བོད་རྒྱལ་དགུ་པ་པུ་དེ་གུང་རྒྱལ་

ཡོང་ཁུངས་Wikipedia

པུ་དེ་གུང་རྒྱལ་

པུ་དེ་གུང་རྒྱལ་ནི་(སྤུ་དེ་གུང་རྒྱལ་ཞེས་པའང་སྣང)བར་རམ་སྟོད་ཀྱི་སྟེང་གཉིས་ཀྱི་ཡ་གྱལ་ཡིན་ཞིང་། འདི་སྟོད་ཀྱི་སྟེང་གཅིག་ཡིན་པར་བཞེད་མཁན་ཡང་ཡོད། ཡབ་གྲི་གུམ་བཙན་པོ་དང་ཡུམ་ཀླུ་སྲིང་མེར་ལྕམ་གཉིས་ལ་སྲས་གསུམ་བལྟམས་པ་ལས་འབྲིང་པོ་བྱ་ཁྲི་ཞུ་བ་དེ་ཡིན་ཞེས་ལོ་རྒྱུས་ཆོས་འབྱུང་མང་ཆེ་བར་གསལ་ནའང་། ལོ་རྒྱུས་ཀྱི་ཡིག་རྙིང་ཁག་གཅིག་ནང་སྲས་གཉིས་བྱུང་བ་ལས་ཆུང་བ་ཤ་ཁྱིའམ་ཤ་ཁྲི་ཞུ་བ་དེ་ཡིན་ཞིང་། ཤ་ཁྱིས་དམག་སུམ་སྟོང་སུམ་བརྒྱ་ཁྲིད་དེ་སྐུའི་ཤ་ལན་ལེན་དུ་གཤེགས་ཞེས་འཁོད། ཡབ་བློན་པོ་ལོ་ངམ་གྱིས་བཀྲོངས་རྗེས་སྲས་གསུམ་ཀོང་ཡུལ་དུ་བྲོས་ཕེབས་པའམ་སྤྱུགས་ཤིང་། མཐར་རུ་ལས་སྐྱེས་ཀྱིས་འབྲིང་པོ་བྱ་ཁྲི་སྤོ་བོའི་ཡུལ་ནས་སྤྱན་དྲངས་ཏེ་རྒྱལ་སར་བཏོན། ཡུམ་གྱིས་སྲས་ལ་འཇུས་ནས་ལྷ་ལ་དམོད་འབོར་བས་ནམ་མཁའ་ལས་ཁྱོད་ཀྱི་བུ་དེ་ཀུན་ལས་རྒྱལ་བར་འགྱུར་ཞེས་སྒྲ་བྱུང་བས་དེ་ལྟར་མཚན་དུ་ཆགས། འོན་ཀྱང་རྗེས་སུ་འབངས་ཀྱིས་སྒྲ་ཉམས་ནས་པུ་དེ་གུང་རྒྱལ་དུ་གྲགས། བཙན་པོ་འདིའི་སྐུ་རིང་ལ་ཞང་ཞུང་ནས་གཤེན་པོ་དུ་མ་གདན་དྲངས་ཤིང་། བོན་གྱི་དཔེ་ཆ་མང་དུ་བསྒྱུར་ནས་སླར་ཡང་བོན་གྱི་བསྟན་པ་རྒྱས་པར་མཛད་པ་དང་། མདོ་སྡེ་འབྱུང་བའི་ལྟས་སུ་སྒྲུང་རྣམས་དར། མངོན་པའི་སྡེ་སྣོད་འབྱུང་ལྟས་ལྡེའུ་སྤྱོད། བོན་སྒྲུང་ལྡེའུ་གསུམ་གྱི་ཚུལ་ལྷ་སའི་གདུང་རྣམས་ལ་བྲིས་ནས་ཡོད་སྐད། སྐུ་མཁར་འཕྱིང་བ་སྟག་རྩེ་བཞེངས། འོམ་ཐང་སྨན་མཚོའམ་བོམ་ཐང་རྨང་གཉའ་ཁབ་ཏུ་བཞེས། དེའི་དུས་སུ་འཕྲུལ་བློན་མཛངས་མི་བདུན་གྱི་དང་པོ་རུ་ལས་སྐྱེས་ཀྱིས་གསེར་དངུལ་ཟངས་ལྕགས་བཏོན་པ་དང་། རྨོན་པ་དོར་བསྡེབས་ཀྱིས་ས་ཞིང་རྨོ་བ། ཆུ་ལ་ཟམ་པ་བཙུགས་པ་སོགས་མཛད། དེ་སྐབས་ལྷོ་རྒྱུད་ཡར་ལུང་ཁུལ་དུ་རྒན་མོ་བལ་མ་ཞེས་པས་ཟླ་བའི་དཀར་ཆའི་འཕེལ་གྲིབ་ལ་བརྟེན་ནས་ཟླ་ཚེས་བརྩིས་པ་ལ་རྒན་མོ་བལ་མའི་ཟླ་རྩིས་སུ་གྲགས་པའང་བྱུང་། སྟོད་ཀྱི་སྟེང་གཉིས་ཀྱི་བང་སོ་རྫ་དང་གཡའ་ལ་བཏབ་ཅེས་འཁོད་ཡོད།