Jump to content

བོད་རིགས་ཀྱི་མིང་གི་སྐོར་ཅུང་ཟད་གླེང་བ་

ཡོང་ཁུངས་Wikipedia

༄༅།།བོད་རིགས་ཀྱི་མིང་གི་སྐོར་ཅུང་ཟད་གླེང་བ།

དེ་ཡང་རང་ཅན་བོད་གངས་ཅན་པའི་མིང་འདོགས་སྟངས་ལ་ཐུན་མོང་མ་ཡིན་པའི་ས་མཐོའི་ཁྱད་ཆོས་ལྡན་ཡོད་པ་དང་།  ཡུན་རིང་བོའི་ལོ་རྒྱུས་ནང་སྤྱི་ཚོགས་ཀྱི་འཁོར་བསྐྱོད་དང་མཐུན་པར་མིང་གི་རྣམ་གྲངས་ཀྱང་རིམ་བཞིན་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ནས་སྣ་མང་ཕུན་སུམ་ཚོགས་པོར་གྱུར་ཡོད་པ་དེ་དག་ནི་གངས་ཅན་རིག་གནས་ཤེས་བྱའི་བྱེ་བྲག་ཅིག་ཡིན་པར་བསྙོན་དུ་མེད་པས་འདིར་ཁོ་བོས་གསར་བུ་རྣམས་ལ་ངོ་སྤྲོད་ཀྱི་ཚུལ་དུ་མིང་གི་ཤེས་བྱ་ཕྲན་ཚེགས་ཆུ་བརྒྱ་ཟམ་འདུས་ཀྱིས་རི་མོར་བཀོད་པ་ལ་ནང་གསེས་ཉི་ཤུ།
    དང་པོ།  རུས་མིང་དང་སྦྱར་ནས་མིང་འབོད་སྲོལ།
    གཉིས་པ།  མཚན་ཟུར་དྲང་ནས་མིང་འབོད་སྲོལ།
    གསུམ་པ།  ཆེ་བ་བརྗོད་པའམ་བསྔགས་བརྗོད་ཀྱི་མིང་འབོད་སྲོལ།
    བཞི་པ།  རབ་ཏུ་བྱུང་རྗེས་ཆོས་མིང་འདོགས་སྲོལ།
    ལྔ་པ།  དགོན་པའི་མིང་དང་སྦྱར་ནས་མིང་འབོད་སྲོལ།
    དྲུག་པ། ཁྱིམ་མིང་དང་སྦྱར་ནས་མིང་འབོད་སྲོལ།
    བདུན་པ།  ཡུལ་མིང་དང་སྦྱར་ནས་མིང་འབོད་སྲོལ།
    བརྒྱད་པ།  གོ་གནས་དང་སྦྱར་ནས་མིང་འབོད་སྲོལ།
    དགུ་པ།  བུ་རྐྱང་པའི་མིང་།
    བཅུ་པ།  བུ་མོ་རྐྱང་པའི་མིང་།
    བཅུ་གཅིག་པ།  ཕོ་མོ་གཉིས་འཇུག་གི་མིང་།
    བཅུ་གཉིས་པ།  རེས་གཟའ་གང་སྐྱེས་ལྟར་བཏགས་པའི་མིང་།
    བཅུ་གསུམ་པ།  རེས་གཟའི་རྗེས་མིང་གྲོགས་སྦྱར་བས་བུ་ལ་འཇུག་པ།
    བཅུ་བཞི་པ།  རེས་གཟའི་རྗེས་མིང་གྲོགས་སྦྱར་བས་བུ་མོར་འཇུག་པ།
    བཅོ་ལྔ་པ།  གཟུགས་དང་དབང་པོ་སོགས་ལ་བལྟས་ནས་བཏགས་པའི་མིང་།
    བཅུ་དྲུག་པ།  མིང་འདོགས་སམ་མཚང་མིང་།
    བཅུ་བདུན་པ།  ཕ་མའི་རེ་འདོད་ལྟར་བཏགས་པའི་མིང་།
    བཅོ་བརྒྱད་པ།  ཚེས་གྲངས་གང་སྐྱེས་ལྟར་བཏགས་པའི་མིང་།
    བཅུ་དགུ་པ།  ཆེད་དུ་མ་བཏགས་པའི་མིང་།
    ཉི་ཤུ་པ།  གསང་མཚན་ནམ་མིང་ཚབ་བཅས་སོ།
    དང་པོ། རུས་མིང་དང་སྦྱར་ནས་མིང་འདོགས་སྲོལ།
    སྔར་གྱི་དུས་སུ་རང་ཅག་གངས་ཅན་པ་ལའང་རུས་མིང་ཡོད་པ་ནི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལས་གསལ་པོར་ཤེས་ཐུབ་པ་སྟེ།  དཔེར་ན། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས།  “བོད་མིའི་རྒྱལ་ཁམས་སུ་གྱུར་ཏེ།  ཡེ་སང་དཀར་པོ་གནམ་གྱི་འཇུ་ཐིག་ཅན་དང་གཅིག་ཡེ་སྨོན་ནག་པོ་ཁྲོ་ཆུའི་ཕ་ཝང་འདྲ་བ་དང་གཉིས།  སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མེ་དང་གསུམ།  མོན་རྫུ་ནག་པོ་ཁྱིའི་རྔ་ལྗང་ཅན་དང་བཞིར་དབྱེར་བ་བྱུང་ངོ་”ཞེས་ཐོག་མའི་རུས་ཆེན་བཞི་ཡོད་པར་གསུངས་པ་དང་།  