བོད་མངའ་མཛད་བཅུའི་དུས་རབས་ཀྱི་ངོ་སྤྲོད་མདོ་ཙམ་གླེང་པ། བེ་རི་འཇིགས་མེད།

ཡོང་ཁུངས་Wikipedia

བོད་མངའ་མཛད་བཅུའི་དུས་རབས་ཀྱི་ངོ་སྤྲོད་མདོ་ཙམ་གླེང་པ།

___[དབྱིན་ལོན་རྒྱལ་ས་ལོན་ཌོན་དུ་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཞིབ་འཇུག་ཐོག་སྤེལ་བའི་ཆེད་རྩོམ། ] (2007.8.8) ____བེ་རི་འཇིགས་མེད་དབང་རྒྱལ།

སྔོན་དུ་གླེང་པའི་གཏམ།

བོད་ཀྱི་ལོ་རྒྱུས་བྱུང་རིམ་ཁྲོད། འོ་དེ་པུར་རྒྱལ་གཉའ་ཁྲི་བཙན་པོ་ཚུན་ཆད་ཅུང་ཟད་ཁ་གསལ་བའི་ལུགས་སུ་མཆིས་མོད། དེའི་ཡར་སྔོན་བོད་སྟོད་སིལ་གྱི་བྱུང་རིམ་དང་འབྲེལ་པའི་མངའ་མཛད་སྐོར་སྔོན་གྱི་ལོ་རྒྱུས་ཁ་ཤས་སུ་རྐང་གྲངས་ཙམ་ངོས་འཛིན་བྱས་པ་དང༌། ཡང་ན་ཕྱོགས་སྟོན་ཙམ་གནང་བ་ལས། བོད་མངའ་མཛད་ཆེན་པོ་བཅུའི་བྱུང་རིམ་རྩལ་དུ་བཏོན་ནས་དཔྱད་རྩོམ་སྤེལ་མཁན་ཞིག་ད་ཕན་ཕལ་ཆེར་བྱུང་མྱོང་མེད་པ་འདྲ། བོད་ཀྱི་ལོ་རྒྱུས་དང་རྒྱལ་རབས་ཀྱི་སྒྲོམ་གཞིའི་ཆ་ལག་ཡོངས་སུ་ཚང་བ་ཞིག་བསླང་དགོས་ན། བོད་མངའ་མཛད་ཀྱི་བྱུང་རིམ་གྱི་སྟོང་ཆ་མི་ལུས་པ་ཞིག་དགོས་པ་ཡང་བཤད་མི་དགོས་པ་ཞིག་རེད་སྙམ། སྤྱིར་རྒྱལ་རབས་དང་ལོ་རྒྱུས་ཀྱི་སྒྲོམ་གཞི་བརྟན་པོའི་ཡིག་ཆ་གསོག་འཇོག་གི་ལམ་ལུགས་ཐོག་མར་བྱུང་ས་ནི་བཙན་པོ་ཁྲི་སྲོང་གི་སྐབས་ཡིན་ལ། ཁྲི་སྲོང་རང་གི་མི་རྒྱུད་སྔ་མའི་བྱུར་རིམ་འབུར་དུ་བཏོན་ནས་སྐབས་དེའི་ལོ་རྒྱུས་རྩོམ་སྒྲིག་དང་ཡིག་ཆ་བདག་ཉར་གནང་མཁན་ཚོས་གཉའ་ཁྲི་མན་ཆད་ཀྱི་ལོ་རྒྱུས་ཆ་ལས་ཅུང་མཐུས་ཚང་གནང་འདུག་པ་ལས། དེ་མིན་མངའ་མཛད་ཀྱི་སྐོར་ལ་དེ་ཙམ་ཡིག་འཇོག་དང་དོ་སྣང་གནང་མེད་པ་ཏུན་ཧོང་ཡིག་རྙིང་ལ་བརྟེན་ནས་ཤེས་ཐུབ་པ་ཞིག་རེད་སྙམ། ཁྲི་སྲོང་རང་གི་མི་རྒྱུད་སྔ་མས་རྒྱལ་སྲིད་བཟུང་མཁན་དང་པོ་གཉའ་ཁྲིའི་མི་ཁོང་རྒྱ་གར་ལ་གཏུགས་པས། དེས་ན་གཉའ་ཁྲི་ཡར་སྔོན་དུ་བྱུང་བའི་བོད་མངའ་མཛད་ཆེན་པོ་རྣམས་དང་ཁྲི་སྲོང་དབར་ཆོས་དང་མི་རྒྱུད་གཉིས་ཐད་ནས་འབྲེལ་བ་དེ་ཙམ་མི་ཆེ་པས། སྔོན་གྱི་ལོ་རྒྱུས་ཕལ་མོ་ཆེའི་ནང་བོད་མངའ་མཛད་ཀྱི་ལོ་རྒྱུས་དེ་ཙམ་གྲ་རྒྱས་མི་ཡོང་པའི་རྒྱུ་མཚན་ཡང་དེ་ཉིད་ཡིན་སྲིད་སྙམ། དེར་བརྟེན་ད་ཕན་གཉའ་ཁྲིའི་གོང་གི་མངའ་མཛད་དང་བོད་སྟོད་སིལ་གྱི་ལོ་རྒྱུས་ཆ་ལག་ཡོངས་སུ་རྫོགས་པའམ་འཐུས་ངེས་ཅན་ཚང་བ་ཞིག་ཧ་ལམ་སུས་ཀྱང་བྲིས་མེད་པ་འདྲ། ལོ་རབས་དགུ་བཅུ་པའི་མཇུག་མཐར་ཕྲན་གྱིས་འཕགས་བོད་ཆོས་འབྱུང་འཛམ་བུའི་གསེར་གྱི་ཁྲི་ཤིང་ཐོགཐང་ཡིག་དང་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལ་བརྟེན་ནས་མངའ་མཛད་ཀྱི་སྐོར་རགས་ཙམ་བྲིས་ཁུལ་བྱས་མོད། འོན་ཀྱང་འདོད་པ་ཚིམས་པ་ཞིག་འབྲི་ཐུབ་མ་སོང༌། དུས་རབས་ཉེར་གཅིག་པའི་དུས་མགོར་སླར་ཡང་བོད་མངའ་མཛད་ཀྱི་སྐོར་ལ་ཉམས་ཞིབ་བྱེད་འདོད་ཡོད་པའི་མུར། ས་སྐྱའི་གདུང་རབས་ལ་ལྟ་ཞིབ་ནན་པོར་བྱས་པས། བོད་མངའ་མཛད་དང་ས་སྐྱའི་གདུང་རབས་དབར་འབྲེལ་བ་ཆེན་པོ་ཡོད་པའི་ཚོར་སྣང་བྱུང༌། དེར་བརྟེན་སྔ་ཕྱིར་དཔྱད་གཞི་མང་པོ་ཞིག་ལ་ཞིབ་འཇུག་བྱས་ནས་མངའ་མཛད་བཅུའི་ལོ་རྒྱུས་འབུར་དུ་བཏོན་ནས་དཔྱད་རྩོམ་མདོར་བསྡུས་ཤིག་བྱས་ཏེ། ཝཱ་ར་ཎཱ་སི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སྒྲོག་སྦྱངས་དང་བགྲོ་གླེང་བྱས། དེ་རྗེས་ཝཱ་ཎཱའི་དཔེ་མཛོད་ཁང་སོགས་ཀྱི་དཔེ་དེབ་གལ་ཆེར་འགའ་ཞིག་གསར་རྙེད་བྱུང་བ་ལ་བརྟེན་ནས་སྣོན་འཕྲི་གང་ཙམ་གྱིས་སྔར་བས་ཅུང་མཐུས་ཚང་བ་བྱས་ནས། ནོར་གླིང་བོད་ཀྱི་མཐོ་སློབ་ཏུ་རྒྱལ་རབས་ཁྲིད་སྐབས་སླར་ཡང་ལུང་རིགས་ཀྱིས་དཔྱད་ཞིབ་ནན་པོའི་ལུགས་སུ་བྱས་ནས་པར་བཤུས་ཁོ་བོའི་གྲོགས་ཀྱི་ཡང་རྩེ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་སུ་སྤྱན་སྟར་དང་འབྲེལ་ཁོང་གི་ལམ་སྟོན་བཞིན་ཞིབ་གཤེར་ནན་པོའི་ལུགས་སུ་བྱས་གཏན་ལ་ཕབ་པས། གཅིག་བྱས་བོད་མངའ་མཛད་སྐབས་ཀྱི་ལོ་རྒྱུས་བྱུང་རིམ་ཐད་དཔྱད་རྩོམ་འདི་ཉིད་ཁ་གསལ་ཤོས་དང་ཁུངས་བཙན་བཙན་ཤོས་དེ་ཡིན་སྲིད་སྙམ། མངའ་མཛད་ཐོག་མ་གང་ལས་བྱུང་བའི་ཁུངས།

རང་རེ་བོད་ཀྱི་ཕ་མེས་དང་ཡང་མེས་སྤྲ་དང་སྤྲེའི་གནས་བབ་རིམ་གྱིས་འགྱུར་བ་ཐེབས་ཏེ། འགྲོ་བ་མིའི་རྣམ་པར་གྱུར་ནས་གདུང་དྲུག་ལས་མཆེད་པའི་མི་རྒྱུད་རིམ་པར་འཕེལ་བ་ལས། སེ་ལས་བྱུས་ལེགས་བུ་བཞི་སྲིད། ། རྨུ་ལ་ཀོད་ལེ་ཕྲ་བརྒྱད་སྲིད། ། ལྡོང་ལས་རུས་ཆེན་བཅོ་བརྒྱད་སྲིད། ། སྟོང་ལས་རྗེ་བཞི་ཁོལ་བརྒྱད་སྲིད། །1 ཞེས་པ་ལྟར། སེ་ལས་བྱུས་ལེགས་བུ་བཞི་དང༌། རྨུ་ལས་ཀོད་ལེ་ཕྲ་བརྒྱད། ལྡོང་ལས་རུས་ཆེན་བཅོ་བརྒྱད། སྟོང་ལས་རྗེ་བཞི། ཁོལ་བརྒྱད་སོགས་སུ་གྱེས་པ་ནས། བོད་བཙན་པོ་གཉའ་ཁྲིས་དབང་བསྒྱུར་མ་བྱས་གོང་དུ་མངའ་མཛད་བཅུ་སོགས་ཀྱིས་དབང་བསྒྱུར་བྱས་པ་ཡིན་ཏེ། དང་པོ་གནོད་སྦྱིན་ནག་པོ། གཉིས་པ་རེ་ཏེ་མགོང་ཡགགསུམ་པ་སྲིན་པོ་གཉའ་རེངས་ཁྲག་མིགབཞི་པ་དམར་འཇམ་ལྷ། ལྔ་པ་རྨུ་རྒྱལ་ཁོ་རྗེ། དྲུག་པ་ཀྲོག་ཀྲོག་འདྲེ་ཏང་སྟེ། བདུན་པ་མ་སངས་སྤུན་དགུ། བརྒྱད་པ་ཀླུ། དགུ་པ་རྒྱལ་འགོང་ངམ་པོ་ཆེའམ་འགོངས་པོ་སྤུན་དགུ། བཅུ་པ་ཟ་རིད་སྐྱེས་དྲུག་སོགས་ཀྱིས་དབང་བསྒྱུར་བར་བཤད་དེ། དེ་དག་གི་ཁུངས་རྣམས་སྔོན་དུ་འགོད་ན། ལྡེའུ་ཆོས་འབྱུང་རྒྱས་པ2ལས། “དང་པོ་གནོད་སྦྱིན་ནག་པོ་ཞེས་བྱ་བ་བྱུང་སྟེ། ། ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་བྱ་བར་བཏགས། ། ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང༌། ། གཉིས་པ་རེ་སྡེ་མགོ་གཡག་བདུད་ཀྱིས་བྱས། ། ཡུལ་གྱི་མིང་ཡང་བདུད་ཡུལ་གླིང་དགུ་ཟེར། ། སྟ་རེ་དགྲ་སྟ་དུས་དེར་ལག་ཆར་བྱུང༌། ། གསུམ་པ་གཉའ་རིང་ཕྲག་མེད་སྲིན་གྱིས་བྱས། ། ཡུལ་གྱི་མིང་ཡང་ནག་པོ་དགུ་དུལ་ཟེར། ། ལག་ཆར་སྲིན་མོ་རྐང་དང་སྒྱོགས་གཉིས་བྱུང༌། ། བཞི་པ་དམར་འཇམ་ཞེས་བྱ་ལྷ་ཡིས་བྱས། ། ཡུལ་གྱི་མིང་ནི་ལྷ་ཡུལ་གུང་ཐང་ཟེར། ། ལག་ཆར་ཁ་ཊཾ་རྩེ་གསུམ་དེ་ནས་བྱུང༌། ། ལྔ་པ་ཀླུས་དབང་བྱས་ངམ་བྲང་ཅང་བྲང་ཟེར། ། ལག་ཆ་མདུང་ལ་བྱེད་པ་དེ་ནས་བྱུང༌། ། དྲུག་པ་འདྲེས་དབང་ལང་ཏང་ལིང་ཏང་ཟེར། ། ལག་ཆར་རྒྱུག་པ་ཀྱོག་ཅན་དེ་ནས་བྱུང༌། ། བདུན་པ་མ་སངས་རུ་དགུས་དབང་བྱས་ཏེ། ། ཡུལ་གྱི་མིང་ནི་བོད་ཁམས་གཡང་དྲུག་ཟེར། ། ལག་ཆར་དོང་རལ་ཕུབ་ཆུང་དེ་ནས་བྱུང༌། ། བརྒྱད་པ་ཀླུས་དབང་བྱས་བོད་ཁམས་གླིང་དགུར་བཏགས། ། དགུ་པ་མི་མ་ཡིན་གྱིས་དབང་བྱས་ཏེ། ། ཡུལ་གྱི་མིང་ནི་ངམ་ཡུལ་ནག་པོར་བཏགས། ། བཅུ་པ་ཟ་རིད་སྤུན་དྲུག་དག་གིས་དབང་བྱས་ཏེ། ། ཡུལ་གྱི་མིང་ལ་སྟོང་སྡེ་བཅོ་བརྒྱད་ཟེར། ། བཅུ་གཅིག་རྒྱལ་ཕྲན་བཅུ་གཉིས་དབང་བྱས་སྐད། ། ཀུན་གྱི་ཐ་མར་སིལ་མ་བཞི་བཅུ་བྱས། ། ཡུལ་གྱི་མིང་ནི་བཟང་ཡུལ་གྱད་དུ་བཏགས། །”ཞེས་བཤད། ཆོས་འབྱུང་མཁས་པའི་དགའ་སྟོན་3ལས། དང་པོར་གནོད་སྦྱིན་ནག་པོས་དབང་བྱས་ཏེ། ། ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། ། མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང༌། ། དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས། ། མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། ། སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང༌། ། དེ་ནས་སྲིན་པོ་གཉའ་རེངས་ཁྲག་མིག་བྱས། ། ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར། ། སྲིན་མོ་རྐང་དང་སྒྱོགས་གཉིས་ལག་ཆ་བྱུང༌། ། བཞི་པ་དམར་འཇམ་ལྷ་ཡིས་དབང་བྱས་ཏེ། ། ལྷ་ཡུལ་གུང་ཐང་ལག་ཆར་ཆུ་གྲི་བྱུང༌། ། ལྔ་པར་རྨུ་རྒྱལ་ཁོ་རྗེ་ཞེས་བྱས་བཟུངས། ། ད་ཕྲང་ཅང་ཕྲང་ལག་ཆར་ཞགས་པ་འཕེན། ། དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ། ། ལང་ཏང་ལིང་དང་བར་ཁ་འུར་རྡོ་འཕེན། ། བདུན་པ་མ་སངས་སྤུན་དགུས་དབང་བྱས་ཏེ། ། ཡུལ་གྱི་མིང་ནི་བོད་ཁ་ཉ་དྲུག་ཟེར། ། ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང༌། ། བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུ་བཏགས། ། དགུ་པ་རྒྱལ་པོས་དབང་བྱས་ངམ་པོ་ཅེ། ། བཅུ་པ་འགོང་པོ་སྤུན་དགུས་དབང་བྱས་ཏེ། ། ཡུལ་གྱི་མིང་ཡང་སྟོང་སྡེ་བཅོ་བརྒྱད་ཟེར། ། ཞེས་དང༌། རྒྱལ་པོའི་བཀའི་ཐང་ཡིག་4ལས་ཀྱང༌། བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ། ། སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང༌། ། དང་པོར་གནོད་སྦྱིན་ནག་པོས་དབང་བྱས་ཏེ། ། ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས། ། སྔ་རྟགས་གཉེན་པོ་བཙན་པོ་དེ་ནས་བྱུང༌། ། དེ་ནས་བདུད་དང་སྲིན་པོས་དབང་བྱས་ཏེ། ། མིང་ཡང་ལྷ་འདྲེ་གཉིས་ཀྱི་ཡུལ་དུ་བཏགས། ། སྔ་རྟགས་ཤ་ཟ་གདོང་པ་དམར་བ་བྱུང༌། ། དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ། ། ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུ་བཏགས། ། སྔ་རྟགས་དཀར་བུ་ཆུ་ལ་སྤྱོད་པ་བྱུང༌། ། དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ། ། ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས། ། སྔ་རྟགས་མདའ་མདུང་མཚོན་ཆ་དེ་ནས་བྱུང༌། ། ཞེས་དང༌། གཡུང་དྲུང་བོན་གྱི་གཞུང་གླེང་གཞི་བསྟན་པའི་འབྱུང་ཁུངས་5ལས། གཉིས་པ་ས་ཚིགས་དབུས་ནི་བོད་ཡུལ་ན་ཡོད་པས། གངས་ཏི་སེ་དང་མཚོ་མ་ཕམ་གཉིས་ཡིན་པར་ཞི་ཁྲོ་རྩ་འགྲེལ་ལས་གསུངས་སོ། ། དེ་ལ་འོ་སྐོར་བོད་ཀྱི་རྒྱལ་ཁམས་འདི་ཡང༌། དང་པོ་གནོད་སྦྱིན་གྱིས་དབང་བགྱིས་ཏེ། ཡུལ་གྱི་མིང་ནི། ཁ་རག་སྒོ་དགུ་བཏགས་སོ། ། དེའི་དུས་སུ་བདུད་བོན་ཁ་སྟེ་འགྲིང་ཡུག་བྱུང་སྟེ། བདུད་ཀྱི་གོང་ན་གཤེན་གཉན་པ་ལགས། བདུད་རོ་རོང་རྩོལ་པ་ལ་སོགས་པས་བཀུར་བསྟི་བོན་ལ་བྱས་པ་ལགས། དེ་ནས་སྲིན་པོས་དབང་བགྱིས་ཏེ། ཡུལ་གྱི་མིང་ཡང་སྲིན་ཡུལ་བྲག་ཚལ་གླིང་དགུ་བཏགས་སོ། ། དེའི་དེ་སྲིན་བོན་བདུད་བོན་འདུལ་བོན་གཤེན་པོ་མུས་པའི་རྫི་ཕྱུར་བྱུང་བ་ལ། སྲིན་སྐྱ་རེངས་འཕྲག་མེད་ལ་སོགས་པས་བཀུར་བསྟི་བོན་ལ་བགྱིས་ཏེ། སྲིན་གོང་ན་བོན་གཉན་པ་ལགས་སོ། ། དེ་ནས་ཀླུས་དབང་བགྱིས་ཏེ། ཡུལ་གྱི་མིང་ཡང་ཀླུ་ཡུལ་ན་ར་སིང་སྔོན་དུ་བཏགས་སོ། ། དུས་དེར་ཀླུ་བོན་དབྱར་སྙན་གྱིམ་བུ་བྱུང་སྟེ། ཀླུ་གཙུག་ཕུད་དང་དུན་ཙེ་ལ་སོགས་པས་བཀུར་བསྟི་བོན་ལ་བགྱིས་ཏེ། ཀླུའི་གོང་ན་གཤེན་རབ་གཉན་པ་ལགས་སོ། ། དེ་ནས་མ་སངས་ཀྱིས་དབང་བགྱིས་ཏེ། ཡུལ་གྱི་མིང་ཡང་བོད་ཀ་གཡག་དྲུག་ཏུ་བཏགས་སོ། ། དེའི་དུས་སུ་གཉན་བོན་ཐོག་ལྷ་ཁྲོལ་བ་དང༌། གཉན་གསུམ་ཐོད་དེ་རྒྱལ་བ་ལ་སོགས་པ་བྱུང་ནས་མ་སངས་མཆེད་དྲུག་ལ་སོགས་པས་བཀུར་བསྟི་བོན་ལ་བགྱིས་ཏེ། མ་སངས་ཀྱི་གོང་ན་གཤེན་རབ་གཉན་རབ་གཉན་པ་ལགས་སོ། ། དེ་ནས་ཟ་རང་གི་བུ་བྱེད་སྐྱེས་དྲུག་གིས་དབང་བགྱིས་ཏེ། ཡུལ་གྱི་མིང་ཡང་བྱེས་ཡུལ་དབྱེ་ཆེན་སྡེ་བརྒྱད་དུ་བཏགས་སོ། ། དེའི་དུས་སུ་སྡེ་བོད་བྱེད་མཁས་བཙན་པ་བྱུང༌། སྐྱེས་སུ་རྩོལ་བོ་ལེགས་པས་བཀུར་བསྟི་བོན་ལ་བགྱིས་ཏེ། དེའི་གོང་ན་བོན་དང་གཤེན་གཉན་པ་ལགས་སོ། ། དེ་ནས་སིལ་མ་བཅུ་གཉིས་ཀྱིས་དབང་གྱིས་བྱས་ཏེ། ཡུལ་གྱི་མིང་ཡང་ཧིས་པོ་ཁ་བརྒྱད་བྱ་བ་ལགས་སོ། ། དེའི་དུས་སུ་བོན་ཐོད་དཀར་བྱུུང་སྟེ། རྒྱལ་གྱིས་བཀུར་བསྟི་བོན་ལ་བགྱིས་ཏེ། རྒྱལ་གོང་ན་བོན་དང་གཤེན་གཉན་པ་ལགས་སོ། ། ཞེས་གསུང་སྟེ། གོང་གསལ་ཡིག་ཆ་དེ་དག་ལས་མངའ་མཛད་བཅུ་དང་དྲུག་གི་ཁྱད་ཙམ་ལས། བྱུང་ཚུལ་གྱི་གོ་རིམ་དང་སྐབས་དེ་དང་དེ་དག་ཏུ་མཚོན་ཆ་གང་ཞིག་སྤྱོད་པ་དང༌། ཡུལ་གྱི་མིང་ལ་གང་ཞིག་འདོགས་པ་སོགས་ཀྱང་ཕལ་ཆེར་མཐུན་པར་སྣང་ཤིང༌། བོད་ཀྱི་མི་རྒྱུད་རིམ་པར་བྱུང་བ་དེ་དག་གི་ཁྲོད་དུ་རྒྱལ་ཕྲན་བཅུ་གཉིས་དང༌། སིལ་མ་བཞི་བཅུའགའ་ཞིག་ཏུ་ཞེ་གཉིས་ཞེས་པའང་སྣང་གྱེས་ཏེ། རུ་སྡེ་སོ་སོས་རང་འཚམས་ས་ཁུལ་བཅད་བཟུང་བྱས་ནས་ཕན་ཚུན་རྩྭ་ས་ཆུ་རྩོད་ཀྱིས་མཐར་འོ་ལྡེ་སྤུ་རྒྱལ་གྱིས་བོད་ཁམས་གཅིག་གྱུར་མ་བྱས་བར་དུ་རྒྱལ་ཕྲན་ཕན་ཚུན་འཁྲུག་ཅིང་རྩོད་པ་རྒྱུན་མར་བྱུང་བ་ཡིན་ཏེ། ལྡེའུ་ཆོས་འབྱུང་རྒྱས་པ་6ལས། “དེ་ནས་གློ་བུར་རྒྱལ་པོའི་བྱོན་ལུགས་ནི། ། མཚན་ནི་གཉའ་ཁྲི་བཙན་པོ་ཞེས་སུ་གྲགས། ། མ་བྱོན་གོང་ནས་དབང་མཛད་བཅུ་གཉིས་རྣམས། ། རིམ་པར་བྱུང་བས་ཕྱོགས་བཞིའི་དགྲ་མ་ཐུལ། ། ཞེས་དང༌། ཏུན་ཧོང་ཡིག་ཆར7། གནའ་ཡུལ་ཡུལ་ན་རྒྱལ་ཕྲན་དང་བློན་པོ་འདི་ལྟར་བབ་སྟེ། མྱི་མང་གི་རྗེ་ཡུལ་ཆེའི་བདག་བྱེད་བྱེད་པ་ལས་རྒྱལ་པོ་བཙན་པ་དང་བློན་པོ་མཛངས་པ་དགུ་ཆེ་བ་རྣམས་ཀྱིས་གཅིག་ཤེས་གཅིག་བརླག་སྟེ་འབངས་སུ་བཀུག་ན། མཐར་འོ་སྡེ་སྤུ་རྒྱལ་གྱི་དབུ་རྨོག་མ་ཐོབ། མར་ནི་ལྷ་ནར་གྱིས་མནརད། ཐུན་ནི་རྗེ་ཐུན་གྱིས་བཐུན་ཏེ་བཐུག་གོ། ཞེས་པ་འདིས་ཤེས་ནུས་སོ། །


