བོད་རིགས་ལ་ཕྱུག་བདག་ཆེན་པོ་མེད་པ་རེད

ཡོང་ཁུངས་Wikipedia

ང་ཚོས་ཤེས་གསལ་ལྟར་འགྲོ་བ་མི་རྣམས་བྱུང་བ་ནས་ད་བར་ནང་བསམ་བློ་དང་ཕྱིའི་དངོས་པོ་ཡར་ཡར་རྒྱས་ཕྱིན་ཡོད་པ་ལས་ཉམས་རྒུད་བྱུང་མེད། འོན་ཀྱང་སྔར་ཡོད་པ་འགའ་ད་ལྟ་མེད་པ་ཆགས་ཡོད་མོད། དེ་དག་ནི་འགྲོ་བ་མི་ལ་དགོས་མཁོ་མེད་པ་དང་། ཕན་ཐོགས་མེད་པས་ཉམས་སོང་བ་ཡིན་པ་ལས་འགྲོ་བ་མི་ལ་དགོས་མཁོ་ཡོད་པ་རྣམས་ནི་སྔར་མུས་སུ་གནས་ཡོད་པ་མ་ཟད། ཡར་རྒྱས་སུ་སོང་དང་འགྲོ་བཞིན་ཡོད་པ་རེད། ད་ལྟའི་སྐབས་ཀྱི་རྒྱལ་ཁབ་དང་མི་རིགས་སུ་ཡིན་ཡང་སྔར་ནས་རིམ་པ་ཡག་བཙོག་མང་པོ་བརྒྱུད་ནས་ཡོང་བ་ཡིན་ལ། འུ་ཅག་བོད་རིགས་ཀྱང་དུས་ཚོད་སྔ་ཕྱི་ཙམ་ལས་ཁོང་ཅག་དང་དཔུང་པ་མཉམ་གཤིབ། ཕྲག་པ་མཉམ་བསྡུར་བྱེད་ནས་འགྲོ་ཆོག་ཆོག་རེད། ང་ཚོ་བོད་པ་ཡར་རྒྱས་མི་འགྲོ་བར་འགོག་རྐྱེན་གང་མང་ཞིག་ཡོད་དེ།

གཅིག[རྩོམ་སྒྲིག]

ང་ཚོ་བོད་པར་སྔར་ནས་རྟ་དང་རྟ་འཁོར་སོགས་མི་གཞན་པ་ནང་བཞིན་ཡོད་ཀྱང་། ས་མཐོ་རི་མཐོ་འདིར་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བས་ཕྱི་འགྲུལ་ཤིན་ཏུ་ཉུང་། ཚོང་ལས་དང་རིག་གནས་སོགས་ཅི་ཡིན་ཡང་ཕྱི་ལོག་དང་འབྲེལ་འདྲིས་ཉུང་ཞིང་། དེ་དག་དར་སྤེལ་གཏོང་སའི་ཁོར་ཡུག་ཡག་པོ་མེད་པས། དཔལ་འབྱོར་འཕེལ་རྒྱས་དགོས་ན་ཐོག་མར་ལམ་བཟོ་དགོས་པས་ལམ་ནི་དཔལ་འབྱོར་འཕེལ་རྒྱས་བྱེད་པའི་གལ་ཆེའི་ཆ་རྐྱེན་ཏུ་ཆགས་ཡོད། ཁྱད་པར་དཔལ་འབྱོར་འཕེལ་རྒྱས་མ་སོང་བ་ནི་ཚོང་ལས་ཀྱི་རྣམ་པ་གསར་པ་མང་པོ་བེད་སྤྱོད་མ་ཤེས་པར་སྲོལ་རྒྱུན་གྱི་ཚོང་ལས་ཁོ་ནས་ཁྲོམ་ར་དང་འཛད་སྤྱོད་པའི་དགོས་མཁོ་བསྐོང་མ་ཐུབ་པ། མདོར་ན་ཚོང་ལས་ཟེར་བ་དེ་གང་ཞིག་ནས་མགོ་བརྩམས་དགོས་པ་དང་། གང་ཞིག་ནས་མཐའ་སྐྱོང་དགོས་པ། ང་ཚོས་ཁ་རྒྱུན་ལ་ཚོང་གི་འཁོར་ལོ་སྐོར་ཟེར་བ་ནང་བཞིན་སྲིད་པ་འཁོར་ལོ་ལྟ་བུ་བསྐོར་ནས་ཁེ་བཟང་འཕར་སྣོན་ཡོང་དགོས་པ་ལས། གསོག་ཉར་ཁོ་ནས་འཕེལ་རྒྱས་འགྲོ་ཐུབ་ཀི་མེད་པ་ཧ་ཅང་ཁ་གསལ་རེད། ང་ཚོས་དེ་དག་མ་ཤེས་པས་དབུལ་ཞིང་ཕོང་བ་རེད། བསམ་བློའི་ཐོག་ནས་ཕྱུག་པོ་ཡིན་ལབ་ཀྱང་། ཆུང་ས་ཟས་གོས་ནས་ཆེ་ས་ཁང་པ་རླངས་འཁོར་སོགས་ཡོད་ཚད་དངོས་པོས་ཉོ་དགོས་པ་ལས་བསམ་བློའི་ཉོ་མི་ཐུབ་པས་དཀའ་ངལ་མང་ཆེ་བ་ནི་འདི་དག་མེད་པ་ལ་བརྟེན་ནས་ཡོང་གི་ཡོད།