ད་དུང་ལོ་རྒྱུས་འགའ་ཞིག་ལས།  “འབྲི་གུང་སྐྱུརའི་གདུང་། སྟག་ལུང་གཟིའི་གདུང་།  ས་སྐྱ་འཁོན་གྱི་གདུང་།  ཆོས་རྒྱལ་བྱའི་གདུང་།  འོད་གསལ་ལྷའི་གདུང་།  སྣེའུ་གདོང་གོང་མ་ལྷའི་གདུང་དང་དྲུག་གོ་”ཞེས་གསུང་ཡོད་པ་མ་ཟད་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་དུས་སྐབས་ཀྱི་བོད་ཀྱི་བློན་རབས་རྣམས་ལའང་སོ་སོའི་རུས་སམ་གདུང་རྒྱུད་གསལ་བར་བྲིས་ཡོད་པ་སོགས་མདོར་ན་ཐོག་མར་རང་ཅག་བོད་རིགས་ལ་རུས་ཆེན་བཞི་འམ་དྲུག་ཡོད་པ་ནས་ཕྱིས་ཡུལ་མིང་རུས་ལ་ཐོགས་པ་སོགས་རིམ་བཞིན་རུས་མང་པོར་འཕེལ་ཏེ་བོད་མི་སྤྱི་དང་།  ཁྱད་པར་དུ་སྔོན་བྱོན་མཁས་དབང་རྣམ་པའི་མཚན་དངོས་ཀྱི་ཐོག་མར་རུས་སྤྱན་ནས་འབོད་སྲོལ་རྒྱ་ཁྱབ་ཏུ་དར་བ་ནི།  དཔེར་ན།  གནུབས་སངས་རྒྱས་ཡེ་ཤེས།  གཉུགས་ཛྙ་ན་ཀུ་མ་ར་ཛ།  ཟུར་ཤཱཀྱ་འབྱུང་གནས། མྱང་ཏིང་འཛིན་བཟང་པོ།  འཁོན་དཀོན་མཆོག་རྒྱལ་པོ།  འགོས་ལོ་གཞོན་ནུ་དཔལ།  རྔོག་ལེགས་པའི་ཤེས་རབ།  གླན་ཡེ་ཤེས་འབར།  རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས།  གཉོས་རྒྱལ་བ་ལྷ་ནང་པ།  ཆག་ལོ་ཆོས་རྗེ་དཔལ།  བསེ་ངག་དབང་བཀྲ་ཤིས།  མཆིམས་ནམ་མཁའ་འབྲུག་གྲགས།  ལྟ་བུའི་མཚན་དངོས་ཀྱི་གོང་དུ་སྦྱར་བའི་བསྣུབས་དང་།  གཉགས།  ཟུར།  མྱང་།   འཁོན།   འགོས།  རྔོག   གླན།   རྨ།   གཉོས།  ཆག   བསེ།   མཆིམས་བཅས་ནི་རུས་མིང་ཡིན་པར་བསྙོན་དུ་མེད་པ་དང་།   ད་དུང་རྨུ་དང་།  ལྷོ།  འདར།  ཁུ།   འབལ།  ཐོན།   འབྲོ།   གཉལ།   མགར།   མཛེང་།  རྔེགས།  ཞང་།  ལྡོང་།  དབོན།  དཔྱལ།   དབའས།  སྒ།  མོང་།   ཁྱུང་པོ།  སྣ་ནམ།   ཤུད་པུ།  ངན་ལམ།  འོ་མ་ལྡེ།  ལྟ་བུ་ཤིན་ཏུ་མང་།  འོན་ཏེ་དུས་ད་ལྟ་བོད་རིགས་ཀྱི་རུས་མིང་ཧ་ལམ་ངེས་བཟུང་མེད་པས།  འབོད་མཁན་མེད་ཀྱང་བར་སྐབས་ཤིག་ན་བོད་རིགས་བློ་མཐུན་རེ་གཉིས་ཀྱིས་རང་གི་མིང་ངོས་ཀྱི་ཐོག་མར་རྒྱ་རིགས་ཀྱི་རུས་མིང་སྦྱར་ནས།   ཀྲང་ཟླ་བ།  ལིའི་གཡུ་སྒྲོན། ཀའོ་ཆོས་ལྡན།  ཝང་རྣམ་རྒྱལ་སོགས་འབོད་མཁན་ཡང་བྱུང་ཡོད་དོ།།
    གཉིས་པ།  མཚན་ཟུར་ནས་དྲས་ཏེ་མིང་འདོགས་ཚུལ།
    འདི་ནི་གཙོ་བོ་བོད་ཀྱི་བཙན་པོ་རིམ་བྱུང་གི་མཚན་འདོགས་སྲོལ་ཞིག་སྟེ།  དཔེར་ན།  བོད་རྒྱལ་ཐོག་མའི་མཚན་ལ་གཉའ་ཁྲི་བཙན་པོ་ཞེས་ཞུ་བས་དེ་ནས་རིམ་བཞིན།  མུ་ཁྲི་བཙན་པོ།   དེང་ཁྲི་བཙན་པོ།  སོ་ཁྲི་བཙན་པོ།  མེར་ཁྲི་བཙན་པོ།  གདགས་ཁྲི་བཙན་པོ།  སྲིབ་ཁྲི་བཙན་པོ་ཞེས་གཉའ་ཁྲི་བཙན་པོའི་མཚན་གྱི་ཟུར་“ཁྲི་”ཞེས་པ་དྲས་ནས་བཙན་པོ་བདུན་གྱི་མཚན་ལ་གསོལ་བར་ཡོངས་གྲགས་སུ་གནམ་གྱི་ཁྲི་བདུན་ཟེར་བ་དང་།
    དེ་ནས་སྟོད་ཀྱི་སྟེང་གཉིས་འདས་པའི་རྗེས།  “ཨེ་ཤོ་ལེགས་”ཞེས་པའི་མཚན་གྱི་ཟུར་“ལེགས་”ཞེས་པ་དེ་དྲས་ནས། དེ་ཤོ་ལེགས།  ཐི་ཤོ་ལེགས།  གོང་རུ་ལེགས།   འབྲོང་ཞེར་ལེགས།  ཨི་ཤོར་ལེགས་བཅས་ཀྱི་མཚན་དུ་གསོལ་བར་བར་གྱི་ལེགས་དྲུག་ཅེས་ཟེར།
    དེ་བཞིན་པའི་ལྡེ་བརྒྱད་དང་འོག་གི་བཙན་ལྔ་དག་ཀྱང་ཐོག་མའི་མཚན་གྱི་ཟུར་དྲས་ནས་རྗེས་མ་རྣམས་ལ་གསོལ་བ་ལས་མ་འདས་སོ།།
    དུས་ད་ལྟ་དེ་འདྲའི་མིང་འདོགས་སྲོལ་དངོས་སུ་མེད་ཀྱང་ཕ་མ་ལ་ལས་རང་གི་ཕྲུ་གུར་ཕ་མའི་ཚིག་ཟུར་དྲས་ནས་མིང་འདོགས་ཀྱིན་ཡོད་པ་དེའི་འབྱུང་ཁུངས་ཀྱང་གོང་གི་བཙན་པོའི་མཚན་འདོགས་སྟངས་ནས་ཡིན་པའམ་ཡང་ན་དེ་དང་ཆ་འདྲ་བ་ཞིག་རེད་སྙམ་མོ།།
    གསུམ་པ།  ཆེ་བ་བརྗོད་པའམ་བསྔགས་བརྗོད་ཀྱི་མཚན་འདོགས་སྲོལ།
    དེ་ཡང་རང་ཅན་བོད་ཀྱི་ལོ་རྒྱུས་ཐོག་གི་རྒྱལ་བློན་ནམ་བླ་སྐུ་ཆེ་གྲས།  ཡང་ན་འགྲན་ཟླ་བྲལ་བའི་མཁས་ཆེན་དམ་པ་རེ་གཉིས་ལ་ཆེད་དུ་དེའི་ཡོན་ཏན་གྱི་ཆེ་བ་བརྗོད་པའམ་དད་གུས་ཀྱིས་བསྔགས་པ་བརྗོད་པའི་མཚན་ཆེན་པོ་འདོགས་སྲོལ་ཡོད་པ་ནི་དཔེར་ན།  བོད་རྒྱལ་གསེར་རིའི་ཕྲེང་བའི་དབུས་སྙན་པ་འབྲུག་ལྟར་ལྡིར་ཞིང་མཛད་རྗེས་ཉི་ཟླ་ལྟར་གསལ་བའི་གནམ་རི་སྲོང་བཙན་གྱི་སྲས་ལ་“སྲོང་བཙན་སྒམ་པོ་”ཞེས་ཆེད་དུ་གསོལ་བའི་མཚན་འགྲེལ་ནི་ཇི་སྐད་དུ།  “རྒྱལ་པོ་ཆེན་པོ་མིའི་ལྷའམ་ཡང་ན་སྐྱེ་བོ་མི་སྲུན་པ་གདུལ་དཀའ་བ་རྣམས་ལུགས་གཉིས་ཀྱི་སྲོལ་ཡང་ན་སྐྱེ་བོ་མི་སྲུན་པ་གདུལ་དཀའ་བ་རྣམས་ལུགས་གཉིས་ཀྱི་སྲོལ་བཟང་པོའི་ལམ་དུ་ནན་གྱིས་སྲོང་ཞིང་མཛའ་་བ་དང་མི་མཛའ་བ་དང་བར་མ་རྣམས་ལ་ཐུགས་རབ་ཏུ་སྙོམས་པའི་ཕྱོགས་སུ་མ་ལྷུང་བའི་ཕྱིར་ཤིན་ཏུ་དྲང་བའི་བཀའ་ཁྲིམས་བཙན་པོའི་གནས་ལས་མངའ་འོག་པ་རྣམས་འདའ་བའི་སྐབས་མེད་པ་དང་།  ཕྱི་ནང་གི་བྱ་བའི་གནས་ཐམས་ཅད་མ་འཆོལ་ཞིང་འཁྲུགས་པ་མེད་པར་དཔྱད་གསུམ་གྱིས་གཏན་ལ་འབེབས་ཤིང་མཛངས་པར་གྲགས་པ་རྣམས་ཀྱིས་ཀྱང་དགོངས་པའི་གཏིང་དཔོག་པ་མེད་པའི་ཕྱིར་སྒམ་པོ་སྟེ་སྲོང་བཙན་སྒམ་པོ་ཞེས་མཚན་སྙན་པར་གྲགས་པ་ཉིད་སྐྱེ་དགུའི་དཔལ་དུ་ཤར་ཏོ་”ཞེས་གསུངས་པ་ལྟར་རོ།  དེ་བཞིན་ས་སྐྱ་ཀུན་དགའ་རྒྱལ་མཚན།  རྗེ་རིན་པོ་ཆེ།  ཀུན་མཁྱེན་ཀློང་ཆེན་པོ།  བུ་སྟོན་ཐམས་ཅད་མཁྱེན་པ།  བོ་དོང་ཕྱོགས་ལས་རྣམ་རྒྱལ།    ཀརྨ་དུས་གསུམ་མཁྱེན་པ་སོགས་ཀྱང་དམ་པ་ཚོའི་སྐུ་ཡོན་ལ་དད་པའམ་ཆེ་བ་བརྗོད་པའི་མཚན་ཁོ་ནར་མཐོང་ངོ་།།
    བཞི་པ།  རབ་ཏུ་བྱུང་རྗེས་ཆོས་མིང་འདོགས་ཚུལ།
    བོད་གངས་ཅན་ལྗོངས་ཀྱི་སྐྱེ་བོ་ཕལ་མོ་ཆེ་ཆོས་ལུགས་ལ་དད་པ་བྱེད་མཁན་ཞིག་ཡིན་པས་རབ་ཏུ་བྱུང་སྟེ་དམ་པའི་ཆོས་སྒོར་ཞུགས་མཁན་ཧ་ཅང་མང་པོ་ཡོད་པ་སྨོས་ཅི།
    དེ་དག་ཚང་མར་ཐོག་མ་ནས་མིང་རེ་ཡོད་ཀྱང་རབ་ཏུ་བྱུང་རྗེས་གྲྭ་པའམ་བཙུན་མ་སུ་ཡིན་རུང་ཆོས་མིང་རེ་ངེས་པར་དུ་ཞུ་དགོས་པ་མ་ཟད་སྐྱ་འགྱུར་བ་ཕུད།  དེ་བྱིངས་ཚང་མར་མི་ཚེ་བར་ཆོས་མིང་ཁོ་ན་འབོད་པ་ལས་སྤྱིར་སྐྱ་མིང་འབོད་སྲོལ་མེད།