མངའ་མཛད་དང་པོ། གནོད་སྦྱིན་ནག་པོས་དབང་བྱས་ཚུལ།

མཁས་པའི་དགའ་སྟོན་ལས། དང་པོར་གནོད་སྦྱིན་ནག་པོས་དབང་བྱས་ཏེ། ། ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། ། མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང༌། ། ཞེས་དང༌། ལྡེའུ་ཆོས་འབྱུང་ལས། དང་པོ་གནོད་སྦྱིན་ནག་པོ་ཞེས་བྱ་བ་བྱུང་སྟེ། ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་བྱ་བར་བཏགས། ། ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང༌། ། ཞེས་དང༌། རྒྱལ་པོ་བཀའ་ཐང་ལས། དང་པོར་གནོད་སྦྱིན་ནག་པོས་དབང་བྱས་ཏེ། ། ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས། ། སྔ་རྟགས་གཉེན་པོ་བཙན་པོ་དེ་ནས་བྱུང༌། ། ཞེས་གསུངས། གཡུང་དྲུང་བོན་གྱི་གཞུང་གླིང་བཞི་བསྟན་པའི་འབྱུང་ཁུངས་ལས། དེ་ལ་འོ་སྐོར་བོད་ཀྱི་རྒྱལ་ཁམས་འདི་ཡང༌། དང་པོ་གནོད་སྦྱིན་གྱིས་དབང་བགྱིས་ཏེ། ཡུལ་གྱི་མིང་ནི། ཁ་རག་སྒོ་དགུ་བཏགས་སོ། ། དེའི་དུས་སུ་བདུད་བོན་ཁ་སྟེ་འགྲིང་ཡུག་བྱུང་སྟེ། བདུད་ཀྱི་གོང་ན་གཤེན་གཉན་པ་ལགས། བདུད་རོ་རོང་རྩོལ་པ་ལ་སོགས་པས་བཀུར་བསྟི་བོན་ལ་བྱས་པ་ལགས། ཞེས་འབྱུང༌། བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་8གསལ་བ་ལྟར་ན། བོད་ཀྱི་ཡུལ་འདི་ཆེས་སྔ་མོའི་དུས་སུ་མི་མ་ཡིན་རྣམས་ཀྱིས་དབང་སྒྱུར་བྱ་ཡུལ་ལམ་གནས་ཡུལ་ཞིག་ཡིན་པར་བཤད། དེ་ནི་བསྐལ་པ་ཡར་ཐོག་གི་སྐབས་བོད་ཡུལ་འདིར་འཛམ་གླིང་ན་སྙན་གྲགས་ཆེ་ལ་འཇིགས་སྣང་བྱེད་དགོས་པའི་རྒྱལ་ཐོག་འགའ་བྱུང་ཡོད་པ་སྟེ། གནོད་སྦྱིན་ནག་པོ། བདུད་པོ་རེ་ཏི་མགོ་ཡགསྲིན་པོ་གཉའ་རེངས་ཁྲག་མིག། ཀྲོག་ཀྲོག་འདྲེའི་རྒྱལ་པོ་ཟེར་བ་སོགས་རྒྱལ་རབས་མང་པོ་ཞིག་གི་རིང་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་སོགས་གང་ཅིར་སྲོང་བཙན་གྱི་སྐབས་ལྟར་དར་རྒྱས་ཧ་ཅང་ཆེ་ལ། ལྷག་པར་དམག་དོན་གྱི་ཐད་ཟིལ་ཤུགས་ཆེ་བས་སུས་ཀྱང་འཐབ་པའི་ཡ་བོར་མ་འཕེར་ཏེ། ཐམས་ཅད་དངངསཤིང་སྐྲག་ནས་གནོད་སྦྱིན་དང༌། བདུད་དང༌། སྲིན་པོ་སོགས་སུ་བཏགས་ཏེ་་མི་མ་ཡིན་གྱི་གྲས་སུ་བརྩིས། ཚན་རིག་པ་ཁ་ཤས་ཀྱིས་9གནོད་སྦྱིན་ནག་པོ་ནི་ཚོ་པ་ཆུང་ཆུངཞིག་གི་དཔོན་པོ་འདྲ་ཞེས་བཤད་པ་ཡང་མི་བདེན་ཏེ། དེ་ལྟར་ན་གནོད་སྦྱིན་ནི་རྒྱ་གར་བས་མིའི་ཚད་ལས་བརྒལ་བའི་སྟོབས་ཤུགས་ཅན་ཞིག་ཏུ་བརྩི་དགོས་དོན་མེད། དཔེར་ན། ལྷའི་གདོན་རྣམས་དང༌། ནས། གནོད་སྦྱིན་གྱི་གདོན་རྣམས་དང་10། ཞེས་དང༌། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། ། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་11། ། ཞེས་པ་ལྟར་གྱི་བང་རིམ་བསྒྲིགས་ནས་འཇིག་རྟེན་ན་སྟོབས་ཆེ་ཤོས་ནི་ལྷ་དང༌། དེ་ནས་ཀླུ། དེ་ནས་གནོད་སྦྱིན་བཞག་པར་སྣང་ཞིང༌། དེ་འདྲའི་གནོད་སྦྱིན་དེ་ནི་གཞན་སུ་ཡང་མིན་པར་བོད་ཁོ་ན་ཡིན་ཏེ། གནོད་སྦྱིན་ནི་བྱང་ཕྱོགས་སུ་ཡོད་པར་བཤད་ལ་དེ་ཡང་རྒྱ་གར་ནས་རྩིས་པ་དང༌། གནོད་སྦྱིན་ཕྱོགས་ནི་བྱང་ཕྱོགས་ཀྱི་མངོན་བརྗོད་ཀྱང་12ཡིན། གནོད་སྦྱིན་དེ་དག་ལ་སྒོ་ཕྱུགས་གནག་ལུག་མང་པོ་ཡོད་པར་མཐོང་ནས་ནོར་ལྷ་ཡིན་པར་བསམ་སྟེ་མཚམས་རེ་རྒྱ་གར་བས་གནོད་སྦྱིན་ནི་ནོར་ལྷའི་གྲལ་དུའང་བཞག་མྱོང་ཡོད་པ་13དང༌། ཁྱད་མཚར་བ་ཞིག་ལ་རྒྱ་གར་བས་གནམ་གྱི་དགུ་ཚིགས་ནི་གནོད་སྦྱིན་གྱི་ཁ་རླངས་རེད་14ཅེས་ཟེར། གྲང་ངར་གྱི་ནང་དུ་ཁ་རླངས་ནི་དགུ་ཚིགས་ཀྱི་མདོག་ལྟར་ཡོད་པས་བོད་ས་མཐོའི་གྲང་ངར་གྱི་ནང་ནས་གནོད་སྦྱིན་མང་པོས་དུས་གཅིག་ཏུ་ཁ་རླངས་བཏང་བ་དགུ་ཚིགས་སུ་འགྱུར་གྱི་ཡོད་པ་རེད་བསམས་ནས་གནོད་སྦྱིན་གྱི་སྟོབས་ཤུགས་ལ་སྐྲག་སྣང་བྱེད། ཡང༌། གནོད་སྦྱིན་ལག་ན་དབྱུག་པ་ཐོགས། ། ནོར་སྐྱོང་གདོན་གྱི་བདག་པོ་སྟེ། ། བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། ། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ15། ། ཞེས་ནོར་སྐྱོང་སྟེ་རྫི་བོའི་སྐད་དུའང་འབོད་ལ། མཆོད་པ་དང་བསྟོད་པ་དང་ཕྱག་འཚལ་བ་སོགས་བྱེད་དོ། ། གནོད་སྦྱིན་ནག་པོ་ཞེས་པ་ནི་སྦྲ་ནག་པོའི་ནང་བསྡད་པས་སམ། དོམ་ནག་གི་པགས་པའི་ང་ཁོ་གྱོན་པའམ་དེ་སྐབས་རེ་ལྡེའི་གོས་ཀྱང་གྱོན་སྲོལ་ཡོད་པས་ནག་པོའི་སྒྲ་སྦྱར་བ་ཡིན་གྱི། བོད་ཀྱི་ས་ལས་བརྒལ་ཏེ་སོང་ན་གནོད་སྦྱིན་གྱི་གྲིབ་མ་ཙམ་ཡང་རྙེད་མི་ཐུབ། ད་དུང་གནའ་བོའི་བོད་ལ་རྟ་ཧ་ཅང་འབེལ་པོ་ཡོད་ཅིང་དམག་དཔུང་ཐམས་ཅད་རྟ་དམག་ཡིན་པ་དང༌། དེ་བཞིན་གནའ་བོའི་རྒྱ་ནག་པས་ཐོན་སྐྱེད་གཙོ་བོ་གླང་ལ་བརྟེན་པ་དང༌། རྒྱ་གར་ལྷོ་ཕྱོགས་སུ་མ་ཧེ་ལ་བརྟེན་པས། ཤར་ཕྱོགས་བརྒྱ་སྦྱིན་གླང་ལ་ཆིབས། ། ལྷོ་ཕྱོགས་གཤིན་རྗེ་མ་ཧེར་ཆིབས། ། བྱང་ཕྱོགས་གནོད་སྦྱིན་རྟ་ལ་ཆིབས། ། ཞེས་ཀྱང་གསུངས་སྣང༌། གནོད་སྦྱིན་ནག་པོ་ཞེས་པ་ནི་མིང་འདོག་ལས་འོས་མེད་པས། མིང་དངོས་ནི་རྣམ་ཐོས་ལྟ་བུ་ཡིན་ཆོག་ལ། དེའི་བུ་ལ་རྣམ་ཐོས་ཀྱི་བུ་དང་རྣམ་ཐོས་ཀྱི་སྲས་ཞེས་བཤད་དམ་སྙམ་སྟེ། རྣམ་ཐོས་ཀྱི་བུ་ནི་གནོད་སྦྱིན་གྱི་དཔོན་ནམ་རྒྱལ་པོ་ཡིན་པར་བཤད་16པའི་ཕྱིར་རོ། ། རྒྱལ་རྩེ་རྫོང་ཁོངས་ན་གནོད་སྦྱིན་གངས་བཟང་ཞེས་པའི་གངས་རི་མཐོ་ཚད་ཕི་ཀྲི་7140ལྷག་ཡོད་པ་དེ་གནོད་སྦྱིན་རྟ་བདག་བརྒྱད་ཀྱི་ནང་ནས་གནོད་སྦྱིན་གངས་བཟང་ཡིན་ཀྱང་ཟེར་མོད། སྐབས་དེར་རྒྱལ་ས་གངས་རི་དེའི་ཞོལ་ཞིག་ཏུ་ཡོད་དམ་སྙམ་སྟེ། རི་དེའི་མིང་གིས་བྱས་པའི་གནོད་སྦྱིན་དང༌། གངས་བཟང་གི་བཟང་གིས་བརྡས་དྲངས་ནས་ཇི་ཙམ་ཁྱབ་པའི་མངའ་ཁོངས་ལ་བཟང་ཡུལ་ཞེས་ཐོགས་སམ་སྙམ་སྟེ་དཔྱད་པར་བྱ་བའི་གནས་སོ། ། ཡང་མཁས་པ་འགའ་ཞིག་གིས་སྟོད་མངའ་རིས་ཀྱི་ཟངས་དཀར་ལ་ངོས་འཛིན་བྱེད་པའང་སྣང་ཞིང༌། མངའ་མཛད་ཕྱི་མ་འགའ་ཞིག་རྒྱལ་ས་ལྟར་བ་ཕལ་ཆེ་བ་མངའ་རིས་ཕྱོགས་སུ་ཡིན་པར་བལྟས་ན་ཟངས་དཀར་ལ་ངོས་འཛིན་གནང་བ་ཡང་རྒྱུ་མཚན་ཆེ་བ་སྙམ། རྒྱ་གར་གྱི་སྙན་ངག་པ་ནག་མོ་ཁོལ་གྱི་སྤྲིན་གྱི་ཕོ་ཉ་ལས། འབངས་མི་ཞིག་གནོད་སྦྱིན་གྱི་བཀའ་ཆད་ཕོག་ནས་བྱང་ཕྱོགས་ནས་ལྷོ་ཕྱོགས་ར་མའི་རི་བོར་རྒྱངས་འབུད་བྱས་ཚུལ་ལས་མགོ་རྩོམ་པའི་གནོད་སྦྱིན་ཡང་རྒྱ་གར་ནས་རྩིས་པའི་བྱང་ཕྱོགས་བོད་ཀྱི་མངའ་མཛད་གནོད་སྦྱིན་ནག་པོ་ལ་གོ་བའི་བབ་ཧ་ཅང་ཉེ་བ་སེམས་ཏེ། དེ་སྔོན་ཕྲན་གྱིས་འདི་ཡང་བོད་ནས་ཡིན་སྲིད་སྙམ་ཚུལ་བྲིས་མོད། འདི་ཝཱ་ཎའི་པཎ་ཌི་ཊ་མཁས་པ་འགའ་ཞིག་ལ་གཏུགས་འདྲི་ཞུས་པས། འདིའི་བྱང་ཕྱོགས་ནི་དེང་སང་གི་ཀ་ཤིསྨིར་གྱི་ཡུལ་རེད། ཅེས་གསུངས་ཤིང༌། སྙན་ཚིག་དེའི་འགྲེལ་བའི་ནང་དུའང་ཀཤིསྨིར་རང་འབྱུངས་བས། ཅིས་ཀྱང་ཁོ་ཚོ་རྒྱུས་ཆེ་བས་འདིའི་བྱང་ཕྱོགས་ནི་བོད་པ་མིན་པ་འདྲ། གནོད་སྦྱིན་ནག་པོའི་རྒྱལ་རྒྱུད་ཀྱིས་སྲིད་དབང་རིང་མཐར་ཇི་ཙམ་གནས་ཡོད་མེད་ཤོད་པར་དཀའ་ཡང༌། ཉུང་མཐར་ལོ་ངོ་བརྒྱ་ཕྲག་ཁ་ཤས་གནས་པར་དཔོག་ཐུབ་སྟེ། ཡུད་ཙམ་ཞིག་གིས་གནོད་སྦྱིན་ཞེས་ཧ་ཅང་སྐད་གྲགས་ཆེན་པོ་དེ་ལྟ་བུར་འབྱུང་བ་དཀའ་བའི་ཕྱིར་རོ། །