གཉིས།[རྩོམ་སྒྲིག]

ང་ཚོ་བོད་ཀྱི་རིག་གནས་སློབ་གསོའི་བརྒྱ་ཆ་དགུ་བཅུ་ཆོས་ལུགས་སློབ་གསོ་ཡིན་ལ། ཆོས་ལུགས་ནི་འཇིག་རྟེན་སྤང་བྱེད་ཀྱི་རིག་གནས་ཤིག་ཡིན་སྟབས། ནོར་དང་གྲགས་ཁེ་སོགས་བསྒྲུབ་མི་འོས་ལ། རང་ལས་གཞན་གཅེས་བྱེད་དགོས་པ་དང་། ཚོང་ནང་དུ་མི་དགེ་བཅུ་ཚང་ལ་འདུས་ཡོད་པ་སོགས་ཧ་ཅང་ནན་པོ་གསུངས་ཡོད་ཅིང་། སློབ་གསོ་འདི་དག་གིས་མི་ཚང་མར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད་ལ། དེའི་བག་ཆགས་ཀྱིས་ཚོང་པ་ཞིག་ལ་ཚོང་གང་ཞིག་རྒྱག་ཆོག་པ་དང་གང་ཞིག་རྒྱག་མི་ཆོག་པ་སོགས་བསམ་བློའི་ཐོག་ལ་ཚད་གཞི་ངེས་ཅན་བཟོས་ཡོད། འདུ་ཤེས་ཀྱི་ཐོག་ནས་བཤད་ན་བསླབ་བྱ་སློབ་གསོ་འདི་དག་འགྲོ་བ་མི་ལ་མེད་དུ་མི་རུང་བའི་བྱམས་པ་དང་སྙིང་རྗེ། བརྩེ་སེམས་བཅས་ཡིན་མོད། འགྲོ་བ་མིའི་རང་གཤིས་ནི་ཧ་ཅང་བསྒྱུར་དཀའ་བས། འདི་དག་ལག་ལེན་ཐུབ་མཁན་གྱི་གྲངས་ནི་ཧ་ཅང་ཉུང་། དེ་ཕྱིར་རང་ཁེ་གཞན་ཕམ་གྱི་བསམ་བློ་འདི་དག་ཐོག་མ་ནས་འགྲོ་བ་མིའི་རང་གཤིས་སུ་གྲུབ་སྟོབས། ང་ཚོ་བོད་པའང་དེ་ལས་མ་འདས། རང་ཉིད་ཀྱི་འདོད་པ་ཅི་ཞིག་ཡིན་མིན་རང་ཉིད་ཀྱིས་ཤེས་ཤིང་རྟོགས་ཀྱང་དེ་སྒྲུབ་པའི་བསམ་བློ་དང་དངོས་པའི་ཆ་རྐྱེན་གྱིས་འདངས་མེད། བསམ་བློའི་ཐོག་གི་བཀག་རྒྱ་ནི་སྔོན་འགྲོའི་ལམ་བཀག་པ་ཡིན་པས། ཐོག་མར་འུ་ཅག་གི་བསམ་བློ་བཅིང་འགྲོལ་གཏོང་དགོས། གཞི་ནས་ཕྱི་དངོས་པོའི་ཆ་རྐྱེན་སྒྲུབ་ན་འོས་ཤིང་འཚམས་པ་ལས། ཡི་ག་གཏན་ནས་མེད་པའི་མི་ཞིག་ལ་ཟས་སྣ་ཕུན་སུམ་ཚོགས་པ་བསྒྲིགས་པ་དང་ཀུན་ནས་མཚུངས་སོ།།