    དཔེར་ན།  ཡབ་དབས་ཤཱཀྱང་རྡོ་རྗེས་དང་ཡུམ་ལི་མོ་ཡེ་ཤེས་སྒྲོན་གཉིས་ཀྱི་སྲས་སྟག་ཚབ་འབར་རབ་ཏུ་བྱུང་རྗེས་མཚན་ཚུལ་ཁྲིམས་འབར་ཞེས་གསོལ་ཏེ་ཕྱིས་དགེ་བཤེས་སྤྱན་སྔ་བ་ཚུལ་ཁྲིམས་འབར་ཞེས་ཡོངས་སུ་གྲགས།
    དེ་བཞིན་ཡབ་ཚེ་རིང་དཔྱལ་འབྱོར་དང་ཡུམ་འཛོམ་ཆོག་གཉིས་ཀྱི་སྲས་བཀྲ་ཤིས་དོན་གྲུབ་རབ་ཏུ་བྱུང་རྗེས་མཚན་བློ་བཟང་བསྟན་འཛིན་རྒྱ་མཚོ་ཞེས་གསོལ་ཞིང་།  ཕྱིས་ཡོངས་འཛིན་གུ་གེ་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་ཞེས་བོད་ཁམས་ཡོངས་སུ་སྙན་པར་གྲགས།  གཞན་ཡང་མངའ་རིས་ཀྱི་ལྷ་བཙུན་པ་བྱང་ཆུབ་འོད་རབ་ཏུ་མ་བྱུང་གོང་གི་མཚན་ལ་བཀྲ་ཤིས་འོད་ཅེས་ཞུ་བ་དང་།  འབྲི་གུང་པ།  སྐྱབས་པ་འཇིག་རྟེན་མགོན་པོའི་མཚན་ལ་བཙུན་པ་སྐྱབས་ཞུ་བ་ལྟ་བུའོ།།
    ད་དུང་བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་སྔོན་བྱོན་མཁས་པ་རབ་བྱུང་བ་ཕལ་མོ་ཆེར་རབ་ཏུ་མ་བྱུང་གོང་གི་མཚན་རེ་ཡོད་ཀྱང་ལོ་རྒྱུས་དེབ་ཐེར་ཁག་ནག་དེ་དག་གི་ཐོག་མའི་མཚན་འཁོད་པ་མང་པོ་རང་མེད།
    འོན་ཀྱང་རབ་ཏུ་བྱུང་རྗེས་ཆོས་མིང་གསོལ་བའི་ལུགས་དེ་དུས་ད་ལྟའང་མི་ཉམས་པར་གནས་མུས་ཡིན་པ་མ་ཟད་དེ་དག་སྐྱ་མ་འགྱུར་ན་སྐུ་ཚེ་བར་ཆོས་མིང་ཁོ་ན་འབོད་སྲོལ་ཡོད་དོ།། །།
    ལྔ་པ།  དགོན་པའི་མིང་དང་སྦྱར་ནས་མིང་འདོགས་ཚུལ།
    དེ་སྔའམ་ཡང་ན་འཚོ་བཞུགས་བླ་སྤྲུལ་གྲགས་ཆེ་བ་མི་ཉུང་བ་ཞིག་ལ་ཁོར་རང་ཉིད་ཀྱི་ཆོས་ལུགས་གྲུབ་མཐའ་མ་དགོན་པའི་མིང་དེ་མཚན་གྱི་ཐོག་མར་སྦྱར་ནས་འབོད་སྲོལ་སྔར་ནས་ད་བར་རྒྱ་ཁྱབ་ཏུ་དར་ཡོད་པ་ནི།  དཔེར་ན།
    ས་སྐྱ་བ་བསོད་ནམས་རྒྱལ་མཚན།  ཞ་ལུ་ཆོས་སྐྱོང་བཟང་པོ།  རྫོགས་ཆེན་པད་མ་རིག་འཛིན།  སྙེ་མདོ་ཐམས་ཅད་མཁྱེན་པ།  གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།  ཀརྨ་སི་ཏུ་ཆོས་ཀྱི་འབྱུང་གནས།  འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།  བསམ་སྡིང་རྡོ་རྗེ་ཕག་མོ།  ཚེ་བརྟན་ཞབས་དྲུང་།  དམུ་དགེ་བསམ་གཏན།  རྡོ་རྗེ་བྲག་རིག་འཛིན་ཆེན་མོ།  རྒྱལ་ཚོགས་དཔལ་བོ་རིན་པོ་ཆེ་ལྟ་བུ་ཤིན་ཏུ་མང་ཡང་གོ་སླ་བས་ཐམས་ཅད་ཀྱི་མཚན་འདྲེན་པའི་ངལ་བ་མ་བྱས་སོ།།
    དྲུག་པ།  ཁྱིམ་ཚང་གི་མིང་དང་སྦྱར་ནས་མིང་འབོད་སྲོལ།
    བོད་རིགས་ཀྱི་མིང་ཁྲོད་དུ་རང་གི་མིང་དངོས་ཀྱི་གོང་དུ་ཁྱིམ་ཚང་གི་མིང་སྦྱར་ནས་འབོད་སྲོལ་ཡོད་པ་ནི།  དཔེར་ན།  ང་ཕོད་ངག་དབང་འཇིགས་མེད།  ལྷ་ཀླུ་་ཚེ་དབང་རྡོ་རྗེ།  ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ལྷ་སྨོན་བསོད་ནམས་ལྷུན་གྲུབ།  ཐང་སྨད་དཀོན་མཆོག་དཔལ་མོ།  བཤད་སྒྲ་དགའ་ལྡན་དཔལ་འབྱོར།  སླེ་ཟུར་འཇིགས་མེད་དབང་ཕྱུག  བཀྲས་མཐོང་བསོད་ནམས་ལྷ་མོ།  