Jump to content

བོད་ཡིག་གི་ཚགས་པར་ཐོག་མ་

ཡོང་ཁུངས་Wikipedia

དེ་ཡང་བོད་ཡིག་གི་པར་སྐྲུན་རིག་པའི་ལོ་རྒྱུས་སྨྲ་བར་དབང་ཐོབ་པའི་མི་བུ་རྣམས་ཀྱིས་བོད་ཡིག་གི་ཚགས་པར་ཐོག་མ་དེ་གང་ཡིན་དང་། ག་དུས་བྱུང་བ་དང་གང་དུ་པར་བ་ཡིན་སོགས་ནི་ཆེས་སྔ་མོ་ནས་མཁྱེན་ཟིན་པ་ནའང་། བདག་འདྲ་ལོ་རྒྱུས་སྐམ་པོར་དགའ་བ་ཕལ་མོ་ཆེར་ད་དུང་ཡང་ལྐོག་ཏུ་གྱུར་ཏེ་གསལ་པོར་མ་མཁྱེན་པའང་ཡོད་སྲིད་པས། འདིར་བོད་ཡིག་གི་ཚགས་པར་ཐོག་མ་ཇི་ལྟར་བྱུང་བའི་ཚུལ་ཅུང་ཟད་གླེང་བར་འདོད་དོ།། ད་ལྟ་ལོ་རྒྱུས་སྨྲ་བ་ལ་ལས་ཚགས་པར་ཐོག་མ་དེ་ནི་ཡེ་ཤུའི་ཆོས་པ་སྦ་བུ་མཐར་ཕྱིན་གྱིས་ཀ་བློན་སྦུག་ཏུ་གཉེར་བའི་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཞེས་པ་དེ་ཉིད་ཡིན་པར་བཞེད་ལ། དེ་ལའང་རྒྱུ་མཚན་ཡོད་སྲིད་མོད། ཕྱོགས་གཞན་ནས་དེང་རབས་ཅན་གྱི་ཡིག་ཆ་པར་སྐྲུན་གྱི་ལོ་རྒྱུས་ལ་བརྟག་ན། དེའི་གོང་ནས་བོད་ཡིག་གི་ཚགས་པར་ཞིག་བྱུང་ཟིན་པར་གསལ་པོར་རིག་ཐུབ་པར་འདུག་གོ། བོད་ཡིག་ཚགས་པར་ཐོག་མ་ནི་ལ་དྭགས་ཀྱི་ཨག་བཱར་ཡིན་འདུག་ཏེ། ཨག་བཱར་ནི་རྒྱ་གར་གྱི་ཨུར་རྡུའི་སྐད་དུ་ཚགས་པར་ཞེས་པའི་དོན་ཡིན་ལ། འདི་ཉིད་གསར་བཏོད་པ་ནི་ཕཱ་རན་ཁེ་ཞེས་པ་འཇར་མན་གྱི་ཡེ་ཤུའི་ཆོས་པ་ཅིག་ཡིན་ལ། ཁོང་ནི་མོ་རཱ་ཝན་ཞེས་པའི་ཡེ་ཤུའི་གྲུབ་མཐའི་ཚོགས་མི་ཡིན་པས། གྲུབ་མཐའ་དེ་ཡི་ཁྱད་ཆོས་ནི་ཡེ་ཤུའི་ཆོས་དཔེ་ཡུལ་གྲུ་གང་དང་གང་དེའི་སྐད་དུ་བསྒྱུར་སྤེལ་གྱིས་དེ་དག་གིས་ཀློག་ཐུབ་པར་བྱ་རྒྱུ་དེ་རེད། སྤྱི་ལོ་༡༨༨༥ལོར་ལ་དྭགས་སུ་གྲུབ་མཐའ་འདིའི་ཆོས་སྒོ་ཐོག་མར་ཕྱེས་པ་དང་། ཡེ་ཤུའི་གསུང་རབ་བོད་ཡིག་ཏུ་སྒྱུར་བའི་གྲ་སྒྲིག་བྱས་པ་མ་ཟད། རིམ་པས་ལྕགས་དཔར་གྱི་པར་ཁང་ཡང་བཙུགས་ཏེ། ཡེ་ཤུའི་ཆོས་དང་འབྲེལ་བའི་དཔེ་ཆ་བོད་ཡིག་ཐོག་དཔར་བསྐྲུན་བྱེད་མགོ་བརྩམས། ལ་དྭགས་ཀྱི་ཨག་བཱར་དཔར་འགྲེམས་ཀྱི་དུས་ཚོད་ནི་སྤྱི་ལོ་༡༩༠༥ལོ་ཡིན་ལ། དབྱིན་ཇིའི་དམག་དཔུང་ལྷ་སར་དཔུང་འཇུག་བྱེད་པའི་ལོ་དེ་ཡིན་ནོ།། ལ་དྭགས་ཀྱི་ཚགས་པར་ཡིན་ན་བོད་དང་འབྲེལ་བ་ཅི་ཡོད་ཟེར་ན། དེ་ནི་བོད་ཡིག་ཡིན་པ་ཙམ་མ་ཟད། ལ་དྭགས་ནི་མེས་རྒྱལ་གྱི་མངའ་ཁོངས་འཁྲུལ་མེད་ཡིན་ཏེ། བཙན་པོའི་དུས་རབས་སུ་བོད་ཀྱི་མངའ་འོག་ཡིན་ཞིང་། ཕྱི་དར་སྐབས་སུ་མངའ་རིས་མགོན་གསུམ་གྱི་བརྒྱུད་པས་མངའ་དབང་བསྒྱུར་བ་སོགས་བོད་རིགས་འཁྲུལ་མེད་ཡིན་པ་བཅས་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་དང་ཁ་བྲལ་མེད་པའི་གནས་ལུགས་ཡོད་པ་ཡིན་ནོ།། ཚགས་པ་འདི་ནི་བོད་སྤྱི་ལ་དམིགས་པ་མ་ཡིན་པར་དྭགས་ཁུལ་གྱི་ཡུལ་མི་ལ་ཆེད་དུ་བཏོན་པ་ཅིག་ཡིན་ལ། ཕྱིས་སུ་ཨུར་རྡུའི་སྐད་ཀྱི་ཨག་བཱར་ཞེས་པ་དེ་ཉིད་ལ་དྭགས་ཀྱི་ཕོ་ཉ་ཞེས་བསྒྱུར་ཡོད། སྤྱི་ལོ་༡༩༠༨་ལོ་ནས་དཔར་མཚམས་ཆད་ཡོད། འོན་ཏེ་འདིའི་ཤུགས་རྐྱེན་ལ་བརྟེན་ཏེ། སྤྱི་ལོ་༡༩༢༥ལོར་ཡེ་ཤུའི་ཆོས་པ་ཁུ་ནུ་མཐར་ཕྱིན་གྱིས་ཀ་བློན་སྦུག་ཏུ་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོག་ཞེས་པའི་ཚགས་པར་གྲགས་ཅན་དེ་དཔར་འགྲེམས་བྱེད་མགོ་ཚུགས་ཡོད། ཁོང་ནི་ལ་དྭགས་ཨག་བཱར་ཚགས་པར་དཔར་འགྲེམ་བྱེད་མཁན་མོ་རཱ་ཝན་ཆོས་ཚོགས་ཀྱིས་ལ་དྭགས་ཁུལ་དུ་གསོ་སྐྱོང་བྱས་པའི་ཚོགས་མི་ཡིན་མོད། ༡༩༢༠ལོར་ཀ་བློན་སྦུག་ཏུ་གནས་སྤོས་བྱས་ཤིང་། སི་ཀོ་ལན་ཊི་ཆོས་ཚོགས་ཀྱི་རོགས་རམ་འོག་ཏུ་གསར་འགྱུར་མེ་ལོང་གི་རྩོམ་སྒྲིག་གི་འགན་འཁུར། གསར་འགྱུར་མེ་ལོང་བཏོན་ནས་ལོ་གཉིས་མ་འགོར་བར་མོ་རཱ་ཝན་ཆོས