མངའ་མཛད་གཉིས་པ། བདུད་རེ་ཏེ་མགོ་གཡག་གིས་དབང་བྱས་ཚུལ།

མཁས་པའི་དགའ་སྟོན་ལས། དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས། ། མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། ། སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང༌། ། ཞེས་དང༌། མཁས་པ་ལྡེའུ་ཆོས་འབྱུང་ལས། དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས། ། མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། ། སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང༌། ། ཞེས་དང༌། རྒྱལ་པོའི་བཀའ་ཐང་ལས། དེ་ནས་བདུད་དང་སྲིན་པོས་དབང་བྱས་ཏེ། ། མིང་ཡང་ལྷ་འདྲེ་གཉིས་ཀྱི་ཡུལ་དུ་བཏགས། ། ཞེས་བདུད་དང་སྲིན་པོ་གཉིས་སྡེབ་སྦྱོར་མཉམ་སྒྲིག་བྱས་ནས་གསུངས་འདུག བོན་གྱི་གླིང་བཞི་བསྟན་པའི་འབྱུང་ཁུངས་ལས་མངའ་མཛད་འདི་ཉིད་མི་གསལ། དེ་ཡང༌། གནོད་སྦྱིན་ནག་པོའི་རྒྱལ་རྒྱུད་ཀྱི་སྲིད་དབང་ཉམས་པ་ན། སླར་ཡང་འཛམ་གླིང་ན་དེ་ལས་ཀྱང་སྙན་གྲགས་ཆེ་བའི་རྒྱལ་ཁབ་ཅིག་བྱུང་བར་རྒྱལ་པོའི་མིང་ལ་རེ་ཏི་མགོ་ཡག་དང༌། སྲས་མོའི་མིང་ལ་དྲི་ལྡན་མ་ཞེས་ཟེར། རྒྱལ་པོ་དེ་ལ་ལྷག་པར་མཚོན་ཆ་དགྲ་སྟ། ཐོ་རིལ། སྟ་རེ་ཡུ་རིང་སོགས་ཐོགས་པའི་དམག་གི་དཔུང་ཆེན་པོ་ལུས་ལ་རེ་ལྡེའི་གོས་དང༌། མགོ་དང་མཚོན་ཆའི་སྐེད་པར་བལ་དང་རྔ་མ་ལ་ཙག་བྱུགས་པས་བརྒྱན་ཏེ་རྔམས་ཟིལ་ཆེ་ལ་དམར་ཟིང་ངེ་བ་ཞིག་ཡོད་དེ། དེང་སང་ཡང་རྒྱ་དཀར་ནག་སོགས་ཀྱིས་བདུད་ཀྱི་ལྟད་མོ་འཁྲབ་དུས་གྱོན་པ་ནག་པོ། དགྲ་སྟ་ཐོགས་པ་དམར་ཟིང་ངེ་བ་ཞིག་བྱེད་སྲོལ་ཡོད་པ་ཡང་སྔར་བོད་ཀྱི་བདུད་དམག་དེ་དག་གི་ཆ་ལུགས་ལའང་སྐྲག་ཐག་ཆོད་པའི་བག་ཆགས་ཀྱི་ལྷག་མ་ད་དུང་ལུས་པ་ཞིག་ལོས་ཡིན་སྙམ། ཡང་ན་རེ་ཏི་མགོ་ཡག་ནི། གནོད་སྦྱིན་ནག་པོའི་མངའ་ཁོངས་ཀྱི་ཚོ་པ་ཞིག་གམ་བློན་པོ་ཞིག་ཡིན་ལ། རང་གི་རྒྱལ་པོ་ལ་ངོ་ལོག་བརྒྱབ་ནས་སྲས་མོ་དྲི་ལྡན་མའི་དཔུང་གིས་ཡང་ཡང་དམག་འཁྲུག་བསླངས་པ་ལ་བརྟེན་ནས་སྲིད་དབང་ཐོབ་པ་ཞིག་ཡིན་ནམ་ཡང་སྙམ་སྟེ། འདིའི་སྲས་མོ་དང་གནོད་སྦྱིན་ཀྱི་རྒྱལ་པོ་གཉིས་དམག་འཁྲུག་བྱས་པའི་ལོ་རྒྱུས་ཤིག་ཀྱང་ཡོད་འདུག་པའི་ཕྱིར་རོ། ། འདི་དག་དམག་འཁྲུག་བྱས་པའི་གཏམ་རྒྱུད་རིག་བྱེད་ཀྱི་སྒྲུང་འདྲ་པོ་ཞིག་བླ་མ་འགའི་ཞལ་ལས་ཐོས་མྱོང་ཡང་མཐོང་མ་མྱོང༌། གལ་སྲིད་དེ་འདྲ་ཞིག་མཐོང་ན་བོད་ཀྱི་གནའ་བོའི་ལོ་རྒྱུས་ལ་དཔྱད་གཞིའི་རིན་ཐང་འགངས་ཆེར་ལྡན་ཡོད་པར་ཐེ་ཚོམ་མེད། གང་ལྟར་འཛམ་གླིང་འདིའི་ཐོག་ལྷོ་འདུལ་བྱང་འཐབ་ཀྱི་དམག་འཁྲུག་ཐམས་ཅད་ནང་སུས་ཀྱང་འགྲན་ཟླ་མེད་པས་ཀུན་གྱིས་རྦད་དེ་བདུད་དུ་རྩིས་ནས་འཐབ་པའི་རེ་བ་ལྟ་བཞག་མིང་ཙམ་ཐོས་པས་སྐྲག་སྣང་བྱེད་དགོས་པ་ཞིག་ཏུ་གྱུར། ལྷག་པར་སྲས་མོ་དྲི་ལྡན་མས་དམག་དཔོན་བྱས་ནས་འཛམ་གླིང་ཤར་ནུབ་ཀུན་ཏུ་དམག་བཀྱེས་ཏེ། འཐབ་ན་མི་རྒྱལ་བ་མེད་པའི་རྒྱལ་ཁ་བསྟུད་མར་བླངས་པས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་སྟེ་དམག་ཟོར་རྒྱལ་མོ་ཞེས་པའི་མཚན་གསོལ། འཆར་ཡན་གྱི་རྟོག་པའི་བག་ཆགས་ཤུགས་ཆེར་ལྡན་ཞིང༌། ལྷ་འདྲེ་གདོན་བགེགས་རྣམས་ནི་འཇིགས་སྐྲག་གི་བསམ་བློས་ཕར་བཏགས་པ་ཞིག་མིན་པར་ཚུགས་ཐུབ་ལིང་ངེ་བ་ཞིག་འཛིན་པ་དག་གིས་དམོད་པ་དང་ཁྲེལ་རྒོད་སོགས་བྱེད་སྲིད་མོད། ལེགས་པར་བསམས་ན་བསྐལ་པ་ཡ་ཐོག་གི་བུད་མེད་གྲགས་ཅན་ཐམས་ཅད་ཀྱི་ཆེ་བ་ལྷ་མོ་འདིའི་སྟེང་དུ་བསྡུས་ནས་བཤད་ཡོད་པ་སྟེ། ལྷ་ཡུལ་ན་གྲགས་ཆེ་བ་བརྒྱ་སྦྱིན་གྱི་བུ་མོ་ཡིད་འོང་མ་དང༌། གཙུག་ནའི་བུ་མོ་ནོར་འཛིན་མ། གནོད་སྦྱིན་ལ་གྲགས་ཆེ་བ་གནོད་སྦྱིན་གངས་བཟང་གི་བུ་མོ་གཟི་ལེགས་མ་དང༌། རྒྱ་གར་ཡུལ་ན་མ་མོ་ཝ་ཤམ་ཀུ་རུ་མ། རྒྱ་ནག་ཡུལ་ན་རྒྱ་མོ་སྔོན་མོ་མགྲིན་བཟང་མ། བོད་ཀྱི་ཡུལ་ན་མ་གཅིག་དཔལ་ལྡན་ཨ་ཕྱི་མ་སོགས་སྐྱེ་བ་སྔ་ཕྱི་དུ་མ་བཞེས་ཚུལ་དང་འབྲེལ་ནས་ཆོས་ལུགས་པ་དག་གིས་བསྟོད་པ་རྩོམ་པའང་18མང་མོད། བདུད་རེ་སྡེ་མགོ་གཡག་གི་བུ་མོ་དྲི་ལྡན་མའི་གནས་ཡུལ་ནི། ཇི་སྐད་དུ་རྗེ་དགེ་འདུན་རྒྱ་མཚོས19། འདི་ནས་བྱང་ཤར་མཚམས་ཕྱེད་ནས། ། རྩྭ་ཆུ་ཤིང་སོགས་མེད་པ་ཡི། ། ལུང་མང་བརྒལ་བའི་ཕ་རོལ་ན། ། བྱང་རི་དམར་པོ་རྔམས་ཤིང་འགྱིངས། ། བྱང་ལམ་དམང་པོ་གྱ་མ་གྱི། ། གཅན་གཟན་མང་པོ་མདུར་རྒྱུག་བྱེད། ། འདྲེ་བྱ་སྣ་ཚོགས་སླད་སྒྲོག་ཅིང༌། ། གནམ་ལྕགས་སེར་ཆེན་ཤ་ར་ར། ། དུང་གི་བུ་ཡུག་ཆིལ་ལི་ལི། ། མི་ལེ་དུང་གི་མཚོ་ནང་ན། ། ཞེས་པ་འདི་དག་ཀྱང༌། རྒྱ་གར་རྡོ་རྡེ་གདན་ནས་རྩིས་པའི་བྱང་ཤར་དུ། ལ་ལུང་རི་བྲག་མང་པོ་བརྒལ་བའི་ཕ་རོལ་དབྱར་དུས་ཐོག་སེར་རྒོད་ཅིང་དགུན་དུས་ཁ་བ་བུ་ཡུག་འཚུབ་པའི་ཞིང་ཁམས། ད་ལྟའི་རྒྱལ་དུ་ཡོངས་གྲགས་སུ་ལྷ་མོའི་བླ་མཚོ་ཞེས་པ་འདི་ཉིད་ཁོ་ནར་ངེས་ཤིང༌། མི་རོ་རྟ་རོ་བཅལ་དུ་བཀྲམས། ། མི་ཁག་རྟ་ཁྲག་མཚོ་རུ་འཁྱིལ། ། མ་མོ་འབུམ་དང་ཤ་ཟ་སྟོང༌། ། ཁྲག་འཐུང་བྱེ་བའི་ཚོགས་འཁོར་རྒྱས20། ། ཞེས་པའང་ཤ་ཁྲག་ཟོས་སུ་བྱེད་ཅིང་མི་བསད་ཁྲག་སྦྱོར་ལ་འབུ་སྲིན་གསོད་པའི་རྩིས་སུ་མི་གཏོང་པའི་འཁོར་འབངས་འབུམ་ཕྲག་དུ་མ་ཡོད་པ་དང༌། དེ་ཡང་སྐྱེས་པ་ཕོ་གཅིག་པོ་མིན་པར་མི་གསོད་ཁྲག་སྦྱོར་གྱི་ལས་ལ་ཞུགས་མཁན་ནག་དམག་ཀྱང་འབུམ་ཕྲག་དུ་མ་ཡོད་པ་ཤེས་ཐུབ་སྙམ། བསེ་མཁར་སྨུག་པོ་གྲུ་བཞི་པ། ། ཞེས་པ་ནས་རྨང་གཞི་ནག་པོ་ལྕགས་ལས་བྱས། ། ཞེས་པ་འདིས་སྐབས་དེ་ནས་རྡོ་ནག་གི་རྨང་གཞི་བྱས་པའི་སྟེང་དུ་ཀ་ར་དགུ་ལྡན་གྱི་སྦྲ་ནག་གྲུ་བཞི་པ། ཟུར་བཞི་ལ་ཚལ་གྱི་རྩི་བྱུགས་པ། ཁ་བད་ལ་ས་སེར་གྱི་རྩི་བྱུགས་པའི་ནང་དུ་སྡོད་གནས་བྱས་པ་འདྲ་སྟེ། རྗེ་དགེ་འདུན་རྒྱ་མཚོས21། བདུད་ལ་དབང་བསྒྱུར་བདུད་མོ་དཔལ་འབར་མ། ། རེ་ཏེ་མགོ་གཡག་བུ་མི་དྲི་ལྡན་མ། ། བདུད་མཁར་རྩེ་དགུའི་གནས་ཀྱི་གཙོ་མོ་སྟེ། ། ཞེས་པ་དང་ཡང་འབྱོར་བ་སྣང་ངོ༌། ། རྨང་གཞི་ནག་པོ་ལྕགས་ཞེས་པའང་རྡོ་ནག་ཙམ་ལ་གོ་དགོས་པ་སྙམ། གཞལ་ཡས་དེ་ཡི་ནང་ཚོད་ན། ། མ་མོ་ཀུན་གྱི་རྒྱལ་མོ་བཞུགས། ། ཞེས་པ་འདིས་བདུད་རྒྱལ་ཡབ་སྲས་བཞུགས་ཡུལ་གྱི་རྒྱལ་ས་ལྟེ་བའང་དེ་བ་རང་ལ་ཡིན་སྲིད་སྙམ། མདོར་ན་སྲས་མོ་འདིའི་དམག་གི་སྟོབས་ཤུགས་ལ་བརྟེན་ནས་གནོད་སྦྱིན་ནག་པོའི་རྒྱལ་སྲིད་ལ་མཚོན་ཆ་དང་དམག་འཁྲུགས་ཀྱིས་བཞི་ཤད་བཏབ་སྟེ། སྲིད་ཀྱི་ཇུས་ཡོངས་རྫོགས་བདུད་རེ་ཏེ་མགོ་གཡག་གིས་བཟུང༌། ས་ཞིང་སོ་ནམ་དང་ཐོན་སྐྱོད་འཛུག་བསྐྲུན་དམིགས་བསལ་བ་གང་ཡང་མེད་པས། ཟས་སུ་ཤ་ཁྲག་ཁོ་ན་ལ་རོལ། གོས་སུ་རི་སྐྱེས་སྲོག་ཆགས་ཀྱི་པགས་རིགས་གོན། ལས་སུ་མི་གསོད་ཁྲག་སྦྱོར་ཁོ་ན་ལ་གོམས་པས། རིགས་ལ་བདུད་ཀྱི་རིགས་དང༌། ཡུལ་གྱི་མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས་པར་སེམས་སོ། ། རེ་ཏེ་མགོ་གཡག་གི་རྗེས་སུ་མུ་མཐུད་རང་གི་བུ་མོ་དྲི་ལྡན་མས་སྲིད་སྐྱོང༌། འདིས་དབང་བསྒྱུར་བྱས་པའི་མཐའ་མཇུག་ཏུ་རང་གི་བློན་པོའི་གྲས་ནས་སྲིན་པོ་མཉའ་རེངས་ཁྲག་མེད་ཀྱིས་གྱེན་ལངས་དམག་འཐབ་བྱས་ཏེ། རྒྱལ་སྲིད་ལ་ཕམ་ཉེས་བཏང༌། བདུད་ཀྱི་ཇུས་ཡོངས་སུ་ཤོར་ཏེ་མཐར་རེ་ཏི་མགོ་གཡག་གི་སྲས་མོ་དྲི་ལྡན་མ་རང་ཉིད་ཀྱང་སྲིན་པོས་གསོན་བཟུང་ཐོག་བཙོན་འཇུག་བྱས། རྗེ་དགེ་འདུན་རྒྱ་མཚོས22། སྲིན་པོའི་གཙོ་མོ་མཛད་ཙ་ན། ། ཞབས་ལ་ལྕགས་སྒྲོགས་རྒྱན་དུ་བྱས། ། ཞེས་པ་ཡང་དོན་ལ་སྲིན་པོས་བཙོན་དུ་བཟུང་ནས་རྐང་ལག་ལ་ལྕགས་སྒྲོགས་བརྒྱབ་པ་ཞིག་ཡིན་ཡང༌། སྲིན་པོའི་གཙོ་མོ་མཛད་ཙ་ན། ། ཞེས་རབ་བཏགས་ཀྱིས་བསྟོད་པ་ཡིན་ནམ་སྙམ།


