ཞག་གཉིས་ཙམ་བསྙལ་ནས་ཁ་ཕྱེས་ན། ཆང་ལངས་པ་ལྟར་སྤོས་འདམ་ལ་བྲོ་བ་ཁྱད་པར་ཅན་འབྱུང་བ་ཡིན་ནོ། ། དེ་ནས་བཙར་མདོང་དུ་བླུག་པའི་སྤོས་ཀྱི་སྐྱོ་མ་དེ། སྤོས་འབོར་ཆེན་བཟོ་ན་ཁང་པའི་འཇའ་འགྱོག་ཐབས་ཀྱི་གནོན་ཤུགས་ལ་བརྟེན་པ་དང་། ཉུང་ཙམ་ལས་མི་བཟོ་ན་མི་ཤེད་ཆེན་གྱིས་གནོན་བཙིར་བྱེད་ཀྱང་རུང་ལ། གང་ལྟར་སྤོས་སྐམ་སྣོད་ཀྱི་ཤིང་ལེབ་རེ་གང་བ་དང་བཟོ་མཁན་གྱིས་སྤོས་དྲང་པོར་འཐེན་མ་ཐུབ་པ་ཡོ་བཅོས་དང་། རིང་ཐུང་མི་མཉམ་པ་རྣམས་སྤོས་ཐུར་རློན་པར་གནོན་སྐྱོན་མི་འབྱུང་བའི་ཆེད་སྤོད་ལྡེ་སྣོད་ཤིང་ལེབ་ཀྱི་མཐུག་ཚད་ལས་སོར་ཕྱེད་ཙམ་འཕགས་པའི་ཕྱོགས་གཉིས་སུ་རྐང་hཔ་སྤྲས་པའི་ཚད་ཤིང་དྲངས་པའི་ཐོག ལྕགས་དཀར་གྲུ་བཞི་ནར་མོར་ཤིང་གི་འཇུ་ལུང་ཅན། གཅོད་གྲི་དང་བཞར་གྲི་གཉིས་ཀ་ཡིན་པ་དེས་ལྡེ་གུས་དྲངས་ནས་སྤོས་འདམ་དུ་བླུགས་ཏེ་བསྲེ་བརྫི་བྱས་རྗེས་ཡང་བསྐྱར་སྤོས་ཐུར་བཟོ་བའོ། །

༤ རྫས་སྦྱོར་སྣ་ཚོགས།[རྩོམ་སྒྲིག]

སྤོས་ཀྱི་རྫས་སྦྱོར་ཚུལ་ལ་ལུགས་མི་འདྲ་བ་དང་། སྤོས་ཀྱི་བདུག་ཡུལ་མི་འདྲ་བའི་ཁྱད་པར་དུ་མ་ཡོད་པ་ལས། འཇམ་མགོན་མི་ཕམ་གྱིས་མཛད་པའི་རྫས་སྣ་ཚོགས་སྦྱར་ཐབས་ལས་གསུངས་པ་ནི། སྤྱིར་ཞི་བ་ལ། ཙན་དན་དང་། ཨ་ག་རུ་དང་ག་པུར་སོགས་དང་། དྲག་པོ་ལ་ཨ་རུ་དང་། ཐར་ནུ། གུ་གལ། རྒྱ་སྐྱེགས། སྤོས་དཀར་བཅས་ཆུས་སྦྱར་བའོ། ། ཞེས་དང་། ཡང་བླ་མ་དགོངས་འདུས་ལུགས་ཀྱི་སྤོས་སྦྱོར་གྱི་ཚུལ་བཞིར་གྲགས་པ་ནི། ཤིང་ཚྭ་ཆུའི་ཚུལ། སྤོས་དཀར་ཐལ་གྱི་ཚུལ། ལི་ཤི་རྡོར་གྱི་ཚུལ། སྤང་སྤོས་ཚྭའི་ཚུལ་ཞེས་གོང་གི་སྤོས་ཕྱེ་ཆང་དུ་སྦངས་པ་ལ་སྦྲང་རྩིའི་དམ་སྦྱར་བའི་སྟེང་། སུག་སྨེལ་གྱི་ཕབ་བཏབ་པས་དྲི་བཟང་མཆོག་དང་ལྡན་པའི་སྤོས་མྱུར་དུ་འགྲུབ་ཅེས་དང་། ཡང་གླ་རྩི་དང་། རྡོ་དྲེག ཏང་ཀུན། བ་ལུ་བཞི་སྦྱར་བས་ཀྱང་རུང་བ་དང་། ཡང་ན་གླ་རྩི། ག་པུར། སིལ། ཙན་དན། ཨར་ནག་བཅས་ལྔ་སྦྱོར་ཡང་རུང་བར་གསུངས་པ་དང་། ཁ་ཆེ་པཎ་ཆེན་གྱིས། སྤྱིར་ནཱ་གི་དང་། ཙན་དན། ཨ་ག་རུ། གླ་རྩི་བཅས་སྦྱོར་ཡང་། ཀླུ་ལ་བདུག་ན་གུ་གུལ་སྤང་། གཟའ་ལ་སྤང་སྤོས་མི་སྦྱར་བ་གསུངས་པ་དང་། རཏ་གླིང་གཏེར་ཁ་ལས་འབྱུང་བ་ལྟར་ན། མགོན་པོ་མཆོད་བསྐང་གི་རྫས་ལ། མར་དང་བག་ཕྱེ། སྦྲང་རྩི། པི་ལིང་། ན་ལེ་ཤམ། རྒུན་འབྲུམ། བལ་བོའི་སེའུ་འབྲུ་བཅས་ཤིན་ཏུ་མཉེས་ཚུལ་གསུངས་པ་དང་། གནས་ཆོས་གཏེར་ཁ་ལས། དྲང་སྲོང་ཆེན་པོ་རཱ་ཧུ་ལ་མཉེས་ཐབས་སུ། ར་ཅོ། བྱ་ཤ། བྱ་མོའི་གསེར་ཐིག ཆུ་སྲིན་སྡེར་མོ། མཛོ་མོ་ཤིང་ཁོག་རུལ་ཤིང་ཕྱེ། ཕ་ཝང་དྲེག་པ་རྣམས་ལ་ཤུག་ཚིལ་དང་ཤུག་ཤུན་སྦྱར་ལ་བདུག་ན། གཟའ་ཡི་ཐུགས་དང་འགལ་བ་གང་མཆིས་སོར་ཆུད་ཅེས་གཞན་གྱི་བསྟན་བཅོས་ལས་ལུས་དྲངས་པ་མཛད་པ་ལས། བོད་ལ་སྤོས་སྦྱོར་གྱི་ལག་ལེན་ཙམ་མ་ཟད་དེའི་བསྟན་བཅོས་ཀྱང་ལུགས་མང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ཤེས་ཐུབ་པ་ཡིན་ནོ། །