་ཚོགས་ཀྱིས་ལ་དྭགས་ཨག་བཱར་སླར་གསོའི་ཚུལ་དུ་ཀྱེ་ལང་ཨག་བཱར་ཟེར་བ་ཅིག་ལ་དྭགས་ཀྱེ་ལང་དུ་དཔར་འགྲེམས་བྱས་ཏེ། ༡༩༣༥བར་དུ་རྒྱུན་བསྐྱངས་ཡོད། ཤེས་གསལ་ལྟར་བོད་ཡིག་ལྕགས་དཔར་དུ་བཏབ་མཁན་ཐོག་མ་ནི་བོད་རིགས་དང་བོད་ཀྱི་མཐོ་རིམ་པའམ། སྡེ་གཞུང་གང་ཡང་མ་ཡིན་པར་ཡེ་ཤུའི་ཆོས་པ་ཡིན་པས། ཚགས་པར་འདི་དག་ཡེ་ཤུའི་ཆོས་ལུགས་དྲིལ་བསྒྲགས་བྱེད་པའི་ལག་ཆ་ཉག་གཅིག་ཡིན་པ་བསྙོན་དུ་མེད། ཡིན་ནའང་ཡེ་ཤུའི་ཆོས་ལུགས་ཀྱི་ཤེས་བྱའམ་སློབ་གསོ་ཁོ་ན་མ་ཡིན་པར་གོ་ལའི་ངོས་སོ་སོའི་གསར་འགྱུར་དང་། ཐོན་ཟོག་གསར་པའི་ཚོང་འཕྲིན་དང་། ལོ་རྒྱུས་སོགས་ནང་དོན་ཕུན་སུམ་ཚོགས་པོ་འདུས་ཡོད་པའང་རེད། དེས་ན་གསར་འགྱུར་མེ་ལོང་དེ་ཉིད་ལྷ་སའི་སྐུ་དྲག་ཚོས་མཉེས་པོ་བྱེད་པའི་ཚགས་པར་དུ་གྱུར་པས། ཡུན་རིང་པོར་དཔར་འགྲེམ་བྱས་པ་རེད་ལ། ཚགས་པར་ཕྱོགས་བསྒྲིགས་ནང་དུ། དགེ་ཆོས་ཞབས་ཀྱིས་ཀྱང་། གསེར་རི་རོལ་མཚོའི་ནང་ཅི་བྱེད་མི་ཤེས་ཀྱང་། ས་གཞི་རིལ་མོ་འདིའི་ཕྱི་ནང་གི་གནས་ཚུལ་དང་ཟླ་རེའི་མེ་གྷ་ཟིན་སོགས་བདེ་བླག་ཏུ་རྟོགས་ཐུབ་པའི་དགེ་མཚན་ཡོད་ལུགས་གསུངས་སོགས་འཁོད་ཡོད་དོ།། གང་ལྟར་གོང་གསལ་ཚགས་པ་དེ་གཉིས་ཀྱི་ཐོག་མར་སྤ྄ེལ་བའི་དམིགས་ཡུལ་གང་ཡིན་ལ་མ་ལྟོས་པར། བོད་ཡིག་འདི་ཉིད་དེང་རབས་ཅན་ནམ་ནུབ་ཕྱོགས་ནས་ཚུར་དར་འོང་བའི་འཕྲུལ་ལས་ལག་རྩལ་གྱི་པར་གཞི་ཐོག་མ་ཡིན་པ་ནི་ལོ་རྒྱུས་ཀྱི་དངོས་ར་འཕྲོད་ཡོད་པས་ན། རང་རེ་བོད་ཡིག་གི་འཕེལ་རྒྱས་དང་འབྲེལ་བའི་པར་འདེབས་སམ་པར་སྐྲུན་གྱི་ལག་རྩལ་འཕེལ་རིམ་ནང་། ཚགས་པར་དེ་གཉིས་ཟུར་དུ་འཇོག་ཐབས་མེད་པས། འདིར་རང་མཉམ་ལོ་རྒྱུས་སྐམ་པོ་ལ་ཞེན་པ་འགའ་ལ་ཕན་སྲིད་པས་ཅུང་ཟད་རི་མོར་བཀོད་པ་ལགས་སོ།།༢༠༢༠/༩/༢༥