གསུམ་པ། སྲིན་པོ་གཉའ་རེངས་ཁྲགམེད་ཀྱིས་དབང་བྱས་ཚུལ།

ཁ23དེ་ནས་སྲིན་པོ་གཉའ་རེངས་ཁྲག་མེད་བྱས། ། ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར། ། སྲིན་མོ་རྐང་དང་སྒྱོགས་གཉིས་ལག་ཆ་བྱུང༌། །

ད24གསུམ་པ་གཉའ་རིང་ཕྲག་མེད་སྲིན་གྱིས་བྱས། ། ཡུལ་གྱི་མིང་ཡང་ནག་པོ་དགུ་དུལ་ཟེར། ། ལག་ཆར་སྲིན་མོ་རྐང་དང་སྒྱོགས་གཉིས་བྱུང༌། ། བོན་གྱི་ཤེལ་བྲག་མའི་གཏེར་བོན་ལས25། དེ་ནས་སྲིན་པོས་དབང་བགྱིས་ཏེ། ཡུལ་གྱི་མིང་ཡང་སྲིན་ཡུལ་བྲག་ཚལ་གླིང་དགུ་བཏགས་སོ། ། དེའི་དེ་སྲིན་བོན་བདུད་བོན་འདུལ་བོན་གཤེན་པོ་མུས་པའི་རྫི་ཕྱུར་བྱུང་བ་ལ། སྲིན་སྐྱ་རེངས་འཕྲག་མེད་ལ་སོགས་པས་བཀུར་བསྟི་བོན་ལ་བགྱིས་ཏེ། སྲིན་གོང་ན་བོན་གཉན་པ་ལགས་སོ། ། ཞེས་འབྱུང༌། གསུམ་པ་སྲིན་པོ་གཉའ་རེངས་ཁྲག་མེད་ཀྱིས་དབང་བྱས་ཚུལ་ནི། བདུད་རེ་སྡེ་མགོ་གཡག་གི་ཆབ་སྲིད་ཀྱི་ཇུས་ཐ་མ་དེ་རང་གི་བློན་པོ་སྲིན་པོ་གཉའ་རིངས་ཁྲག་མེད་ལ་ཤོར། དེ་ཡང་སྲིན་པོ་ནི་ཤ་ཁྲག་ལ་རོལ་བའི་སྲོག་ཆགས་ཆུང་ངུའི་རིགས་ལ་སྲིན་འབུ་ཟེར་ཞིང་ཆེན་པོའི་རིགས་ལ་སྲིན་པོ་ཞེས་དོན་གྱིས་ཐོབ་པར་སེམས། རང་རེ་ལྷ་འདྲེ་ལ་གོམས་པ་ཆེས་པ་ཕལ་བོ་ཆེས་སྲིན་པོ་ཟེར་དུས་ཁ་གདངས་པ། མཆེ་བ་བཙིགས་པ། མདོག་ནག་པ། མིག་དམར་བ། སྙིང་རྗེ་མེད་པ། མིའི་སྲོག་དབུགས་ལེན་མཁན་གྱི་གཟུགས་མེད་གདོན་འདྲེ་འདྲ་བ་ཞིག་རྟོག་པའི་འཆར་སྒོ་ན་ཁྲ་ལྷམ་མེར་ཤར་སྲིད་མོད། མཆིམས་ནམ་མཁའ་གྲགས་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་26ལས། སྲིན་པོ་ནི་མིའི་བྱེ་བྲག་ཏུ་གསུངས་ཤིང༌། མིའི་བྱེ་བྲག་ཇི་ལྟ་བུ་ཞིག་ལ་གོ་སྙམ་ན། ཟས་སུ་ཤ་རྗེན་ཟ་བ། གོས་སུ་པགས་རིགས་གྱོན་པ། ལས་སུ་སྲོག་གཅོད་ལ་གོམས་པ། གདོང་གི་མདོག་དམར་བ། སྐད་ཀྱི་གདངས་མཛེར་བ། མཚན་མོ་འགྲོ་བ་ལ་མི་མཛེར་པ་བཅས་ཡིན་ལ། ཆོ་ག་འགའ་ཞིག་གི་ནང་དུ27། སྲིན་པོ་ཤ་རྗེན་ཟ་བ་དང༌། ། ལྗོན་ཤིང་གན་པ་སོགས་གནས་དང༌། ། ཞེས་སྲིན་པོ་ནི་ཟས་སུ་ཤ་རྗེན་པ་ཟ་མཁན་ཞིག་ཡིན་པ་བསྟན་འདུག་པ་ལྟར། རང་རེའི་མེས་པོ་སྔ་མ་དེ་ཚོའི་སྐབས་ས་ཞིང་སོ་ནམ་གྱི་ཐོན་སྐྱེད་མ་དར་བ་དང་རང་བྱུང་ཤིང་འབྲས་སོགས་ཀྱང་དབྱར་དགུན་ལ་ལྟོས་ཤིང་སྤྱོད་མཁན་མང་བས་འདང་ཐབས་མེད་སྟབས། ཤ་ཁྲག་མི་སྤྱོད་ཐབས་མེད་ཡིན་ལ། སྐབས་དེར་མེ་ཡི་བེད་སྤྱོད་ཀྱང་གཏོང་ཤེས་པའི་ལག་རྩལ་མེད་སྟབས་ཤ་རྗེན་ཟ་སྲོལ་བྱུང་བ་ལ་རྒྱུ་མཚན་ཤིན་ཏུ་ལྡན་ཏེ། དེའི་བག་ཆགས་ནི་ད་ལྟའི་བར་རང་རེ་བོད་དུ་དར་སྣང་བ་འདིས་ཀྱང་བདེན་དཔང་བྱེད་དོ་སྙམ། ཤ་ཁྲག་རྗེན་པ་ཟ་འཐུང་བྱས་པ་ལས་གདོང་རིས་དམར་པོ་ཆགས་པ་ཡང་དོན་དང་མཐུན་པ་ཡིན་པས་རང་རེ་ལ་ཐང་ཡིག་སོགས་སུ་”སྲིན་པོ་གདོང་དམར”28ཞེས་བྲིས་འདུག་པ་འདིས་ཀྱང་གནའ་བོའི་དུས་ནས་བོད་ལ་སྲིན་པོ་ཞེས་འབོད་སྲོལ་བྱུང་ཡོད་པའི་བདེན་དཔང་བྱེད་ནུས་སྙམ། ཡང་”སྲིན་པོ་ལ་འབོད་སྒྲོག”29ཞེས་སྔོན་གྱི་འཕགས་བོད་མཁས་པའི་གསུང་རྩོམ་དུ་མའི་ནང་གསལ་བ་ལྟར། སྐབས་དེར་རང་རེ་ཡབ་མེས་པོ་ཚོ་འཚོ་སྡོད་བྱེད་སའི་རི་བྲག་སྤང་ཐང་གང་སར་སྐབས་འགར་ཇག་ཚོགས་དང་རྐུ་མ་འོང་བ་དང༌། གཅན་གཟན་རི་དྭགས་འཚེ་བ་ཅན་དུ་མ་ཚོ་བའི་ནང་ཐོལ་བྱུང་གིས་འཛུལ་བ་སོགས་བྱུང་དུས། ཚོ་བ་དེར་གནས་སྡོད་བྱེད་མཁན་ཚོས་ཉེན་ཁ་དེ་ལས་སྐྱོབ་ཆེད་ཉེ་འགྲམ་གྱི་ཚོ་བ་གཞན་དང་གཞན་གྱིས་གོ་བའི་སླད། ཨ་ཧི་ཧི་དང་ཀི་ཧི་ཧི་ཞེས་འབོད་སྐད་ཆེན་པོ་སྒྲོག་སྲོལ་དར་བས། འབོད་སྒྲོག་ཅེས་ཟེར་སྲོལ་བྱུང་འདུག་པའང་དོན་ལ་ཤིན་ཏུ་འབྱོར། མཁས་པ་དོན་གྲུབ་རྒྱལ་གྱིས་ཀྱང་30རང་རེ་ལ་བོད་ཅེས་བཏགས་པའི་རྒྱུ་མཚན་ཐད་འགྲེལ་བཤད་དེ་ག་རང་གསུངས་འདུག་པ་དང་ཡང་མཐུན་པ་སྙམ། ད་དུང་མངོན་བརྗོད་རྣམས་སུ་སྲིན་པོ་ལ་མཚན་མོར་རྒྱུ་བ་ཞེས་སུ་བཏགས་འདུག་པའང་བོད་ལ་མཚན་འགྲུལ་གྱི་ལུགས་སྲོལ་ཤས་ཆེ་བ་དང༌། ལྷག་པར་མཚན་མོར་འབོད་སྐད་སྒྲོག་ཚུལ་བཤད་པ་ནི་དེ་བས་ཀྱང་དོན་ལ་འབྱོར་ཏེ། རྐུན་ཇག་དང་གཅན་གཟན་བཏུམ་པོ་དག་མཚན་མོར་ཡོང་པ་ཆོས་ཉིད་ཡིན་ལ། སྐབས་དེ་དང་བསྟུན་ནས་ཉེན་སྐྱོབ་ཀྱི་འབོད་སྐད་ཆེན་པོ་རྒྱག་སྲོལ་ཡོད་པ་ནི་བཤད་ག་ལ་དགོས། དེས་ན་སྔོན་གྱི་མཁས་པ་ཚོས་བྲིས་པའི་སྲིན་པོའི་མཚན་ཉིད་དང་ཁྱད་ཆོས་ཕལ་བོ་ཆེ་རང་རེའི་སྔོན་གྱི་ཡབ་མེས་ཚོར་ལྡན་པས། སྲིན་པོས་དབང་བྱས་ཞེས་པའང་རང་རེའི་ཡབ་མེས་ཀྱི་ཚོ་བ་གཅིག་གིས་ཡུལ་ལུང་དབང་བསྒྱུར་བྱས་པ་རང་ལས་གཞན་དུ་གོ་ས་གང་ཡང་མེད། སྲིན་པོ་ནག་པོ་དགུ་ཡུལ་གྱི་གནས་ཡུལ་གཙོ་བོ་ནི། འབྲི་གུང་གདན་རབས་སོ་བཞི་པ་ཆུང་ཚང་ཆོས་ཀྱི་བློ་གྲོས་ཀྱིས31། གྲོང་ཁྱེར་སུམ་བརྩེགས་སམ་པུ་རི་ཁའི་གྲོང་ཁྱེར་ཞེས། སྔོན་སྲིན་པོ་ལང་ཀའི་རྒྱལ་པོ་མགྲིན་བཅུ་པའི་གནས་ཀྱང་མངའ་རིས་སྐོར་གསུམ་གྱི་ནང་ཚན་པུར་རང་འདི་ཡིན་པར་ལུང་རིགས་གཉིས་ཀྱིས་བསྒྲུབས་འདུག་པར་བལྟས་ན། སྔོན་གྱི་མཁས་པ་མང་པོའི་གསུང་རྩོམ་ནང་སྲིན་པོའི་གནས་ཞེས་ཡང་དང་ཡང་དུ་འབྱུང་བའི་ཁུངས་ནི་བོད་རང་ཡིན་པ་འདྲ་ཞིང༌། སྲིན་པོའི་གནས་ལྷོ་ནུབ་ཏུ་ཡིན་པར་བཤད་པ་ཡང༌། བོད་ཀྱི་རིག་གཞུང་གི་འབྱུང་ཁུངས་དང་པོ་ཞང་ཞུང་ལྟེ་བར་བྱས་ནས་རྩིས་པ་ཡིན་ནམ་ཡང་སྙམ་སྟེ། གཡུང་དྲུང་བོན་གྱི་གཞུང་གླེང་གཞི་བསྟན་པའི་འབྱུང་ཁུངས་32ལས། ས་ཚིགས་དབུས་ནི་བོད་ཡུལ་ན་ཡོད་པས། གངས་ཏི་སེ་དང་མཚོ་མ་ཕམ་གཉིས་ཡིན་པར་ཞི་ཁྲོ་རྩ་འགྲེལ་33ལས་གསུངས་སོ། ། ཞེས་གསུངས་པ་འདི་དང་མཐུན་པ་སྣང་ངོ༌། ། གཞན་རྡོ་རྗེ་གདན་ནས་རྩིས་པའི་ལྷོ་ནུབ་ཨོ་རྒྱན་སོགས་སྲིན་ཡུལ་དུ་ངོས་བཟུང་ཚུལ་ཡང་ཡོད་མོད། དགེ་འདུན་ཆོས་འཕེལ་གྱི་གནས་ཡིག་34ཏུ། ཨོ་རྒྱན་ཡུལ་དུ་རིག་སྔགས་གྲུབ་པའི་རྟོགས་ལྡན་ཡོད་རབས་ལས། རི་ཐམས་ཅད་རུས་པའི་བསྲེ་མཁར་དང༌། ཆུ་ཐམས་ཅད་ཁྲག་གི་རླབས་རྒྱུན་འཕྱོ་བའི་སྲིན་ཡུལ་ཞིག་མཐོང་རྒྱུ་མེད་ལུགས་བཤད་འདུག་པ་འདིས་ཀྱང་རྗེ་འབྲི་གུང་ཆུང་ཚང་པའི་གསུང་ལ་བདེན་ཁ་བྱིན་འདུག་སྙམ། ད་དུང་དེ་བས་ཁ་གསལ་བའི་དཔང་རྟགས་ཤིག་ལ། དེང་སང་གི་པུ་རངས་སུ་སྲིན་པོ་གཉའ་རེངས་ཁྲག་མེད་བསད་པའི་དུར་ས་དང༌། དེའི་ཉེ་འགྲམ་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཕུག་ཀྱང་ཡོད་འདུགདེའི་སྐོར་ངའི་གྲོགས་པོ་ཨ་ཚོགས་བསྟན་འཛིན་འཇམ་དབྱངས་35དེ་སྔོན་ས་གནས་དེ་ནས་རྒྱ་གར་དུ་ཕེབས་འདུག་པ་ཁོང་གིས་གསུང་དོན། 1990ལོར་ཁོ་བོ་གངས་ཏི་སེ་བརྒྱུད་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བའི་ལམ་ཞོར་དུ། གནས་མཆོག་པྲེ་ཏ་པུ་རི་ལ་གནས་མཇལ་དུ་སོང་བ་ཡིན། དེ་གར་སློབ་དཔོན་པདྨའི་སྒྲུབ་ཁང་དང་རྒྱལ་བ་རྒོད་ཚང་བའི་སྒྲུབ་ཕུག་གཉིས་ལ་མཇལ་ས་འདུགསྒྲུབ་ཕུག་བདག་གཉེར་བས། ལུང་ཁུག་བྱེ་གཞོངས་དེར་ས་དམར་རི་བརྒྱུད་ཆུང་ངུ་ཞིག་མར་ལུང་དཀྱུས་སུ་འཐེན་བཞིན་པ་དེར་འཛུབ་བཙུགས་གནང་སྟེ། ཕ་གི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་འདུལ་གནང་མཛད་པའི་སྲིན་པོ་གཉའ་རི་ཕྲག་མེད་ཀྱི་བམ་རོ་སྦས་པའི་དུར་ས་རེད་ཅེས་གནས་བཤད་མཛད་ཀྱི་འདུགཅེས་གསུངས་པ་ནི། སྲིན་པོ་གཉའ་རིངས་ཁྲག་མེད་སློབ་དཔོན་པདྨས་འདུལ་མིན་ཇི་ལྟར་ཡང་ཡུལ་དེར་གནའ་སྔ་མོ་ནས་སྲིན་པོ་གཉའ་རིངས་ཁྲག་མེད་ཀྱི་དུས་ས་ཞེས་པ་ཞིག་ཡོད་པ་དེ་ཉིད་མི་དངོས་པོས་མཐོང་ཞིང་ས་གནས་ས་ཐོག་དེ་ག་རང་གིས་འགྲེལ་བཤད་རྒྱག་པ་ཞིག་ཡིན་པས། དཔྱད་གཞིའི་རིམ་ཐང་ངེས་ཅན་ལྡན་པའི་བདེན་དཔང་ཞིག་ཏུ་བརྩི་རུང་ངོ་སྙམ། དེས་ན་སྲིན་པོས་དབང་བྱས་ཞེས་པ་ནི། རང་རེའི་ཡབ་མེས་ཀྱི་ཚོ་བ་གཅིག་གིས་བོད་ལ་དབང་བསྒྱུར་བྱས་པའི་དོན་དུ་གོ་དགོས་ལ། ཚོ་བ་དེ་ཉིད་ཀྱི་འཚོ་སྡོད་བྱེད་ས་ཡང་འབྲི་གུང་ཆུང་ཚང་པས་གསུང་ལྟར་སྟོད་མངའ་རིས་པུ་རང་དུ་ཡིན་ངེས། ཚོ་བ་དེས་དང་ཐོག་སྟོབས་འབྱོར་ཀྱི་གནས་ཚོད་ངེས་ཅན་ཞིག་འཕེལ་རྒྱས་བྱུང་བ་ན། རང་གི་རྗེ་བོ་བདུད་རེ་ལྡེ་མགོ་གཡག་གི་སྲིད་གཞུང་ལ་གྱེན་ལོག་དམག་འཐབ་བྱས་པའི་མཐའ་མཇུག་གི་རྒྱལ་ཁ་རང་ཉིད་ཀྱིས་ཐོབ་པར་མ་ཟད། བདུད་ཀྱི་སྲིད་འཛིན་དྲི་ལྡན་མ་གསན་བཟུང་གིས་རྐང་ལག་ལ་ལྕགས་སྒྲོག་སྐོན་ནས་བཙོན་འཇུག་བྱས་ཚུལ་གོང་དུ་གསལ་བ་ལྟར་ལགས་སོ། ། སྐབས་དེར་རང་རེའི་ཡུལ་ལ་ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར་ཚུལ་དང༌། མཚོན་ཆ་སྲིན་མོ་རྐང་དང་སྒྱོགས་གཉིས་ལག་ཆ་བྱུང་ཚུལ་བཤད་པ་དེ་དག་གང་དང་གང་ཡིན་ཞེ་ན། དབང་མཛད་གོང་མའི་སྐབས་ཀྱི་མདུང་དང་ཁ་ཊཾ་སོགས་ཡོད་པ་སྨོས་མེད་ཐོག། རྐང་དུང་སོགས་རུས་པ་ལ་རྣོ་ཕྱུངས་ནས་མདུང་རྩེར་བསྒར་བ་དང་རྡོ་སྒྱོགས་བཅས་ནས་རི་དྭགས་གསད་ཐབས་དང་ཇག་རྐུན་འགོག་སྲུང་བྱེད་པའི་ལག་རྩལ་ཡང་དར་བ་ཡིན་ནོ་སྙམ།