གསུམ།[རྩོམ་སྒྲིག]

ང་ཚོ་ལ་འགྲོ་བ་མིའི་རིག་གནས་གཏིང་ཚུགས་པ་ཞིག་མེད་པའི་ཁར་ལྷ་ཆོས་རིག་གནས་ཀྱིས་ཤུགས་རྐྱེན་གྱིས་དཔལ་འབྱོར་འདོད་ཀྱང་དཔལ་འབྱོར་བཙལ་མ་ཤེས་པ་རེད། དཔལ་འབྱོར་བཙལ་མཁན་ཞིག་ཡོད་པའི་དབང་དུ་བཏང་ན་ཕར་གཏོང་ས་མང་ཆེ་བས་ཚུར་ཡོང་སྒོ་ཏག་ཏག་ཙམ་ལས་འཕེལ་རྒྱས་གཏོང་ས་ལྷག་གི་མེད། དཔེར་ན་ང་ཚོས་བོད་ཀྱི་སྤྱི་ཚོགས་ལ་དགོན་པ་དང་གྲྭ་པ་མང་། དེ་དག་གི་འགྲོ་སོང་དེ་ཁྱིམ་ཚང་ནས་ཡོང་དགོས་པ་ཡིན་ལ། མ་ཡོན་གྱིས་བཤད་པ་ལྟར་མ་འཇོག་དང་སྦྱིན་པ་ཁ་ཁ་རེད། དགོན་པ་དང་བླ་མ་ལ་ཕུལ་བ་ཐམས་ཅད་མཆོད་སྦྱིན་ཁོངས་སུ་གཏོགས་ཤིང་ཚུར་ཡོང་སྒོའི་རེ་བ་ཡོད་པ་མ་རེད། མ་འཇོག་ནི་དེ་ལས་ལྡོག་སྟེ། ཕར་སྒོར་བརྒྱ་འཇོག་ན་ཚུར་ཉིན་བརྒྱ་སུམ་བརྒྱ་ཡོང་རྒྱུའི་རྩིས་དང་འཆར་གཞི་ཡོད་དགོས་པ་རེད། ངས་བླ་མ་དགོན་པར་དངུལ་ཕུལ་རུང་གི་མ་རེད་ཟེར་གྱི་མེད། སོ་སོས་འདོད་པ་རེད། དཔལ་འབྱོར་རིག་པའི་ངོས་ནས་བཤད་ན་འདི་དག་གིས་ཀྱང་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་ངེས་ཅན་ཡོང་གི་ཡོད་རེད། དེ་བཞིན་བོད་པ་སྤྲང་པོ་མང་པོ་རེད། ལས་ཀ་བྱེད་མི་འདོད་པར་སྒྱིད་ལུག་དང་ལེ་ལོས་ཅི་ཡང་མི་ལས་པར་མི་ལ་ཁ་གཟེེད་ནས་འདུག་བཞག་མཁན་ཧ་ཅང་མང་པོ་རེད། འབྱོར་ལྡན་གྱིས་གྲངས་ཉུང་དྲགས་ནས་འབྱོར་མེད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེེད་བྱེད་པའི་ནུས་པ་ཧ་ཅང་ཞན་པོ་རེད། དེ་ཕྱིར་འབྱོར་མེད་ཚོས་མར་འདྲུད་ནས་འབྱོར་ལྡན་ཆེན་པོ་འབྱུང་ཐུབ་ཀི་ཡོད་མ་རེད། ཕྱོགས་ཡོངས་ནས་འཕེལ་རྒྱས་དགོས་ན་མི་རེ་རེ་ནས་ཡར་རྒྱས་འགྲོ་དགོས་པ་ལས། ཕྱོགས་ཁ་ཤས་ནས་ཡར་རྒྱས་ཕྱིན་པ་ཙམ་གྱིས་མི་ཕན། དཔལ་འབྱོར་འཁོར་སྐྱོད་ནི་ལྕགས་ཀྱི་ཐག་པ་དང་འདྲ་བར་ཚང་མ་སྦྲེལ་ནས་ཡོད་པས། ཚང་མས་ནུས་ཤུགས་འདོན་དགོས་པ་ཞིག་རེད། ངའི་རོགས་རྒྱ་རིགས་ཁེ་ལས་པ་ཞིག་གིས་བཤད་རྒྱུར། བོད་ཀྱི་ས་ཆ་གང་སར་ནོར་བུའི་གང་འདུག ཚོང་ཀྱི་ཐོག་ནས་ཁྲི་བརྒྱ་ཉིན་བརྒྱ་ལས་སླ་བོ་བཟོ་ཆོག་ས་རེད་ཟེར། ང་ཚོས་ཁོར་སྲུང་ཧ་ཅང་ལེགས་པོ་བྱེད་ཐུབ་པ་དེ་བཟང་མོད། ཐོན་རྫས་མང་ཆེ་བ་ལོ་རེ་བཞིན་སྐྱེ་ཞིང་ལོ་རེ་བཞིན་སྐམ་འགྲོ་བས། དེ་དག་སྦྱོར་བཟོ་དང་ལས་སྣོན་སོགས་ཀྱི་ལམ་ནས་ཚོང་ལས་བྱེད་ཆོག་ཅིང་། རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཐོན་རང་རང་གི་ས་ནས་ཉོ་འཚོང་བྱེད་པ་དང་། ཆེས་གལ་ཆེ་བ་ནི་སྲོལ་རྒྱུན་གྱི་ལག་རྩལ་རྒྱན་སྐྱོང་དང་། ལེགས་སྤེལ། དེང་རབས་ཀྱི་ལག་རྩལ་ནང་འདྲེན་སོགས་ནི་ཉིན་གཅིག་ཀྱང་འགོར་འགྱང་བྱེད་མི་འོས་པའི་ཁ་ཚ་དགོས་གཏུགས་ཀྱི་བྱ་བཞག་ཡིན་པས། ཤེས་འཇོན་མི་སྣ་དང་འབྱོར་ལྡན་མི་སྣ་ཟུང་འབྲེལ་ཐོག་ནས་བསྒྲུབ་དགོས་ཤིང་། ང་ཚོའི་མ་འདངས་ས་ཆེ་ས་ཞིག་ནི་ཤེས་ལྡན་པར་འབྱོར་བ་མེད། འབྱོར་ལྡན་པར་ཤེས་ཡོན་མེད། ཕན་ཚུན་མཉམ་ལས་ལེགས་པོ་བྱེད་མ་ཐུབ་པ་དང་། གཅིག་གིས་མ་འཇོན་ན་གཉིས་དང་། གཉིས་ཀྱིས་མ་འཇོན་ན་གསུམ། ངེས་པར་དུ་ཚོགས་པ་འཛུགས་ནས་ཁྲིམས་མཐུན་ལུགས་མཐུན་གྱི་བྱ་བཞག་གསར་གཏོད་དང་ཡར་རྒྱས་གཏོང་དགོས། རང་ཉིད་གཅིག་པུས་འཇོན་ན་མ་འཇོན་ན་ཤི་འཇུ་རོ་འཐམ་བྱེད་པ་དང་། རྒྱང་རིང་པོར་མི་ལྟ་བར་སྐབས་དང་འཕྲལ་གྱི་བྱ་བ་རྐྱང་རྐྱང་བྱས་བསྡད་ན་ཡར་རྒྱས་ཟེར་བ་ནི་རྨི་ལམ་ཙམ་དང་དོན་སྤྱི་ཙམ་ལས་དངོས་སུ་གྲུབ་འབྲས་ཐོབ་དཀའོ།།

རྩོམ་པ་པོ། ཁྱུང་ཡོན།