བྲག་གདོང་ཚེ་དབང་ལྷུན་གྲུབ།  པེ་ཧོར་འཇིགས་མེད་དབང་པོ་ལྟ་བུ་གྲགས་ཆེ་བའི་ཁྱིམ་ཚང་གི་མཐོ་རིམ་མི་སྣ་དང་།  ད་དུང་དམངས་ཁྲོད་དུའང་རང་སོའི་མིང་དངོས་ཀྱི་སྔོན་དུ་ཁྱིམ་མིང་སྦྱར་ནས་འབོད་སྲོལ་ཡོད་པ་ནི།  དཔེར་ན།  ལྡུམ་རྭ་ཁང་གསར་གྱི་རྡོ་རྗེ།  ལྷ་ཡག་གི་བསྟན་འཕེལ།  གླིང་སྲུང་གི་ནོར་བུ།  གད་འོག་གི་ཚུལ་ཁྲིམས་སྒྲོལ་མ།  ཀླུ་སྡིང་གི་རིན་ལྡན།  ལྕང་གསེབ་ཀྱི་ལྷ་སྐྱིད་ལྟ་བུ་ཤིན་ཏུ་མང་ངོ་།།
    བདུན་པ།  ཡུལ་མིང་དང་སྦྱར་ནས་མིང་འབོད་སྲོལ།
    ཡང་འགའ་ཞིག་གི་མིང་དངོས་ཀྱི་གོང་དུ་སོ་སོའི་ཕ་ཡུལ་ལམ་གྲོང་ཚོའི་མིང་སྦྱར་ནས་འབོད་སྲོལ་ཡོད་པ་ནི་དཔེར་ན།  ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན།  གཏེར་སྟོན་གྲྭ་བ་མངོན་ཤེས།  རྗེ་ཙོང་ཁ་པ།  ཡར་ཀླུང་དུང་མཚོ་རས་པ།  འབྲུག་པ་ནམ་མཁའ་དཔལ་བཟང་།  བྱ་ཡུལ་བ་སངས་རྒྱས་སྒོམ་པ།  ཟ་ར་བ་སྐལ་ལྡན་ཡེ་ཤེས།  གྲ་ཕུག་པ་ལྷུན་གྲུབ་རྒྱ་མཚོ།  སྡེ་དགེ་སྐལ་བཟང་དབང་འདུས།  རྣམ་སྲས་གླིང་འཕྲིན་ལས་ཚེ་དབང་།  གཉལ་སྨད་རིག་འཛིན་དབང་རྒྱལ་ལྟ་བུ་སྔར་ནས་ད་བར་རྒྱ་ཁྱབ་ཏུ་དར་ཡོད།
    བརྒྱད་པ།  གོ་གནས་དང་སྦྱར་ནས་མིང་འབོད་སྲོལ།
    ད་དུང་འགའ་ཞིག་གི་མིང་ངོ་མའི་ཐོག་མར་སོ་སོའི་གོ་གནས་སྦྱར་ནས་འབོད་སྲོལ་ཡོད་པ་ནི།  དཔེར་ན།  སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་ཚབ་རྭ་སྒྲེང་།  མདའ་དཔོན་ལྷ་སྡིང་པ།  རྩིས་དཔོན་ལུང་ཤར།  ཡོངས་འཛིན་བློ་བཟང་དཔལ་ལྡན།  གསང་བ་ང་ཕོད།  སྲིད་བློན་གླང་མདུན།  བཀའ་བློན་བླ་མ་བསྟན་པ་འཇམ་དབྱངས།  ཐའི་ཇི་བསམ་ཕོ།  ཛ་སག་འཇམ་དཔལ་རྒྱལ་མཚན།  རྩེ་མགྲོན་ཐུབ་བསྟན་ཚེ་རིང་།  རྩེ་དྲུང་མཁྱེན་རབ་བསྟན་འཛིན།  དམག་སྤྱི་སྐལ་ཚུལ། མཁན་ཆུང་དགེ་འདུན་ཡེ་ཤེས།  བཤེར་དཔང་ཚེ་བརྟན་དབང་ཕྱུག   རུ་དཔོན་བསོད་ནམས་དབང་ཆེན།  བཀའ་ཚབ་གཡུ་ཐོག་པ།  དྲུང་འཁོར་རྡོ་རྗེ་དབང་ཕྱུག   མགྲོན་གཉེར་བསྟན་འཛིན་ཆོས་རྒྱལ་ལྟ་བུ་སྔ་དུས་ཀྱི་གོ་གནས་མིང་དང་།  ཡང་།  རྒྱ་མཚོ་ཧྲུའུ་ཅི།  རྫོང་དཔོན་དཔལ་འབྱོར།  ཤང་ཀྲང་རྣམ་རྒྱལ།  ཀྲུའུ་རེན་བསམ་གྲུབ།   རྩིས་པ་བཀྲ་ཤིས་ལྟ་བུ་དེང་དུས་ཀྱང་འབོད་མུས་ཡིན་ནོ།།
    དགུ་པ།  བུ་རྐྱང་པའི་མིང་།
    བོད་རིགས་ཀྱི་མིང་ཁྲོད་དུ་བུ་རྐྱང་པའི་མིང་དང་།  བུ་མོ་རྐྱང་པའི་མིང་།  ཕོ་མོ་གཉིས་འཇུག་གི་མིང་བཅས་རྩ་བའི་དབྱེ་བ་གསུམ་ཡོད་པ་ལས།
    བུ་རྐྱང་པའི་མིང་དཔེར་ན།  ནོར་བུ་དགྲ་འདུལ།  དཔལ་འབྱོར་རྣམ་རྒྱལ།  མཁས་གྲུབ།  འཇིགས་མེད་རྡོ་རྗེ།  དགའ་ལྡན་དཔལ་འབྱོར།  དབང་ཕྱུག   རིན་ཆེན་ཕུན་ཚོགས།  དགེ་ལེགས།  སྟོབས་རྒྱལ་ལྟ་བུ་ནི་བུ་ཁོ་ན་ལས་བུ་མོར་འབོད་སྲོལ་མེད་དོ།།
    བཅུ་པ།  བུ་མོ་རྐྱང་པའི་མིང་།
    བུ་མོ་ཁོ་ན་ལས་བུའི་མིང་ལ་མི་འཇུག་པ་ནི།  དཔེར་ན།  མཁའ་འགྲོ།  མེ་ཏོག   སྒྲོལ་མ།  ལྷ་མོ།  ལྷ་འཛོམས།  དབྱངས་སྐྱིད།  གཡང་འཛོམས།  ཚེ་དབྱངས།  གངས་སྐྱིད།  གཡུ་སྒྲོན།  ལྷ་སྐྱིད།  མཚོ་མོ།  ཆོས་སྒྲོན།  བསམ་སྐྱིད།  ཆོས་འཛོམས།  བདེ་སྐྱིད།  སྒྲོལ་དཀར་ལྟ་བུ་ཆེས་མང་ངོ་།།
    བཅུ་གཅིག་པ།  ཕོ་མོ་གཉིས་འཇུག་གི་མིང་།
    བུ་དང་བུ་མོ་གཉིས་ཀའི་མིང་ལ་འཇུག་པ་ནི།  དཔེར་ན། ཚེ་རིང་།  བཀྲ་ཤིས།  བསམ་གཏན།  སྐལ་བཟང་།  ཤེས་རབ།  ཚེ་བརྟན།  སངས་རྒྱས།  སྐལ་ལྡན།  དཀོན་མཆོག  དོན་གྲུབ།   ངག་དབང་།  ཡེ་ཤེས།  བསོད་ནམས།  ཆོས་ལྡན།  རིག་འཛིན།  ཉི་ཟླ།   འཆི་མེད།  རྣམ་གྲོལ།   ཆུང་བདག་ལྟ་བུའོ།།
    བཅུ་གཉིས་པ།  རེས་གཟའ་གང་སྐྱེས་ལྟར་བཏགས་པའི་མིང་།
    ཕ་མ་མི་ཉུང་བ་ཞིག་གིས་རང་གི་ཕྲུ་གུར་ཆེད་དུ་མིང་མ་ཞུས་པར་རེས་གཟའ་གང་སྐྱེས་ལྟར་མིང་འདོགས་ཀྱི་ཡོད་པ་སྟེ།  ཉི་མ།  ཟླ་བ།  མིག་དམར།  ལྷག་པ།  ཕུར་བུ།  པ་སངས།  སྤེན་པ་ལྟ་བུ་ནི་ཕོ་མོ་གཉིས་ཀའི་མིང་ལ་འཇུག་པ་ཡིན།  འོན་ཏེ་རེས་གཟའ་དེ་དག་གི་རྗེས་སུ་མིང་གྲོགས་སྦྱར་ན་འགའ་ཞིག་བུ་ལ་འཇུག་པ་དང་།  འགའ་ཞིག་བུ་མོར་འཇུག་པ་ལས་གཉིས་ཀའི་མིང་ལ་གཏན་ནས་མི་འཇུག་གོ།
    བཅུ་གསུམ་པ།  རེས་གཟའི་རྗེས་མིང་གྲོགས་སྦྱར་བས་བུ་ལ་འཇུག་པ།
    གོང་ཞུས་ལྟར་མ་གཞི་རེས་གཟའ་བདུན་པོ་ནི་བུ་དང་བུ་མོ་གཉིས་ཀའི་མིང་ལ་འཇུག་ཀྱང་དེ་དག་གིས་རྗེས་མིང་གྲོགས་སྦྱར་ན་འགྱུར་ལྡོག་ཡོང་གི་ཡོད་པ་ནི།  དཔེར་ན་རེས་གཟའ་བདུན་པོའི་རྗེས་སུ་མིང་གྲོགས་“ཚེ་རིང་”ཞེས་པ་སྦྱར་ན་བུའི་མིང་ལ་འཇུག་པ་ནི།
    ཉི་མ་ཚེ་རིང་།  ཟླ་བ་ཚེ་རིང་།  མིག་དམར་ཚེ་རིང་།  ལྷག་པ་ཚེ་རིང་།  ཕུར་བུ་ཚེ་རིང་།  པ་སངས་ཚེ་རིང་།  སྤེན་པ་ཚེ་རིང་ལྟ་བུའོ།།
    བཅུ་བཞི་པ།  རེས་གཟའི་རྗེས་མིང་གྲོགས་སྦྱར་བས་བུ་མོར་འཇུག་པ།
    ཡང་རེས་གཟའ་བདུན་པོའི་རྗེས་སུ་མིང་གྲོགས་“སྒྲོལ་མ་”ཞེས་པ་སྦྱར་ན་བུ་མོའི་མིང་དུ་འཇུག་པ་ནི།  དཔེར་ན།
    ཉི་མ་སྒྲོལ་མ།  ཟླ་བ་སྒྲོལ་མ།  མིག་དམར་སྒྲོལ་མ།  ལྷག་པ་སྒྲོལ་མ།  ཕུར་བུ་སྒྲོལ་མ།  པ་སངས་སྒྲོལ་མ།  སྤེན་པ་སྒྲོལ་མ་ལྟ་བུའོ།།
    བཅོ་ལྔ་པ།  གཟུགས་དང་དབང་པོ་སོགས་ལ་བལྟས་ནས་བཏགས་པའི་མིང་།
    བོད་རིགས་དམངས་ཁྲོད་ཀྱི་མིང་ཉུང་ཤས་ཤིག་ནི་ཕྲུ་གུའི་གདོང་དང་།  གཟུགས་བྱད།  སྟོབས་ཆེ་ཆུང་།  དབང་པོ་སོགས་ལ་བལྟས་ནས་བཏགས་པའང་ཡོད་པ་སྟེ།  དཔེར་ན།
    ཤ་རྒྱགས་པོ་ཡོད་པས་རྒྱགས་ལོད།  སྐྲ་བཟང་པོ་ཡོད་པས་སྐྲ་བཟང་།  མིག་ཁྲ་སྒོར་ཡིན་པས་ཁྲ་སྒོར།  གདོང་དཀར་པོ་ཡོད་པས་ཟླ་དཀར།  སྟོབས་ཆེན་པོ་ཡོད་པས་སྟོབས་ཆེན།  ཤི་ནས་སླར་ལོག་པས་ཤི་ལོག   སྐྱེ་དུས་ཤིན་ཏུ་ཆུང་བས་སྐྱེ་ཆུང་ཞེས་ལྟ་བུའོ།།