བཞི་པ། དམར་འཇམ་ལྷ་ཡིས་དབང་བྱས་ཚུལ། ཁ བཞི་པ་དམར་འཇམ་ལྷ་ཡིས་དབང་བྱས་ཏེ། ། ལྷ་ཡུལ་གུང་ཐང་ལག་ཆར་ཆུ་གྲི་བྱུང༌། ། 36 དབཞི་པ་དམར་འཇམ་ཞེས་བྱ་ལྷ་ཡིས་བྱས། ། ཡུལ་གྱི་མིང་ནི་ལྷ་ཡུལ་གུང་ཐང་ཟེར། ། ལག་ཆར་ཁ་ཊཾ་རྩེ་གསུམ་དེ་ནས་བྱུང༌། ། 37

ཞེས་འབྱུང༌། རྒྱལ་པོའི་བཀའ་ཡི་ཐང་ཡིག་ནང་ལྷ་ཡིས་དབང་བསྒྱུར་བྱས་ཚུལ་མི་གསལ་ཡང་བདུད་དང་སྲིན་པོས་དབང་བསྒྱུར་བྱས་པའི་སྐབསཡུལ་གྱི་མིང་ལ་ལྷ་འདྲེ་གཉིས་སུ་གྲགས་ཚུལ་གསུངས་འདུག་པ་འདིའི་རྒྱབ་ཏུ་དཔྱོད་པ་རགས་ཙམ་བྱས་ན། ཤུགས་བསྟན་དུ་ལྷས་དབང་བསྒྱུར་བྱས་སྐབས་ལྷ་ཡུལ་དུ་གྲགས་ཚུལ་གོ་བ་ལེན་མི་འོས་པའི་ངོས་པ་མི་འདུག་སྟེ། མཁས་པ་ལྡེའུ་དང་གཙུག་ཕྲེང་གཉིས་ཀས་སྐབས་དེའི་ཡུལ་གྱི་མིང་ལ་ལྷ་ཡུལ་གུང་ཐང་དུ་བཏགས་ཚུལ་བཤད་པ་དང་སྒོ་མཐུན་པས་སོ། ། དམར་འཇམ་ལྷས་བོད་དབང་བསྒྱུར་བྱས་པ་འདི་སྲིན་པོ་གཉའ་རིང་ཁྲག་མེད་ཀྱི་རྗེས་སུ་ཡིན་པ་ལྡེའུ་དང་གཙུག་ཕྲེང་གཉིས་ཀའི་མགྲིན་གཅིག་དབྱངས་གཅིག་གིས་བཤད་པ་དང༌། ས་སྐྱའི་གདུང་རབས་ཡ་རབས་ཁ་རྒྱན་མཁས་པའི་དབང་པོ་ངོར་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་ལས། གདུང་གི་ཐོག་མ་འོད་གསལ་ལྷ་ཡུལ་དུ། ། སྤྱི་རིང་གཡུ་རིང་གཡུ་སེ་མཆེད་གསུམ་བྱོན། ། གཡུ་སེས་མི་རྗེ་མཛད་ནས་སྲས་བཞི་བསྐྲུན། ། དེ་ཡི་གྲོགས་སུ་གཅེན་པོ་གཡུ་རིང་བྱོན། ། 38ཞེས་དང༌། དེའི་ཐད་ཀྱི་བདག་ཆེན་པ་ཨ་མེས་པའི་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ལས། 39ས་སྐྱའི་རུས་ནི་བོད་ཀྱི་རུས་ཆེན་བཞི་དང༌། མིའུ་རིགས་དྲུག་ཏུ་གྲགས་པ་སོགས་ལས་ཆད་པ་མ་ཡིན་གྱིས། གདུང་རུས་གཙང་མ་ལྷ་ནས་བབས་པ་ཡིན་ཏེ། དེ་ཡང་ངེས་པའི་དོན་དུ་འཇམ་པའི་དབྱངས་ཉིད་གདུལ་བྱ་གཞན་གྱི་ངོར་འོད་གསལ་གྱི་ལྷ་ཡི་རུས་སུ་སྤྲུལ་པ་ནི། གནམ་ལྷ་སྤྱི་རིང་གཡུ་རིང་གཡུ་སེ་སྟེ་མཆེད་གསུམ་དུ་གྲགས་པ་མི་ཡུལ་བབས་པ་ལ་མིའི་རྗེ་ཞུས་པས། གནམ་ལྷ་ཆུང་བ་གཡུ་སེས་མི་རྗེ་མཛད་པས། སྲས་སེ་བྱི་ལི་སྤུན་བཞིར་གྲགས་པ་བྱུང༌། དེ་དག་དང་ལྡོང་གི་རུས་ཆེན་བཅོ་བརྒྱད་འཐབ། དེའི་གྲོགས་ལ་གནམ་ལྷ་བར་བ་གཡུ་རིང་བྱུང་ནས་ལྡོང་རུས་རྣམས་བཏུལ་ནས་བྲན་ཏུ་བྱས། ཞེས་འབྱུང་བས། དེས་ན་དམར་འཇམ་ལྷ་ཞེས་པ་ནི་འཁོན་རིགས་ཐོག་མ་གང་ལས་ཆད་པ་འོད་གསལ་ལྷ་ཡི་རུས་གནམ་ལྷ་སྤྱི་རིང་དང༌། གཡུ་རིང༌། གཡུ་སེ་ཟེར་བ་མཆེད་གསུམ་མི་ཡུལ་གྱི་འཇིག་རྟེན་དུ་བབས་པར། གང་དུ་བབས་པའི་མི་ཡུལ་གྱི་ས་ཁུལ་དེ་དག་གིས་རྗེ་བོར་བསྐུར་བས་བུ་སྤུན་གསུམ་ལས་ཆུང་བ་གཡུ་སེ་ཡིས་ས་གནས་དེ་ཡི་མི་རྗེ་མཛད། གནམ་ལྷའི་རུས་ལས་ཆད་པ་དེ་དག་གིས་ཐོག་མ་རང་ཉིད་གང་དུ་འཚོ་སྡོད་བྱེད་ས་ལྷ་ཡུལ་གུང་ཐང་གི་ས་ཁུལ་དབང་བསྒྱུར་བྱས། ལྡོང་གི་རུས་ཆེན་བཅོ་བརྒྱད་དང་འཐབ་ནས་དེ་དག་ཕམ་པར་བྱས། དེའི་ཁེངས་པ་དང་སྟོབས་ལ་བརྟེན་ནས་སྲིན་པོ་གཉའ་རིང་ཁྲག་མེད་ལ་ཁྲལ་མི་འཇལ་ཁྲིམས་མི་ཁུར་བས་ལྷ་དང་སྲིན་པོ་འཁོན་འཛིན་ཤོར། ཕན་ཚུན་དམག་འཐབ་བྱས་མཐར་སྲིན་པོ་གཉའ་རིང་ཁྲག་མེད་བསད། དེའི་ཆུང་མ་གཡའ་འབྲུམ་སི་ལི་མ་འཕྲོག་ནས་རང་གི་ཆུང་མར་བསྟེན་པར་བཤད་དེ། ས་སྐྱའི་གདུང་རབས་ཡ་རབས་ཁ་རྒྱན་ལས། 40 གང་དེས་སྲིན་པོ་སྐྱ་རེངས་ཁྲག་མེད་ནི། ། བསད་ནས་ཆུང་མ་གཡའ་འབྲུ་སི་ལི་མ། ། ཕྲོགས་ཏེ་ཉིད་ཀྱི་ཁབ་ཏུ་བཞེས་པ་ལས། ། སྲས་གཅིག་བྱུང་བ་འཁོན་པར་སྐྱེས་ཞེས་གྲགས། ། ཞེས་དང༌། དེའི་ཐད་ཀྱི་ངོ་མཚར་བང་མཛོད་ལས། 41གཡའ་སྤང་སྐྱེས་ཞེས་གྲགས་པའི་དཔའ་བོ་ཆེན་པོ་དེས། སྲིན་པོ་སྐྱ་རེངས་ཁྲག་མེད་ཅེས་བྱ་བ་ལ་ཆུང་མ་གཡའ་འབྲུ་སི་ལི་མ་ཞེས་བྱ་བ་ཤིན་ཏུ་མཚར་བ་ཞིག་ཡོད་པས། སྲིན་པོ་དང་འཐབ་རེས་བྱས། ཁྱོ་བསད། ཆུང་མ་ཁབ་ཏུ་བཞེས། ལྷ་དང་སྲིན་པོ་འཁོན་པའི་བར་དུ་བྱུང་བས་ལྷ་ཕྲུག་འཁོན་པ་སྐྱེས་སུ་བཏགས་ཞེས་གསུངས། མཁས་པ་ལྡེའུ་དང་གཙུག་ཕྲེང་གཉིས་མགྲིན་གཅིག་ཏུ་སྲིན་པོ་གཉའ་རེངས་ཁྲག་མེད་ཀྱི་རྗེས་སུ་དམར་འཇམ་ལྷ་ཡིས་བཟུང་ཚུལ་བཤད་པ་དང༌། ས་སྐྱའི་གདུང་རབས་ལས་ལྷ་རིགས་ཀྱིས་སྲིན་པོ་སྐྱ་རེངས་ཁྲག་མེད་བསད་ཚུལ་བཤད་པའི་བར་མི་ཐོག་སྒྲིག་གཏང་གི་བང་རིམ་སྔ་ཕྱི་ཅུང་ཟད་མི་འདྲ་བ་འདུག་པ་ལས་གཞན་མིང་དང་བཅས་པ་གཅིག་མཚུངས་སུ་འདུག་པས་གཅིག་བྱས་ན་མངའ་མཛད་སྔ་ཕྱི་སྒྲིག་སྟངས་ཐད་ས་སྐྱའི་གདུང་རབས་ལས་འབྱུང་བ་ལྟར་འཐད་པའང་སྲིད་དོ། ། ད་དུང་ཅིས་ཀྱང་དཔྱད་པ་བྱ་དགོས། དམར་འཇམ་ལྷ་ཡིས་སྲིད་དབང་བཟུང་ས་ལྟེ་བ་ལྷ་ཡུལ་གུང་ཐང་ཞེས་པ་ཡང་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ལས། 42གངས་རིའི་ཕྲེང་བ་ཆེན་པཽའི་ནང་ན་ཤིན་ཏུ་མཛེས་ཤིང་མཐོ་བ་ཤེལ་ཆ་རྒྱ་མོའི་གངས་སུ་གྲགས་པ་དང༌། གཡའ་སྤང་གི་ལྷོ་འགྲམ་ན་ས་སྐྱ་བའི་བླ་མ་མཚོ་ཡང་ཡོད་དོ། ཐོག་མ་འོད་གསལ་གྱི་ལྷ་མི་ཡུལ་དུ་བབ་པའི་ཚེ་ཡང་ཤེལ་ཚ་རྒྱ་མོའི་གངས་དེ་ཉིད་ཀྱི་རྩེ་མོར་བབས་པ་ཡིན་ཅེས། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གསུང་རྒྱུན་བདག་གི་བླ་མ་འཇམ་དབྱངས་སྐུ་མཆེད་ལས་དངོས་སུ་ཐོས་སོ། ། ཞེས་རང་ལུགས་བཞག་རྗེས། གདན་རབས་པ་ཁག་ཅིག43ཡུལ་མཐོ་ཞིང་གཙང་མ་མངའ་རིས་སྟོད་ཀྱི་ས་ཡི་ཆར་བབས་པར་བཤད་དོ། ཞེས་གཞན་ལུགས་བཤད་པ་དང༌། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ཡུལ་གྱི་མིང་ཡང་ལྷ་ཡུལ་གུང་ཐང་ཟེར། ། ཞེས་མངའ་རིས་གུང་ཐང་ཡིན་པ་བཤད་པ་གཉིས་ཆུ་ལ་ཆུ་བཞག་པ་ལྟར་གྱུར་འདུག་ལ། མངའ་རིས་ཀྱི་ཡུལ་དུ་སྔར་མ་ཟད་དུས་ཕྱིས་སུའང་གཡུང་དྲུང་བོན་གྱི་རིང་ལུགས་སུ་ལྷ་ཡུལ་རང་དུ་ངོས་འཛིན་བྱས་འདུག་ལ། རྒྱ་གར་བས་ཀྱང་ལྷའི་གཙོ་བོ་དབང་ཕྱུག་གི་ཡུལ་རང་དུ་ངོས་འཛིན་བྱས་འདུག་པ་བཅས་ལ་བརྟེན་ནས། ལྷ་ཡུལ་ནས་ཆད་ཚུལ་བཤད་པ་དང་ཡང་ཐུན་མོང་སྣང་ངོར་སྟོད་མངའ་རིས་ནས་འཚར་བའི་ཕོ་རྒོད་སྤུན་གསུམ་གྱིས་མངའ་རིས་ས་ཁུལ་དབང་བསྒྱུར་བྱས་རྗེས་རིམ་པར་བཞིན་སྲིན་པོ་གཉའ་རེངས་ཁྲག་མེད་ཀྱང་བསད་ནས་མངའ་རིས་དང་དབུས་གཙང་ཁུལ་ཕལ་ཆེར་དབང་བསྒྱུར་བྱས་པ་ཡིན་སྲིད་སྙམ། ད་དུང་འབྲུ་གུང་ཆུང་ཚང་པས། མངའ་རིས་པུ་རང་གི་ས་ཁུལ་སྲིན་ཡུལ་དུ་བཤད་པ་དང༌། རཱ་མ་ཡ་ནས་སྲིན་པོ་ལ་དམག་བྱས་ཚུལ་གྲགས་ཆེ་བ་ཡང་གཡའ་སྤང་སྐྱེས་ཀྱིས་མངའ་རིས་གུང་ཐང་ནས་སྲིན་པོ་གཉའ་རེངས་ཁྲག་མེད་ཀྱི་རྒྱལ་ས་པུ་རང་ལ་དམག་བྱས་ནས་བསད་པ་དང་འབྱོར་ཞིང༌། དགའ་བྱེད་རཱ་མ་ན་ཡང་ས་སྐྱའི་མཁས་པ་ངག་ཆོས་ཀྱིས། 44གྲོང་ཁྱེར་གསུམ་བརྩེགས་འཇིགས་བྱེད་པ། ། ཞེས་པའི་ཚིག་ལ་བརྟེན་ནས་དཔལ་མགོན་གུར་དུ་ངོས་འཛིན་གནང་འདུག་པ་དང༌། དཔལ་ལྡན་ས་སྐྱ་བས་དགོན་པོ་ཆེན་ཆུང་སྲུང་མའི་གཙོ་བོར་བསྟེན་པ་བཅས་ལ་བརྟགས་ཤིང་དཔྱད་ན། དཔལ་ལྡན་ས་སྐྱ་བའི་གདུང་རུས་གང་ལས་ཆད་པ་ལྷ་རུས་འཁོན་པ་གཡའ་སྤང་སྐྱེས་ཉིད་དགའ་བྱེད་རཱ་མ་ནའམ་དཔལ་ལྡན་གུར་དང་གཅིག་པ་མ་ཡིན་པའི་ངེས་པའང་མི་འདུག་སྙམ། གྲོང་ཁྱེར་སུམ་བརྩེགས་ཞེས་པའང་དེང་སང་གི་པུ་རང་འདི་ཉིད་ཁོ་ན་ངོས་འཛིན་བྱས་ན། འབྲུ་གུང་དང་ངག་ཆོས་གཉིས་ཀའི་དགོངས་པ་དང་ཉེ་བར་སྣང་སྟེ་ད་དུང་ཞིབ་ཏུ་དཔྱད་པར་བྱ་འོས་སྙམ། འདི་དག་ཕན་ཚུན་དམག་འཐབ་བྱེད་པའི་སྐབས་སྔར་ཡོད་དགྲ་སྟ་སོགས་ཀྱི་ཐོག་ཆུ་གྲི་བཟོས་ནས་བེད་སྤྱོད་གཏོང་ཤེས་པ་བྱུང་ཚུལ་མཁས་པའི་དགའ་སྟོན་ལས་འབྱུང་བ་དང༌། དཔལ་མགོན་གུར་གྱི་སྐང་གསོ་ལས། 45ཆུ་གྲི་སྟ་རེ་ལ་སོགས་པས། ། མ་ཧཱ་ཀ་ལའི་ཐུགས་དམ་སྐོང༌། ཞེས་འབྱུང་བ་འདི་དང་ཤིན་ཏུའང་འབྱོར་ཏེ། ལྷག་པར་མཁས་པ་ལྡེའུ་ལྟར་ན་སྐབས་དེར། ལག་ཆར་ཁ་ཊཾ་རྩེ་གསུམ་དེ་ནས་བྱུང༌། ། ཞེས་མཚོན་ཆ་ཁ་ཊཾ་བེད་སྤྱོད་བྱེད་ཚུལ་བཤད་པ་དང་རྒྱ་གར་བས་སྟོད་གངས་རི་དབང་ཕྱུག་གི་བཞུགས་གནས་ལྷ་ཡུལ་རྩི་བར་མ་ཟད་ཁ་ཊཾ་ནི་དབང་ཕྱུག་གི་ལག་ཆར་འཛིན་པ་འདིས་ཀྱང་ལྷ་ཡུལ་གུང་ཐང་ནི་མངའ་རིས་རང་དུ་ངོས་འཛིན་ཆོག་པའི་དཔང་རྟགས་སུ་རུང་ངོ་སྙམ། ད་དུང་རིག་བྱེད་ཀྱི་གཞུང་ལས་46རཱ་མ་ཡ་ན་ཡིས་སྲིན་རྒྱལ་བསད་ནས། སི་ཏཱ་ཕྲོགས་ཚུལ་དང་འདིས་སྲིན་པོ་གཉའ་རེངས་ཁྲག་མེད་བསད་ནས་དེའི་ཆུང་མ་གཡའ་འབྲུམ་སི་ལི་མ་ཕྲོགས་ཚུལ་ཀུན་ཆུ་ལ་ཆུ་བཞག་པ་ནང་བཞིན་གཅིག་མཚུངས་སུ་འདུག་པས། ལོ་རྒྱུས་སྨྲ་བ་ཚོའི་དཔྱད་པའི་གཞི་གལ་ཆེ་ཞིག་ཏུ་མཐོང་མོད། ཁོ་བོས་ཞིབ་ཏུ་དཔྱོད་པའི་དུས་མ་བྱུང་བས་འཛུབ་མོ་རི་བསྟན་ཙམ་ཞུས་པ་ལགས་སོ། །