    བཅུ་དྲུག་པ།  མིང་འདོགས་སམ་མཚང་མིང་།
    མིང་འདོགས་སམ་མཚང་མིང་འདོགས་སྟངས་སྣ་ཚོགས་ཡོད་ཀྱང་བསྡུ་ན་རྩ་བའི་དབྱེ་བ་གཉིས་ཡོད་པ་སྟེ། གཅིག་ནི་མདོག་དང་དབྱིབས་ལ་བལྟས་ནས་བཏགས་པ་དང་།  གཅིག་ཤོས་ནི་བྱ་བ་དང་སྤྱོད་ལམ་ལ་བལྟས་ནས་བཏགས་པ་ཞིག་རེད།
    དེ་ཡང་དང་པོ་མདོག་དང་དབྱིབས་ལ་བལྟས་ནས་བཏགས་པ་ནི།  དཔེར་ན།
    མགོ་བོ་ཆེན་པོ་ཡོད་པས་མགོ་ཆེན།  ཨམ་ཅོག་ཐེར་ཐེར་ཡིན་པས་ཨམ་ཐེར།  མགོ་ལ་སྐྲ་མེད་པས་མར་སྐོགས།  མིག་འབུར་འབུར་ཡིན་པས་མིག་འབུར།  སྐྲ་ཟིང་ཟིང་ཡིན་པས་སྲིན་པོའམ་སྲིན་མོ།  ཤ་སྐམ་པོ་ཡིན་པས་སྤྲེའུ་ལྟ་བུ་དང་།
    གཉིས་པ་བྱ་བ་དང་སྤྱོད་པར་བལྟས་ནས་བཏགས་པ་ནི།  དཔེར་ན།  ཕྱི་ལ་ཞི་མི་ནང་བཞིན་འགྲོ་མཁས་པ་དང་སྡོད་མཁས་པ་དང་།  ནང་ལ་སྟག་ནང་བཞིན་ངར་པོའམ་གྱོང་པོ་ཡོད་པའི་མི་ལ་མཚང་མིང་སྟག་ཞིམ་དང་།  དེ་བཞིན་ཁ་བུ་རམ་ལས་མངར་ཞིང་ལག་པ་རྡོ་ལས་དམ་པའི་མི་ལ་མཚང་མིང་རྡོ་བུ་རམ་ལྟ་བུ་ཤིན་ཏུ་མང་བ་དང་།  ད་དུང་དེང་དུས་སྤྱི་ཚོགས་ཐོག་གསར་དུ་ཐོན་པའི་མཚང་མིང་དགོད་བྲོ་པོ་མི་ཉུང་བ་ཞིག་ཀྱང་ཡོད་པ་ནི།  དཔེར་ན།
    ལུང་པ་ཞིག་ལ་མང་ཚོགས་ཀྱིས་གནས་ཚུལ་ལམ་རེ་བ་བརྒྱ་ཙམ་ཞུས་ཀྱང་མགོ་བོ་འཇོག་ཙམ་འཇོག་ཙམ་བྱེད་པ་ལས་ཐག་གཅོད་གཏན་ནས་མི་བྱེད་མཁན་གྱི་ཚུན་ཀྲང་ཞིག་ཡིད་པ་དེར་མང་ཚོགས་ཀྱིས་མཚང་མིང་བརྒྱ་མགོ་འཇོག་ཅེས་བཏགས་པ་དང་། ཡང་ས་ཁུལ་ཞིག་གི་ཁྲོམ་རའི་ཐོག་མར་འཚོང་མཁན་ཨ་ཅག་ཅིག་ཡོད་པ་དེས་མར་རྒྱ་མ་རེ་བཀྱག་དུས་སྲང་གཉིས་རེ་མ་ལོངས་པར་འཚོང་གི་ཡོད་པས་དེའི་མཚང་མིང་ལ་ཨ་ཅག་སྲང་བརྒྱད་ཅེས་བཏགས་ཤིང་།  ད་དུང་ཚོང་དཔོན་མིས་བཟོས་གཡག་ཀོ་དང་ཟུར་འཐེན་ཕོ་བྲང་།  བོད་སྐྱོར་ཞི་མི་སོགས་དགོད་བྲོ་ལ་གནད་དུ་འཁེལ་བའི་མིང་འདོགས་སམ་མཚང་མིང་ཧ་ཅང་མང་ངོ་།།
    བཅུ་བདུན་པ།  ཕ་མའི་རེ་འདོད་ལྟར་བཏགས་པའི་མིང་།
    དམངས་ཁྲོད་ཀྱི་མིང་ཆེས་ཉུང་ཤས་ཤིག་ནི་ཕ་མའི་འདོད་དོན་འགྲུབ་རྒྱུའི་རེ་སྨོན་ལ་གཞིགས་ཏེ་བཏགས་པ་ཞིག་ཡིན་པ་སྟེ།  དཔེར་ན། ཕ་མ་འགའ་ཞིག་གིས་རང་ལ་ཕྲུ་གུ་བུ་མོ་ཁོ་ན་ལས་བུ་མ་སྐྱེས་ན་བུ་མོ་རྗེས་མ་དེར་བུ་ཁྲིད་ཅེས་བཏགས་ནས་རྗེས་སུ་བུ་ཞིག་ཁྲིད་ཡོང་བ་སྟེ་བུ་ཞིག་སྐྱེས་རྒྱུའི་རེ་སྨོན་བྱེད་པ་དང་།  ཡང་འགའ་ཞིག་གིས་རང་གི་ཕྲུ་གུ་སྔ་མ་རེ་གཉིས་ཚེ་མ་ཟིན་ན་ཕྲུ་གུ་ཕྱི་མ་དེའི་མིང་ལ་ཁྱི་སྐྱག་དང་།  ཕག་སྐྱག་སོགས་བཏགས་ནས་བར་ཆད་སེལ་རྒྱུའི་རེ་སྨོན་བྱེད་ཀྱི་ཡོད་པ་ལྟ་བུ་ལ་ཕ་མའི་རེ་འདོད་ལྟར་བཏགས་པའི་མིང་ཞེས་བརྗོད་པར་འདོད།
    བཅོ་བརྒྱད་པ།  ཚེས་གྲངས་གང་སྐྱེས་ལྟར་བཏགས་པའི་མིང་།
    འདི་ནི་ཕྲུ་གུ་ཚེས་གང་གི་ཉིན་སྐྱེས་པ་ལྟར་བཏགས་པའི་མིང་ཞིག་ཡིན་ཏེ།  དཔེར་ན།