མངའ་མཛད་ལྔ་པ། རྨུ་རྒྱལ་ཁོ་རྗེས་དབང་བྱས་ཚུལ།

ཁ ལྔ་པར་རྨུ་རྒྱལ་ཁོ་རྗེ་ཞེས་བྱས་བཟུངས། ། ད་ཕྲང་ཅང་ཕྲང་ལག་ཆར་ཞགས་པ་འཕེན། །

དལྔ་པ་ཀླུས་དབང་བྱས་ངམ་བྲང་ཅང་བྲང་ཟེར། ། ལག་ཆ་མདུང་ལ་བྱེད་པ་དེ་ནས་བྱུང༌། ། མངའ་མཛད་ལྔ་པ། རྨུ་རྒྱ་ཁོ་རྗེས་དབང་བྱས་ཚུལ་ནི། རྨུ་རྒྱ་ཁོ་རྗེ་ཞེས་པ་ཡང་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ལས། 47བར་བ་གཡུ་རིང་འདིས་དམུ་《རྨི》48ཡི་བུ་མོ་དམུ་བཟའ་ལྡེམ་བུ་ཁབ་ཏུ་བཞེས་པས་སྲས་མ་བཟང་སྤུན་བདུན་བྱུང་ཚུལ་གསུང་པ་དང༌། ལྡེའུ་དང་གཙུག་ཕྲེང་ལས་བཤད་པའི་དམར་འཇམ་ལྷ་ཡི་རྗེས་སུ་རྨུ་ཡིས་བཟུང་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ཡང་ས་སྐྱའི་གདུང་རབས་ལས་འབྱུང་བ་ལྟར། གཡུ་རིང་གིས་རྨུ་ཡི་བུ་མོ་རྨུ་བཟའ་ལྡེ་བུ་ཞེས་པ་ཁབ་ཏུ་བླངས་པ་ལས་སྲས་རྨུ་རྒྱལ་ཁོ་རྗེ་བྱུང༌། འདི་ཉིད་ཕ་ཡི་རུས་ལྷ་དང་ཆོ་འབྲངས་མ་ནི་རྨི་ཡི་རིགས་ཡིན་ལ། མིང་ཟུར་དང་པོ་རྨི་ཞེས་པ་མ་ཡི་མིང་ནས་དྲས་ཏེ་བཏགས་པ་ཞིག་ཡིན་སྙམ། དུས་ཕྱིས་བོད་ཀྱི་བཙན་པོ་རིམ་བྱོན་སྐབས་ཀྱང་མ་ཡི་མིང་ནས་དྲས་ཏེ་བཏགས་པའི་མིང་མང་སྟེ་དཔེར་ན། ཡབ་གཉའ་ཁྲི་དང་ཡུམ་གནམ་མུག་གི་བུ་ལ་མུ་ཁྲི་བཙན་པོ་བཏགས་པ་སོགས་ཀྱིས་མཚོན་ནུས། སྤྱི་རྨི་ཡི་སྐོར་བོན་གྱི་ཡིག་ཆ་ཁ་ཤས་49ནས་མཐོང་མྱོང་ཡང་ད་ལྟར་མི་དྲན། འདི་ལྟར་ན་རྨུ་ཡིས་སྲིད་དབང་བཟུང་བའི་སྐབས་དམར་འཇམ་ལྷ་ཡི་སྲིད་དབང་གཏོར་ནས་སྲིད་གཞུང་གསར་པ་ཞིག་ཟུར་འཛུགས་བྱས་པ་མ་ཡིན་པ་སྲིད་དབང་བཟུང་མཁན་གྱི་མ་ཕྱོགས་གཉེན་ཉེའི་སྟོབས་འབྱོར་དབང་ཆས་ཤན་ཤུགས་ཆེན་པོ་ཐེབས་པས། དེ་སྔོན་ཡབ་ཐོག་ལྷ་ཡིས་བཟུང་བ་དང་བུ་ཐོག་རྨུ་ཚ་ཡིས་བཟུང་བའི་དབར་ཁྱད་པར་ཆེན་པོ་བྱུང་བས་མངའ་མཛད་ཀྱི་དབྱེ་མཚམས་ཤིག་ཏུ་བགྲངས་པ་ཡིན་འཆི། ས་སྐྱའི་གདུང་རབས་ལས། 50གཡུ་རིང་གིས་དམུ་བཟའ་བསུས་བའི་བུ་མ་སངས་《བསངས》སྤུན་བདུན་བྱུང་ཚུལ་གསུངས་པ་ཡང༌། གཡུ་རིང་དང་རྨུ་བཟའི་བུ་དང་ཚ་བོ་ཡང་ཚ་བཅས་ཀྱི་བང་རིམ་ཞིབ་ཆ་མ་བྱུང་བ་མཁས་པ་ལྡེའུ་དང་གཙུག་ཕྲེང་གཉིས་ཀྱིས་བདེན་དཔང་བྱེད་ནུས་སྙམ། འོན་ཀྱང་རྒྱལ་པོའི་བཀའ་ཡི་ཐང་ཡིག་ལས། 51བདུད་དང་སྲིན་པོས་དབང་བསྒྱུར་བྱས་པའི་རྗེས་ཀླུ་དང་བཙན་གྱིས་དབང་བསྒྱུར་བྱས་ཚུལ་ལས། དེའི་བར་དུ་རྨི་ཡིས་དབང་བསྒྱུར་བྱས་ཚུལ་མི་གསལ་བས། དེའི་རྒྱུ་མཚན་གང་ཡིན་ཡང་དཔྱོད་དགོས་པར་སེམས། རྣམ་པར་གཅིག་ཏུ་ན་རྨི་ཞེས་ཟུར་དུ་འདྲེན་པ་ཙམ་མ་གཏོགས་ལྷའི་སྲིད་གཞུང་གཏོར་ནས་གཞུང་གསར་པ་བཙུགས་པ་མིན་པར་དོན་ལ་མ་རིགས་ནས་དྲས་པའི་རྨི་ཞེས་འཏགས་པ་ལྷ་ཡི་རིགས་རྒྱུད་ཀྱིས་སྲིད་དབང་བཟུང་པས་རྨི་ཞེས་ཟུར་དུ་མི་འདྲེན་པ་ཡིན་ཀྱང་སྲིད་སྙམ། མངའ་མཛད་འདིས་རྒྱལ་ས་ལྟེ་བ་ད་ཕྲང་ཅང་ཕྲང་དུ་ཡིན་པར་བཤད་མོད། ས་གནས་འདི་ཚོད་དཔག་བྱས་ན་སྟོད་མངའ་རིས་བསྐོར་གང་རུང་ཞིག་གི་ས་ཁུལ་ཡིན་ནམ་སྙམ་སྟེ། མངའ་མཛད་སྔ་ཕྱིར་ཕན་ཚུན་ཐོབ་ཤོར་རྩོད་ས་དང་རྩོད་མཁན་ཕལ་ཆེར་མངའ་རིས་ཕྱོགས་འདིར་འཁེལ་བ་མངའ་མཛད་གོང་འོག་ལས་ཤེས་ནུས་སྙམ་སྟེ། གཞན་དུ་ངོས་འཛིན་གསལ་བ་བྱས་པའི་ལོ་རྒྱུས་ཀྱི་ཁུངས་མ་རྙེད། སྐབས་དེར་སྔར་ཡོད་ལག་ཆ་དགྲ་སྟ་དང་ཆུ་གྲི་སོགས་ཀྱི་སྟེང་དུ་ཞགས་པ་བཟོས་ནས་རི་སྐྱེས་སྲོག་ཆགས་ཁག་གཅིག་སྒོ་ཟོག་ཏུ་ཕབ་པ་དང༌། ཐག་རྙི་བཞག་ནས་གཅན་གཟན་གཏུམ་པོའི་རིགས་བཟུང་བ། དེ་དག་གི་ལྤགས་པ་གདན་དུ་གཏིང་བ་དང་གོས་སུ་གོན་པ་སོགས་བྱེད་པའི་ལུགས་སྲོལ་དར། དེ་ཡང་རྒྱལ་པོ་སྟག་པགས་ཀྱི་གདན་དང་གོས། ཞང་བློན་ཚོས་གཅན་གཟན་གཞན་དང་གཞན་གྱི་པགས་པ་ལ་ལོངས་སུ་སྤྱོད། ད་དུང་རྩྭ་གཟན་རི་དྭགས་རིགས་མང་པོ་ཕ་མེས་ཡང་མེས་ཚོའི་སྐབས་བཞིན༌། རྡོ་དང་སྟ་རེ་མདུང་སོགས་ཁུར་ནས་རྗེས་འདོད་གཏོང་བའི་ངལ་བ་ལ་བརྟེན་མི་དགོས་པར། ཕྱོགས་གང་སར་ཐག་པས་སྙི་བཞག་པའི་ཐབས་ལམ་ལ་བརྟེན་ནས་རི་དྭགས་མང་པོ་བཟུང་ནས་ཤ་ཁྲག་ལ་སྤྱོད་ཐུབ་པ་བྱུང་བ་བཅས་ནི་མི་རབས་སྔ་མ་ཚོ་ལས་ཡར་ཐོན་ཕྱིན་པ་ཡིན་སྙམ།

མངའ་མཛད་དྲུག་པ། ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཚུལ། ཁ དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ། ། ལང་ཏང་ལིང་དང་བར་ཁ་འུར་རྡོ་འཕེན། ། ད དྲུག་པ་འདྲེས་དབང་ལང་ཏང་ལིང་ཏང་ཟེར། ། ལག་ཆར་རྒྱུག་པ་ཀྱོག་ཅན་དེ་ནས་བྱུང༌། ། མངའ་མཛད་དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་ཚུལ་ནི། རྨི་ཡིས་དབང་བྱས་པའི་མཐའ་མཇུག་ཀྲོག་ཀྲོག་འདྲེ་ཡི་རིགསཀྱི་ཚོ་བ་ཁག་གཅིག་གིས་འབངས་གྱེན་ལོག་གི་ལས་འགུལ་བསྟུད་མར་སྤེལ་ཏེ་སྲིད་དབང་འདྲེ་ཡིས་ཕྲོགས་པ་སྙམ་ལ། འདྲེ་ཞེས་པའང་རང་རེས་རྟོག་པས་བཟོས་པའི་ལྷ་འདྲེ་གནོད་པ་འདྲ་མིན་གཏོང་མཁན་གྱི་གཟུགས་མེད་འཇིགས་སུ་རུང་བ་དེ་འདྲ་ཞིག་མིན་པར། མིའི་རིགས་ལ་སྤྱི་བཏང་གི་མི་ལས་དཔའ་མཛངས་བློ་གྲོས་དང༌། ཐབས་འཕྲུལ་གཡོ་ཇུས་མཁས་པའི་ཚོ་བ་ཞིག་ཡིན་ངེས་སྙམ། རྒྱལ་པོའི་བཀའ་ཐང་དང༌། ས་སྐྱའི་གདུང་རབས་རིན་ཆེན་བང་མཛད་གཉིས་ཀའི་ནང་དུ་ཀྲོག་ཀྲོག་འདྲེ་ཞེས་པ་འདི་མི་གསལ་པས་དེ་རྒྱུ་མཚན་གང་ཡིན་ལ་བརྟག་དགོས། གཅིག་བྱས་ན་དཔལ་ལྡན་ས་སྐྱའི་གདུང་རབས་རིན་པོ་ཆེ་གང་ལས་བྱུང་བའི་ཁུངས་ལྷ་རིགས་མངའ་མཛད་ཀྱི་རྒྱུད་པ་མིན་པས་ཀྲོག་ཀྲོག་འདྲེ་ཟུར་དུ་མ་བགྲངས་པ་ཡིན་སྲིད་སྙམ། དཔེར་ན་བོད་ཀྱི་རྒྱལ་རབས་རྣམས་སུ་སྟོད་ཀྱི་སྟེང་གཉིས་བཤད་པའི་སྐབས། གྲུ་གུ་བཙན་པོའི་རྗེས་སུ་བློན་པོ་ལོ་ངམ་གྱིས་སྲིད་དབང་ལོ་ཤས་བཟུང་ཡང༌། བོད་བཙན་པོའི་རྒྱལ་རབས་བགྲང་པའི་སྐབས་གྲུ་གུའི་རྗེས་སུ་པུར་དེ་གུང་རྒྱལ་བགྲང་པ་མ་གཏོགས་ལོ་ངམ་མི་བགྲང་པ་བཞིན་ནོ། ། ཀྲོག་ཀྲོག་འདྲེ་ཡང་མ་སངས་ཀྱི་གདུང་རབས་སྔ་མ་མིན་པས་ས་སྐྱའི་གདུང་རབས་སུ་བགྲང་པར་འབྲེལ་བ་གང་ཡང་མེད་པས་ཡིན་ནམ་སྙམ་སྟེ་ད་དུང་ཡང་དཔྱད་པར་བྱ་དགོས་སོ། ། ལྡེའུ་དང་གཙུག་ཕྲེང་གཉིས་ཀྱིས་ཁུ་སྟོན་གྱི་ལོ་རྒྱུས་ཆེན་པོར་བལྟས་པས། དེའི་ནང་དུ་གསལ་བ་ཡིན་ཡང་སྙམ་མོད། ཡིག་རྒན་དེ་ཉིད་ད་ལྟར་ལག་ཏུ་སོན་ཐབས་དཀའ་བས་དཔྱད་བ་པར་བྱ་བའི་ཐབས་གཞན་མ་རྙེད། ཀྲོག་ཀྲོག་འདྲེ་ཡི་རིགས་འཚོ་སྡོད་བྱེད་ས་ལང་ཏང་ལིང་ཏང་ནི། དེང་སང་གི་སྟོད་མངའ་རིས་པུ་རང་བ་ཁ་ཞེས་པ་དེར་ཡིན་ཚུལ་ལོ་རྒྱུས་སྨྲ་བའི་མཁས་པ་འགས་བྲིས་འདུག་པ་52བདེན་ཆ་ཆེན་ཏེ། དེ་སྔོན་སྲིན་པོས་བཟུང་སྐབས་ཀྱི་མངའ་རིས་པུ་རང་དང༌། དམར་འཇམ་ལྷ་ཡིས་བཟུང་སྐབས་ཀྱི་མངའ་རིས་གུང་ཐང་རྣམས་ཕན་ཚུན་ཁ་ཐག་ཉེ་བས། དེ་དག་ལ་འཚོ་སྡོད་བྱེད་མཁན་ཚོ་རྩྭ་ས་ཆུ་རྩོད་ཀྱི་ཐོབ་ཤོར་ཡང་ཡང་ཡོང་གི་ཡོད་པ་ཆོས་ཉིད་ཡིན་པས་སོ། ། ད་དུང་འདྲེ་དང་སྲིན་པོ་གཉིས་གདུག་རྩུབ་ཆེ་བ་དང༌། གཞན་ལ་འཚེ་བ། ཤ་ཁྲག་པ་རྔམས་པ་སོགས་ཀྱི་འདྲ་ཆོས་མང་བས། མངའ་རིས་སྟོད་སྨད་ཀྱི་ས་གནས་འདི་དག་མི་རྒྱུད་དེ་དག་གིས་རིམ་པར་བེད་སྤྱོད་དང་འཚོ་སྡོད་བྱས་པས་འདྲེ་ཡུལ་དང་སརིན་ཡུལ་དུ་ངོས་འཛིན་བྱས་ན་རྒྱུ་མཚན་ཆེ་བ་སྙམ་མོད། འོན་ཀྱང་དཔྱད་གཞི་གཞན་དག་ལག་སོན་བྱུང་ན་སླར་ཡང་བསྡུར་ནས་དཔྱད་དགོས། མི་ཐོག་དེའི་སྐབས་སྔར་ཡོད་མཚོན་ཆའི་ཐོག་གང་དུ་རྒོལ་ལན་སློག་པ་དང་འཐབ་འཁྲུགས་བྱེད་སྐབས་དགྲ་བོའི་གོམ་དུ་བཅར་ནས་གྲི་དང་སྟ་རེས་ཁྱོད་ཤི་ང་གསོན་གྱི་དམར་འཛིངས་མི་དགོས་པར། རྒྱང་དུ་ཀྱེད་ནས་རྡོ་ལོག་འཕེན་པའི་ལག་ཆ་ཐེངས་དང་པོ་འུར་རྡོ་བཟོ་རྒྱུའི་ལག་རྩལ་གསར་པའང་འདི་ནས་རྙེད། 53ལག་ཆ་འདི་ལ་བརྟེན་ནས་དགྲ་རྐུན་ཇག་གསུམ་དང༌། གཅན་གཟན་གཏུམ་པོའི་རིགས་རྣམས། རུ་སྡེའམ་ཚོ་བའི་ནང་ཐོལ་བྱུང་དུ་འཛུལ་བ་ལ་རྒོལ་ལན་སློག་ཐབས་སྟབས་བདེ་བྱུང་བ་སེམས། ད་དུང་རྒྱུག་པ་ཀྱོག་ཅན་ནམ་བར་ཁ་སྟེ། རྒྱུག་པ་རྭ་གཉིས་ཅན་སྤྱད་ནས་དགྲ་བོ་དང་གཅན་གཟན་ལ་རྒོལ་ཞིང་རང་ཕྱོགས་འགེབས་སྲུང་གི་ལག་ཆར་སྤྱད་ཤེས་པར་བྱུང་ཡང་ཤེས་ནུས་སོ། ། 54


མངའ་མཛད་བདུན་པ། མ་སངས་སྤུན་དགུས་དབང་བྱས་ཚུལ།

ཁ བདུན་པ་མ་སངས་སྤུན་དགུས་དབང་བྱས་ཏེ། ། ཡུལ་གྱི་མིང་ནི་བོད་ཁ་ཉ་དྲུག་ཟེར། ། ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང༌། །

དབདུན་པ་མ་སངས་རུ་དགུས་དབང་བྱས་ཏེ། ། ཡུལ་གྱི་མིང་ནི་བོད་ཁམས་གཡང་དྲུག་ཟེར། ། ལག་ཆར་དོང་རལ་ཕུབ་ཆུང་དེ་ནས་བྱུང༌། ། མ་སངས་སྤུན་དགུ་ནི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས55། 1། གཉན་མ་སངས་གཡའ་སྤང་སྐྱེས་གཅིག2། གར་མ་སངས་གཙོ་གར་སྐྱེས་ཀྱི་སྡིག་ནམ་ཚ། 3། གླེ་མ་སངས་ངན་ལམ་རྩང་སྐྱེས། 4། རུ་མ་སངས་ཐོ་གར་སྐྱེས། 5། ཤེ་མ་སངས་ཐོད་དཀར་ནམ་ཚ། 6། མེ་མ་སངས་པད་མ་སྐྱེས་ཀྱི་སྙིང་ནམ་ཚ། 7། མི་མ་སངས་རྒྱ་མཚོ་སྐྱེས་ཀྱི་དྲ་ང་འགུར། 8། ཨོད་མ་མ་སངས་སྟོན་ནམ་ཚ། 9། གཡའ་གྲུམ་སི་ལི་མ། བཅས་ཡིན་ཚུལ་གསུང་འདུགས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ལས། 56གཡུ་རིང་དང་རྨུ་བཟའི་སྲས་མ་བཟང་བུ་སྤུན་བདུན་བྱུང་ཚུལ་དང༌། སྤུན་གྱི་ཐ་ཆུང་མ་བཟང་སྤྱི་རྗེ་ཡིན་ཚུལ། དེ་དང་ཐོག་ལྕམ་འུར་མོ་འདུས་པ་ལས་སྲས་དཔའ་བོ་སྟག་ཅེས་བྱ་བ་བྱུང་ཚུལ་གསུངས་སྣང་སྟེ། དེ་ཉིད་དུ་ཡ་རབས་ཁ་རྒྱན་བགྲངས་པར། གཡུ་རིང་དང་ནི་དམུ་བཟའ་ལྡེམ་བུའི་སྲས། ། བཟང་བུ་བདུན་བྱོན་པའི་གཅེན་པོ་དྲུག། ཡབ་དང་བཅས་པ་ལྷ་ཡི་ཡུལ་དུ་གཤེགས། ། བདུན་པ་ཐ་ཆུང་མ་བཟང་སྤྱི་རྗེ་དང༌། ། ཐོག་ལྕམ་འུ་མོའི་སྲས་ནི་དཔའ་བོ་སྟག། ཞེས་དང༌། དེའི་ཐད་ཀྱི་འགྲེལ་བཤད་ལས། བར་བ་གཡུ་རིང་འདིས་དམུ་ཡི་བུ་མོ་དམུ་བཟའ་ལྡེ་བུ་ཁབ་ཏུ་གཞེས་པས་མ་བཟང་བུ་བདུན་དུ་གྲགས་པ་བྱུང་ཞིང༌། དེ་ལྟར་བདུན་གྱི་གཅེན་ཡབ་དང་བཅས་པ་ལྷ་ཡུལ་དུ་གཤེགས། བདུན་པ་མ་བཟང་སྤྱི་རྗེ་བྱ་བ་དེས། མི་ཡུལ་དུ་བཞུགས་ནས་ཐོག་ལྷ་འོད་འབར་ཅན་གྱི་བུ་མོ་ཐོག་ལྕམ་འུར་མོ་ཆེ་ཁབ་ཏུ་གཞེས་པ་ལ་སྲས་ཐོག་ཚ་དཔའ་བོ་སྟག་ཏུ་གྲགས་པ་འཁྲུངས། ཞེས་གསུངས། མཁས་པའི་དགའ་སྟོན་དང་ས་སྐྱའི་གདུང་རབས་བར་མ་སངས་སྤུན་བདུན་དང་དགུའི་བཤད་པ་མི་འདྲ་བ་མ་ཟད། བདུན་པའམ་ཡང་ན་ཐ་ཆུང་དགུ་པ་གང་ལ་བྱས་ནའང༌། ས་སྐྱའི་གདུང་རབས་ལས་བྱུང་བའི་མ་སངས་སྤྱི་རྗེ་བྱ་བ་ཞིག་མཁས་པའི་དགའ་སྟོན་ནང་མི་འབྱུང་མོད། འོན་ཀྱང་མི་གཅིག་ལ་མིང་གི་རྣམ་གྲངས་དུ་མ་ཡོད་ཆོག་པས་འགལ་བ་མི་སེམས་ལ། རྣམ་པ་གཅིག་ཏུ་ན། མ་སངས་བུ་ཐ་ཆུང་གིས་ཡུལ་གྱི་རྗེ་བོ་མཛད་པའི་རྗེས་སུ་རུས་མ་སངས་དང་བོད་སྤྱིའི་རྗེ་བོ་གྱུར་པས། མ་སངས་སྤྱི་རྗེ་ཞེས་པ་འདི་རྗེས་སུ་གྲུབ་པའི་མིང་ཡིན་ཆོག་པའང་སེམས་མོད། ད་དུང་དཔྱད་པར་བྱ་བའི་གནས་སོ། ། ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ལས་གཡུ་རིང་དང་དམུ་བཟའ་ལས་མ་སངས་སྤུན་བདུན་བྱུང་ཚུལ་གསུང་པའི་ཐད། གོང་འོག་ལོ་རྒྱུས་མང་པོ་ཞིག་གུང་བསྒྲིགས་ན། གཡུ་རིང་དང་དམུ་བཟའི་སྲས་དམུ་རྒྱལ་ཁོལ་རྗེ་འཁྲུངས། དེས་ཁྱིམ་བཟུང་བའི་རྒྱུན་འཛིན་མ་སངས་སྤུན་བདུན་ནམ་དགུ་བྱུང་ན་འབྲེལ་ཆགས་པར་སྣང་བས་དཔྱད་པར་བྱ་དགོས། མ་སངས་ཀྱིས་བོད་ཀྱི་དབང་བྱས་ཚུལ་ཐད། ས་སྐྱའི་གདུང་རབས་ལས་58མ་སངས་ཀྱི་ཕ་རིགས་ལྷ་དང་མ་རིགས་རྨི་ཡིན་ཚུལ་བཤད་པ་གཞིར་བཅོལ་ནས་དཔྱོད་པ་རགས་ཙམ་གཏོང་ན། མ་སངས་ཀྱི་མེས་པོ་རྨི་རིགས་ཀྱི་ལག་ནས་མངའ་རིས་ཀྱི་ལང་ཏང་ལིང་ཏང་པ་ཀྲོག་ཀྲོག་འདྲེ་མགོ་ཚོ་བས་སྲིད་དབང་ཕྲོགས་པའི་ཞེན་ནད་འཁོན་འཛིན་ཡོད་ནའང་དཔའ་དང་དཔུང་པས་གཞན་སྡེ་གནོན་པའི་ནུས་པ་མི་འདང་བར། ཀྲོ་ཀྲོག་འདྲེ་ཡི་ཚོ་བའི་འོག་བསྡད་དགོས་བྱུང་བའི་མཐའ་མཇུག་ཡབ་རྨི་ཡི་རྒྱལ་རྒྱུད་ལས་བུ་སྤུན་དགུ་བྱུང་བ་དེ་དག་དཔའ་དང་བློ་ཁོགཐབས་དང་གཡོ་ཇུས། ཕ་རུས་མ་ཞེན་ཤིན་ཏུ་ཆེ་སྟབས་ཡབ་མེས་ཀྱི་སྲིད་དབང་འཕྲོག་མཁན་ཀྲོག་ཀྲོག་འདྲེ་ཡི་ཚོ་བ་ལ་ཕ་རུས་མ་ཞེན་གྱི་འཁོན་འཛིན་བཅངས་ནས་ཤི་འཛིངས་རོ་འཐབ་བྱས་པས་ཐ་མའི་རྒྱལ་ཁ་དེ་མ་སངས་སྤུན་དགུས་ཐོབ་པར་སེམས་ཏེ། ས་སྐྱའི་གདུང་རབས་ལས། མ་སངས་ཀྱི་ཡབ་དང་ཕུ་བོ་རྣམས་ལྷ་ཡུལ་ལ་གཤེགས་ཚུལ་གསུངས་པ་འདིས་དེ་རྣམས་ཀྲོག་ཀྲོག་འདྲེ་དང་དམག་འཐབ་བྱས་པའི་གཡུལ་སར་རང་སྲོག་གཏོང་པ་ཡིན་སྲིད་སྙམ། འདིའི་དུས་ནས་རང་རེའི་ཡུལ་ལྗོངས་ལ་བོད་ཅེས་པའི་མིང་འདི་བྱུང་འདུག་པ་ལོ་རྒྱུས་ཐོག་མཐོང་རྒྱ་ཆེ་བ་དུ་མས་ངོས་འཛིན་གནང་བ་དོན་ལ་གནས་པ་སེམས་ཏེ། བཀའ་ཐང་ལས། བོད་ཁམས་གཡའ་དྲུག་དང༌། 59ཁུ་སྟོན་གྱི་ལོ་རྒྱུས་ཆེན་པོར་བོད་ཁ་ཉ་དྲུག60ཅེས་དང༌། ལྡེའུ་ཆོས་འབྱུང་ལས། བོད་ཁ་གཡང་དྲུག་ཅེས། 61སྐབས་དེ་དག་ཏུ་དག་ཆ་གཅིག་གྱུར་མེད་སྟབས་སྒྲ་གདངས་ཉེ་བའི་ཡི་གེ་འདྲ་མིན་བྲིས་འདུག་ནའང༌། བོད་ཅེས་པ་འདི་གཅིག་མཐུན་དུ་བྱུང་འདུག་པས་སོ། ། མ་སངས་ཀྱི་ཕ་དང་ཕུ་བོ་རྣམས་ཀྲོག་ཀྲོག་འདྲེ་དང་འཐབ་ནས་གཡུལ་སར་གཤེགས་པའི་རྗེས། མ་སངས་ཀྱི་བུ་ཆུང་བ་བཀོད་སྟོར་ནམ་ཚས་སྲིད་དབང་བཟུང་བ་ནས་མ་སངས་སྤྱི་རྗེར་འབོད་པ་འདིའི་སྐབས་སྔོན་གྱི་མི་རབས་ཚོས། གཞན་ཕྱོགས་ལ་རྒོལ་བྱེད་ཀྱི་ལག་ཆ་དེ་དག་གི་སྟེང་དུ་རང་ཉིད་ཀྱི་ངོ་གདོང་སྲུང་སྐྱོབ་བྱེད་པའི་གདོང་རལ་དང༌། གཟུགས་པོ་འགེབས་པའི་གོ་ཁྲབ་དང་ཕུབ་ཆུང་ཡང་གསར་དུ་བཟོ་ཤེས་པ་བྱུང་བས། གཡུལ་སར་ཕ་རོལ་པོ་གསོད་རྨས་མང་དུ་གཏོང་བ་དང༌། རང་ཕྱོགས་ལ་ཤི་རྨས་ཀྱི་གད་ཆགས་ཆེན་པོ་མི་ཡོང་བའི་ཐབས་ཤེས་ཀྱང་འདི་ནས་དར་བས། གཡུལ་སར་གདོང་མཆོང་བྱེད་པར་སྔ་བས་བློ་ཁོག་དང་གདེང་སྤོབས་ཆེ་རུ་འགྲོ་བའང་བཤད་མི་དགོས་པ་ཞིག་རེད་སྙམ། ཡང་རང་རེའི་གནའ་མི་ཚོའི་ངག་སྒྲོས་སུ། མ་སང་ནི་མི་མ་ཡིན་པ་དང༌། ཐེའུ་རང་ཡིན་ལུགས། ཐེའུ་རང་ཞེས་པ་འང་མི་དངོས་མིན་ཡང་མི་མ་ཡིན་གྱི་ཁྲོད་ནས་མི་དང་འབྲེལ་བ་ཉེ་ཕྱོགས་དེ་ཡིན་པ་དང༌། དེ་ཡང་མི་ལས་སྟོབས་དང་རྫུ་འཕྲུལ་དཔའ་རྩལ་སོགས་ཆེ་བ་ཡོད་ཚུལ་ཡང་གྲགས་ཆེ་སྟེ། མཁས་དབང་ནམ་མཁའི་ནོར་བུའི་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ་ཞེས་བྱ་བ་ལས། 62། མ་སང་གི་སྒྲུང་ནི་གནའ་བོའི་དུས་ཀྱི་བྱུང་རབས་བཤད་པའི་སྒྲུང་རྣམས་ཏེ། སྒྲུང་དེ་མ་སང་ཙམ་དུ་མ་ཟད་མི་མ་ཡིན་གཞན་དག་གི་སྒྲུང་མང་པོ་ཞིག་ཀྱང་དེའི་ཁོངས་སུ་འདུས་ཡོད། གང་ལ་ཟེར་ན། སྤྱི་བཏང་མིའི་འགྲོ་བ་རྣམས་མི་མ་ཡིན་པའི་རིགས་གཞཉ་དག་དང་འབྲེལ་བ་ཅི་རིགས་ཤིག་ཡོད་ནའང༌། མི་ཕལ་བོ་ཆེར་དེ་དག་མངོན་གསལ་འབྱུང་བ་དཀའ་ཞིང༌། ཐེའུ་རང་ནི་མི་མ་ཡིན་པའི་གྲས་ཤིག་ཡིན་རུང༌། མིའི་རིགས་དང་ཤིན་ཏུ་འབྲེལ་བ་ཆེ་བ་ཞིག་ཡིན་སྟབས་མིའི་རིགས་ཀུན་ལ་མངོན་གསལ་ཆེ་ཙམ་བྱུང་བ་དེའི་རྐྱེན་གྱིས། གནའ་མི་ཚོས་མི་མ་ཡིན་པའི་ཁྱད་མཚར་གྱི་ཅི་སྲིད་པ་དེ་ཀུན་མ་སང་གི་ཆོ་འཕྲུལ་དུ་བསམས་ནས། མ་སང་གི་སྒྲུང་མང་ཞིག་བཤད་སྲོལ་བྱུང་བ་ཡིན། མ་སང་གི་སྒྲུང་སྐོར་དཔེར་མཚོན་ན། བོད་ཀྱི་ཡུལ་འདིར་སྔོན་ཐོག་མར་མིའི་འགྲོ་བ་མེད་སྐབས་དེར་བོད་ཀྱི་སྣོད་བཅུད་ཐམས་ཅད་མ་སང་སྤུན་དགུས་དབང་བྱས་ཚུལ་གྱི་སྒྲུང་དང༌། བོད་ཀྱི་མི་རྒྱུད་བྱུང་ནས་ཀྱང༌། འགྲོ་བ་མིའི་ཚོགས་དང་མ་སང་གི་འབྲེལ་བ་རྣམ་པར་སྣ་ཚོགས་པ་བྱུང་མྱོང་བའི་སྒྲུང་དང༌། མིའི་འགྲོ་བ་འགའ་ཞིག་མ་སང་དང་གཉེན་སྡེབས་བྱས་པ་ལས་རིགས་རྒྱུད་མཆེད་ཚུལ་གྱི་སྒྲུང་དང༌། མ་སང་གི་འཕྲུལ་གྱིས་བཟོས་པའི་གོ་མཚོན་ནམ། ཡོ་བྱད་ཅི་རགས་པ་རྣམས་མིའི་ལག་ཏུ་བྱུང་བའི་སྒྲུང་དང༌། མ་སང་གི་རྗེ་བོས་སྐྱེས་བུ་མཐུ་ཆེན་པོ་དང༌། སྟོབས་ཆེན་པོ་དང༌། འབྱོར་པ་ཆེན་པོ་རྣམས་ལ་རྒོལ་བ་བྱས་པའི་སྒྲུང༌། མཐུ་ཆེན་པདྨ་སཾ་བྷ་ཝས་མ་སང་གི་རྗེ་བོ་དམ་ལ་བཏགས་པས་དམ་ཅན་རྡོ་རྗེ་ལེགས་པར་གྱུར་པའི་དེ་ལྟ་བུའི་སྒྲུང་དང༌། ཐག་རིང་གི་མགྲོན་པོ་དང༌། ཚོང་པ་ཁ་ཤས་མ་སང་གི་གྲོགས་པོ་ཆགས་ནས་དེ་རྣམས་ལ་མ་སང་གི་རོགས་རམ་ཐོབ་ཚུལ་གྱི་སྒྲུང་དང༌། ཤྭོ་པ་འགའ་ཞིག་གིས་མ་སང་བསྒྲུབས་པས་དངོས་སུ་གྲུབ་སྟེ་མ་སང་གིས་རྒྱན་པོའི་གྲོགས་བྱས་པའི་སྒྲུང་དང༌། ཐ་ནའང་བོད་ཀྱི་ཤྭོ་པ་ཚོས་ཤྭོ་རྩེ་བའི་སྐབས་སུ་ཤོ་འབོད་སྐད་ཤུགས་ཆེན་པོས་བྱེད་སྲོལ་ཡོད་པ་དེའི་རྒྱུ་མཚན་ཇི་ལྟར་བྱུང་བའི་ཚུལ་ཡང༌། གནའ་དུས་སུ་མ་སང་ལ་རྒྱུས་ཆེ་བའི་ཤྭོ་པ་འགས་མ་སང་ཤྭོ་ལ་དགྱེས་པར་ཤེས་ན། ཤྭོ་རྩེ་སྐབས་སུ་སྐད་ཤུགས་ཧ་ཅང་ཆེན་པོས་ཤྭོ་འབོད་བྱས་པས། མ་སང་དངོས་སུ་འོངས་ནས་ཤྭོ་པ་དེ་ལ་རིགས་པ་བྱས་པ་དང༌། ཤྭོ་འབོད་བྱེད་པའི་སྐབས་སུའང་ཤྭོའི་གྲངས་རྩིས་ནམ་རྒྱུན་དང་མི་འདྲ་བའི་སྐད་ལུགས་ཤིག་ཡོད་པ་སྟེ། ཞེས་གསུངས་པས་ཀྱང་ཤེས་ནུས། མ་སང་ཐེའུ་རང་ཡིན་རབས་དང་ཐེའུ་རང་ལ་རྐང་པ་ཡ་གཅིག་ལས་མེད་པའི་བཤད་སྲོལ་གྱིས་ཤན་ཞུགས་ཐེབས་ཏེ་གླིང་སྒྲུང་63རྣམས་སུ། ཐེའུ་རང་བླ་མ་རྐང་གཅིག་ཟེར་བ་བས་མཐུ་དང་རྫུ་འཕྲུལ་ངོམས་རབས་དང༌། ཡང་མ་སང་རྩལ་རྒོད་པ་དང་མཐུ་ཆེ་བའི་བཤད་སྲོལ་ལ་བརྟེན་ནས་གླིང་གེ་སར་ལ་ཡང༌། མ་སང་སྐྱེས་བུ་དོན་འགྲུབ་ཅེས་འབོད་པ་གླིང་རྣམས་ལས་ཡང་ཡང་འབྱུང༌། བསད་སྲོལ་དེ་དག་ནི་མ་སང་ལ་སྐབས་དེའི་མི་སྤྱི་སྟངས་པ་ཚོས་དཔའ་དང་བློ་ཁོགཐབས་དང་བཀོད་ཇུས། མཐུ་དང་རྫུ་འཕྲུལ། ཐ་ན་རྒྱན་དང་རྩེད་མོ་སོགས་གང་ས་ཅི་ཐད་ནས་འགྲན་པ་མི་ནུས་པས། མ་སང་ནི་མིའི་གནས་ཚད་ལས་བརྒལ་བའི་འགྲོ་བ་གཞན་ནམ་མི་མ་ཡིན་པ་ཞིག་ཏུ་ངོས་འཛིན་བྱས་པ་ལས། དོན་དངོས་ཐོག་མི་ཡི་བྱེ་བྲག་ལས་འདའ་བ་ཞིག་མིན་པ་སེམས་སོ། ། གཞན་བོན་གྱི་ཡིག་ཆར་མ་སངས་ཀྱི་སྒྲུང་མང་དུ་ཡོད་ཚུལ་གོ་བ་ཙམ་ལས་ཡིག་ཆ་མཇལ་མྱོད་མེད། མཁས་དབང་ནམ་མཁའི་ནོར་བུས64། མ་སང་གི་སྒྲུང་སྐོར་དཔེར་འཁོད་པ་ནི། བན་བོན་གྱི་ཡིག་རྙིང་ཁ་ཤས་སུ་མ་སང་སྤུན་དགུའི་སྐོར་ཐར་ཐོར་ཙམ་རེ་འབྱུང་བ་ལས་གཞན་དམིགས་བསལ་གྱི་དཔེ་གང་ཞིག་ཀྱང་མ་མཐོང༌། ཞེས་དང༌། དེ་དག་གི་དཔེ་འགའ་ཞིག་ཡོད་ཀྱང་སྲིད་ལ། གལ་ཏེ་མེད་དུ་ཆུག་ཀྱང༌། བོད་ཀྱི་ཤེས་རིག་ལ་གཅེས་སྤྲས་གནང་མཁན་མཁྱེན་ཡོན་དང་ལྡན་པ་རྣམས་ནས་བོད་མི་རྒན་གྲས་དངོས་བཞུགས་རྣམས་ཀྱི་ཞལ་ཐོག་ནས་མ་སང་སྐོར་གྱི་སྒྲུང་དེ་རིགས་ཡི་གེར་འགོད་ཐུབ་ན་དེ་སྐོར་གྱི་སྒྲུང་མི་ཉུང་བ་ཞིག་འགོད་དུ་ཡོད་ངེས། ཞེས་པ་འདིར་བལྟས་ན་མཐོང་རྒྱ་ཆེ་བའི་མཁས་པ་ཁོང་གིས་ཀྱང་མ་སང་སྐོར་གྱི་སྒྲུང་ཡིག་ཐོག་ཏུ་ཡོད་རབས་ཙམ་ལས་མཐོང་ཐོས་བྱུང་བ་མང་པོ་རང་མིན་པས། གཅིག་བྱས་ན་འདི་རིགས་དཔེ་རྒྱུན་ཧ་ཅང་དཀོན་པའམ། ཡང་ན་ཡིག་ཐོག་ཏུ་འཁོད་པ་ཉུང་ཉུང་ཡིན་ངེས་ཀྱང་སྙམ་སྟེ། གང་ལྟར་ཡང་ཐུགས་ཞིབ་གནང་འོས་པ་ཞིག་རེད་སྙམ། བོད་ཀྱི་སྤྱི་ཚོགས་ཁྲོད་གནའ་ནས་ད་བར་ཤྭོ་རྩེད་ཀྱི་ལུགས་སྲོལ་རྒྱ་ཆེར་ཡོད་པ་འདི་དག་ཀྱང་གཅིག་བྱས་ན། མ་སང་གི་སྐབས་སུ་གསར་དུ་དར་བ་ཞིག་ཡིན་ཡང་སྙམ་ལ། ད་དུང་ཤྭོ་རྩེད་ཀྱི་སྐབས་གྲངས་གནས་ཀྱི་མིང་ཡང་དེང་སང་བོད་ཡོངས་གྲགས་ཀྱི་ཐ་སྙད་དང་མི་འདྲ་བར། གཉིས་ལ་པ་ར། གསུམ་ལ་སུགབཞི་ལ་ཛིགལྔ་ལ་ཁ། དྲུག་ལ་འབྲུགབདུན་ལ་རི། བརྒྱད་ལ་ཤ། དགུ་ལ་དགུ། བཅུ་ལ་ཆུ། བཅུ་གཅིག་ལ་ཐོགབཅུ་གཉིས་ལ་ཅ་ལོའམ་ཡང་ན་འཇམ། ཞེས་འབོད་པ་འདིའི་ཐོག་ནས། སྐབས་དེའི་བོད་ཀྱི་གྲངས་གནས་བགྲང་སྟངས་དེ་ག་རང་ཡིན་པ་ལ། དུས་ཕྱིས་རིམ་གྱིས་འགྱུར་བ་སོང་ནས་དགུ་མ་གཏོགས་གཞན་རྣམས་སྒྲ་ཟུར་ཉམས་ནས་དེང་སང་གི་གྲངས་གནས་བགྲང་སྟངས་འདི་བྱུང་པའང་ཡིན་སྲིད་སྙམ་སྟེ། ད་དུང་ཡང་དཔྱད་པར་བྱ་དགོས། འདིའི་རྒྱལ་ས་ལྟེ་བ་ནི། ད་ལྟའི་མོན་རྟ་དབང་གི་ས་ཁུལ་དུ་ཡིན་པ་སེམས་ཏེ། རྒྱུ་མཚན་གང་གིས་ན། ལོ་རྒྱུས་ཀྱི་ཡིག་ཆར་འཁོད་མིན་ཇི་ལྟར་ཡང༌། ལྷོ་མོན་གྱི་ཕྱོགས་སུ་མ་སངས་ཀྱི་སྐོར་བཤད་སྲོལ་མང་པོ་གོ་རྒྱུ་དང་མཐོང་རྒྱུ་འདུག་པ་དཔེར་ན། ལྷོ་མོན་གྱི་རི་སུལ་འགར་རྡོ་ཕ་བོང་ཆེན་པོ་གཅིག་ཐོག་གཅིག་བརྩེགས་ཅན་དུ་མ་ཡོད་པར་ཡུལ་མི་ཚོས། དེ་དག་ལ་མ་སངས་ཀྱི་རྡོ་བརྩིགས་དང༌། ཡང་རྡོ་རིང་གྱེན་དུ་ཀ་བ་ལྟར་བསླངས་པ་དུ་མ་ཡོད་པ་དེ་དག་ལ་མ་སངས་ཀྱི་ཀ་བ་དང༌། ཡང་རྡོ་རིལ་ཆེན་པོ་ཁག་གཅིག་ལ་མ་སངས་ཀྱི་སོར་རྡོ་ཡིན་ཚུལ་དེང་སང་གི་བར་དུ་གྲགས་ཆེ་བ་ཤེས་གསལ་ཡིན། དེ་བཞིན་ཟེར་མའི་བྱང་རྒྱུད་དུ་བྱང་ཟེར་བའི་གྲོང་པའི་ཕར་ཕྱོགས་སུ་བྱ་མཐའ་ཟེར་བའི་གཡང་གཟའི་ལྷོ་ངོས་ནས་འབབ་པའི་ཆུ་ཞིག་ལ། མ་སངས་ཀྱི་གཅུན་རྒྱངས་སུ་འབོད་པ་དང༌། ས་ཁུལ་དེར་སྐྱེས་པའི་སྒ་ཆུང་གསེར་མགོ་ཟེར་བའི་སྨན་ལྡུམ་ལ་མ་སངས་ཚོད་མ་འབོད་སྲོལ་ཡོད་པ་ཡོངས་གྲགས་ཡིན་པས། རྒྱུ་མཚན་དེ་དག་ལ་བལྟས་ན་ཕལ་ཆེར་མ་སངས་ཀྱི་རྒྱལ་ས་ལྟེ་བ་དེ། དེང་སང་མོན་རྟ་དབང་ཕྱོགས་འདིར་ཡིན་ཆོག་པར་སེམས། 65