    ཚེས་གཅིག་ལ་སྐྱེས་པས་ཚེས་གཅིག   ཚེས་གསུམ་ལ་སྐྱེས་པས་ཚེ་གསུམ།  ཚེས་བརྒྱད་ལ་སྐྱེས་པས་ཚེ་བརྒྱད།  ཚེས་བཅོ་ལྔར་སྐྱེས་པས་བཅོ་ལྔ།  ཚེས་སུམ་ཅུར་སྐྱེས་པས་གནས་གང་ལྟ་བུ་ལ་ཟེར་ཡང་ཚེས་གྲངས་ཡོད་ཚད་མིའི་མིང་ནང་ཡོད་པར་མ་ངེས་སོ།།
    བཅུ་དགུ་པ།  ཆེད་དུ་མ་བཏགས་པའི་མིང་།
    དམངས་ཁྲོད་ཀྱི་མིང་ཆེས་ཉུང་ཤས་ཤིག་ནི་ཕྲུ་གུ་སྐྱེས་མ་ཐག་ནས་ཕ་མས་བུ་ཡིན་ན་བུ་ཆུང་དང་།  བུ་མོ་ཡིན་ཨས་ཏོག་ལྟ་བུར་འབོད་པ་ལས་མིང་དངོས་འདོགས་རྒྱུ་མ་བྱུང་བར་བརྟེན་ཕྱིས་རྒྱུན་ཆགས་སུ་གྱུར་པ་ལ་ཆེད་དུ་མ་བཏགས་པའི་མིང་ཞེས་བྱ་སྟེ།  དཔེར་ན།  བུ་ཆུང་།  བུ་ཏོག   བུམ་ཆུང་།  ཨས་ཏོག    ཨས་ཆུང་ལྟ་བུའོ།།
    ཉི་ཤུ་པ།  གསང་མཚན་ནམ་མིང་ཚབ།
    འདི་ནི་གཙོ་བོ་རྩོམ་པ་པོ་འགའ་ཞིག་གིས་རང་གིས་བརྩམས་པའི་དེབ་བམ།   བརྩམ་བྱར་རང་མིང་ངོ་མ་མ་བཀོད་པ་མིང་གཞན་ཞིག་བཀོད་པ་ལ་ཟེར་བ་སྟེ།  དཔེར་ན།
    མི་ལའི་རྣམ་ཐར་རྒོད་ཚང་པས་མཛད་པའི་མཛད་བྱང་དུ།
    རྣལ་འབྱོར་པ་རུས་པའི་རྒྱན་ཞེས་བཀོད་པ་དང་།
    སྟག་ཕུ་ཆོས་ཀྱི་དབང་ཕྱུག་གིས་གསུང་རྩོམ་འགའ་ཞིག་གི་མཇུག་ཏུ།
    གཏད་མེད་སྤྲང་བཙོན་གར་དབང་སྨྱོན་པ་ཞེས་བཀོད་པ་ལྟ་བུ་མང་།
    དེ་བཞིན་དེང་དུས་ཀྱང་རྩོམ་པ་པོས་མིང་ཚབ་བེད་སྤྱོད་གནང་བ་ཡོད་དེ།  ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པ་ལ།  ཀུན་དགས་བརྩམས་ཞེས་དང་།
    དོན་གྲུབ་རྒྱལ་གྱིས་བརྩམས་པ་ལ་རང་གྲོལ་གྱིས་བརྩམས་ཞེས།
    ནོར་སྡེས་བརྩམས་པ་ལ་འཇམ་དབྱངས་ཀུན་ཁྱབ་ཀྱིས་བརྩམས་ཞེས། ལྷག་པ་ཕུན་ཚོགས་ཀྱིས་བརྩམས་པ་རྣམ་གྲོལ་གྱིས་བརྩམས་ཞེས།
    མཁས་གྲུབ་ཀྱི་བརྩམས་པ་ལ་སེར་སྐྱས་བརྩམས་ཞེས་ལྟ་བུ་དང་།
    ད་དུང་རྩོམ་པ་པོ་ཁ་ཤས་ལ་གསང་མཚན་ནམ་མིང་ཚབ་མང་པོའང་ཡོད་པ་ནི།  དཔེར་ན།  ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར།  ངག་དབང་བློ་བཟང་རྒྱ་མཚོ་ཞུ་ཡང་།  རྩོམ་ཡིག་གི་མཛད་བྱང་ཁག་ནང་།
    ཚངས་སྲས་བཞད་པའི་རྡོ་རྗེ་དང་།  ཟ་ཧོར་གྱི་བཤེ་གང་ཤར་རང་གྲོལ།  བཤེ་ཟིལ་གནོན་བཞད་པ་རྩལ་ལྟ་བུའོ། །
    དེ་ལྟར་ཁོ་བོས་བོད་རིགས་ཀྱི་མིང་སྐོར་བཅུ་ཟད་གླེང་བ་འདི་ནི་རྒྱ་མཚོ་ཆེན་པོའི་ཆུ་ཐིགས་དང་།  གང་གའི་བྱེ་མའི་རྡོག་གཅིག་ཙམ་ཡིན་པ་ལས།   གཞན་དུ་ན་རང་ཅག་བོད་རིགས་ཀྱི་མིང་ནི་ས་མཐོའི་ཁྱད་ཆོས་འབུམ་གྱིས་ཕྱུག་ཅིང་།  ལོ་རྒྱུས་ཡུན་རིང་ལྡན་པ།  ཁྱད་པར་དུ་སྣ་མང་ཕུན་སུམ་ཚོགས་པ་མཁའ་ཡི་སྐར་ཚོགས་ལྟར་གྲངས་ཀྱིས་མི་ལང་བ་ཞིག་ཡིན་སྟབས་མཐའ་དག་བརྗོད་པའི་སྤོབས་པ་བདག་ལ་མེད་ཅིང་།  རང་བློས་གང་དཔོགས་གླེང་བ་འདི་དག་ལའང་འགལ་འཁྲུལ་ནོར་གསུམ་ཡོང་བ་ལྡོག་ཏུ་མེད་པས་ཚད་ཐུབ་མཁས་པ་རྣམས་ཀྱིས་དག་བཅོས་གནང་རྒྱུའི་རེ་བ་སྙིམ་པ་བྲང་ཁར་ཟུམ་སྟེ་ཁུའོ།། །། ༼བོད་ཀྱི་དམངས་སྲོལ་གཅེས་བསྡུས་༽ལས་བཤུས།