མངའ་མཛད་བརྒྱད་པ། ཀླུས་དབང་བྱས་ཚུལ།

ཁ དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ། ། བརྒྱད་པ་ཀླུས་དབང་བྱས་བོད་ཁམས་གླིང་དགུར་བཏགས། །

ད བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུ་བཏགས། །

ཀ དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ། ། ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུ་བཏགས། ། སྔ་རྟགས་དཀར་བུ་ཆུ་ལ་སྤྱོད་པ་བྱུང༌། ། མངའ་མཛད་བརྒྱད་པ་ཀླུས་དབང་བྱས་ཚུལ་ནི། མ་སངས་སྤྱི་རྗེའི་བུ་དཔའ་བོ་སྟག་གིས་སྲིད་བཟུང་མཐར་ཀླུ་ལྕམ་བྲ་མ་ཞེས་པ་ཆུང་མར་བསུས་པའི་སྲས་ཀླུ་ཚ་སྟག་པོ་འོད་ཅེས་པ་འཁྲུངས། དེའི་ཚུལ་ཡང༌། ཡ་རབས་ཁ་རྒྱན་ལས། 66བདུན་གྱི་ཐ་ཆུང་མ་བཟང་སྤྱི་རྗེ་དང༌། ། ཐོག་ལྕམ་འུར་མོའི་སྲས་ནི་དཔའ་བོ་སྟག། དེ་དང་ཀླུ་ལྕམ་བྲ་མ་གཉིས་ཀྱི་སྲས། ། ཀླུ་ཚ་སྟག་པོ་འོད་ཅན་ཞེས་བྱ་བྱུང༌། ། ཞེས་དང༌། དེའི་ཐད་ཀྱི་རིན་ཆེན་བང་མཛོད་ལས། 67བདུན་པ་མ་སངས་སྤྱི་རྗེ་བྱ་བ་དེ་མི་ཡུལ་ལ་བཞུགས་ནས་ཐོག་ལྷ་འོད་ཅན་གྱི་བུ་མི་ཐོག་ལྕམ་འུར་མོ་ཁབ་ཏུ་བཞེས་པ་ལ་སྲས་ཐོག་ཚ་དཔའ་བོ་སྟག་ཏུ་གྲགས་པ་འཁྲུངས་ཏེ། དེས་ཀླུའི་བུ་མོ་ཀླུ་ལྕམ་བྲ་མ་ཁབ་ཏུ་བཞེས་པས་ཀླུ་ཚ་སྟག་པོ་འོད་ཅན་བྱ་བ་སྲས་སུ་བྱུང༌། ཞེས་མ་སངས་ཀྱི་རྒྱུད་ལས་ཀླུ་ཚ་བྱུང་ཚུལ་གསུངས་པ་དང༌། མཁས་པ་ལྡེའུ་དང་གཙུག་ཕྲེང་ཀུན་གི་བཞེད་པ་ཀུན་ཤིན་ཏུ་མཐུན་པས། ཀླུས་བཟུང་ཞེས་པ་ནི། ཀླུ་ཚ་སྟག་པོ་འོད་ཅན་འདི་ཉིད་ཁོ་ན་ངེས་པར་སེམས་སོ། ། དེས་ན། བོད་ཡུལ་ཀླུ་ཚས་བཟུང་ཚུལ་ཡང་ཕ་རྒྱུད་མ་སངས་ཀྱི་རུས་ནས་མི་འབོད་པར། མ་རྒྱུད་ཀླུའི་ཆོ་རིགས་ནས་དྲས་ཏེ་ཀླུས་བཟུང་ཞེས་པ་ཙམ་ལས་མ་སངས་གཏོར་ཕམ་བཏང་ནས་ཀླུས་སྲིད་གཞུང་གསར་དུ་བཙུགསཔ་མ་ཡིན་པ་འདྲ། སྐབས་དེར་རང་རེའི་ཡུལ་ལ་བོད་ཁམས་གླིང་དགུ་ཞེས་བཏགས་ཤིང༌། དེ་ཡང་བོད་ཀྱི་མིང་སྔར་ཡོད་ཐོག་ནང་ཁུལ་སྡེ་ཚན་ནམ་གླིང་དགུར་གྱེས་པ་ཡིན་ནམ་ཡང་སྙམ། རྒྱལ་པོའི་དཀའ་ཐང་ལས། ལྷ་དང་འདྲེས་དབང་བྱས་པའི་རྗེས་སུ་ཀླུ་དང༌། དེ་རྗེས་མ་སངས་སྤུན་དགུས་དབང་བྱས་བཀོད་དེ། གཙུག་ཕྲེང་དང་ལྡེའུ། ཡ་རབས་ཁ་རྒྱན་སོགས་དང་གཞེད་པ་མི་འདྲ་བ་འདུག་པས་དཔྱོད་དགོས། གཅིག་བྱས་ན་འདི་ཉིད་འགོང་པོ་སྤུན་དགུ་དང་མིང་ཚིག་ནོར་བ་ཡིན་ཡང་སྲིད་སྙམ་སྟེ། ཚད་ལྡན་ལོ་རྒྱུས་གཞན་དང་གཞན་68དུ་མའི་ནང་དུ་ཀླུའི་རྗེས་སུ་རྒྱལ་འགོང་ངམ་འགོང་པོ་སྤུན་དགུས་བཟུང་ཚུལ་གསལ་བར་གསུངས་པས་སོ། །

མངའ་མཛད་དགུ་པ་རྒྱལ་འགོང་གིས་དབང་བྱས་ཚུལ།

ཁ དགུ་པ་རྒྱལ་པོས་དབང་བྱས་ངམ་པོ་ཅེ། ། བཅུ་པ་འགོང་པོ་སྤུན་དགུས་དབང་བྱས་ཏེ། ། ཡུལ་གྱི་མིང་ཡང་སྟོང་སྡེ་བཅོ་བརྒྱད་ཟེར། ། ཞེས་དང༌།

ད དགུ་པ་མི་མ་ཡིན་གྱིས་དབང་བྱས་ཏེ། ། ཡུལ་གྱི་མིང་ནི་ངམ་ཡུལ་ནག་པོར་བཏགས། ། ཀདེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ། ། ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས། ། སྔ་རྟགས་མདའ་མདུང་མཚོན་ཆ་དེ་ནས་བྱུང༌། ། ཞེས་དང༌། བདེ་ནས་མ་སངས་ཀྱིས་དབང་བགྱིས་ཏེ། ཡུལ་གྱི་མིང་ཡང་བོད་ཀ་གཡག་དྲུག་ཏུ་བཏགས་སོ། ། དེའི་དུས་སུ་གཉན་བོན་ཐོག་ལྷ་ཁྲོལ་བ་དང༌། གཉན་གསུམ་ཐོད་དེ་རྒྱལ་བ་ལ་སོགས་པ་བྱུང་ནས་མ་སངས་མཆེད་དྲུག་ལ་སོགས་པས་བཀུར་བསྟི་བོན་ལ་བགྱིས་ཏེ། མ་སངས་ཀྱི་གོང་ན་གཤེན་རབ་གཉན་པ་ལགས་སོ། ། ཞེས་གསུངས། མཁས་པའི་དགའ་སྟོན་དུ། 68དགུ་པ་རྒྱལ་པོ་དང་བཅུ་པ་འགོང་པོ་ཞེས་སོ་སོར་འཆད་ཀྱང༌། གཙུག་ཕྲེང་རང་ཉིད་ཀྱིས་ཁུངས་གང་ལ་གཏུགས་སའི་མཁས་པ་ལྡེའུའི་གསུང་དུ། 69དགུ་པ་མི་མ་ཡིན་ཞེས་གཅིག་ཏུ་འཆད་འདུག་པ་ཁུངས་དག་པའི་ལུགས་སུ་བྱས་ནས་འཆད་ན། འགུང་པོ་སྤུན་དགུ་ནི་སྐབས་དེར་མིའི་བསམ་བློའི་ནང་མི་འདུ་བའི་ཐབས་འཕྲུལ་དང་སྙིང་སྟོབས་ཆེས་ཤིན་ཏུ་ཆེ་བའི་བུ་སྤུན་དགུ་བྱུང་ཞིང༌། དེ་དག་གི་མིང་ཡང༌། 1གཉའ་གཡའ་སྤངསྐྱེས། 2གར་ཏིང་ནམ་ཚ། 3གླེ་ངན་ནམ་ཙང་སྐྱེས། 4རུ་ཐོ་གར་སྐྱེས། ཤེ་ཏོ་ཀོར་ཏིང་ནས། 6མེ་པད་སྐྱེས། 7གསད་གེ་འཕྲུལ་པོ་ཆེ། 8དྲང་པ་དྲང་མ་མགུར། 9བཀོད་སྟོར་ནམ་ཚ་ཞེས་འབྱུང་བ་ལྟར་ལགས་སོ། ། བཀའ་ཐང་70དང་བོན་འབྱུང་ལས། 71འགུང་པོ་སྤུན་དགུ་དང་མ་སངས་སྤུན་དགུ་གཅིག་པ་ལྟར་བྱས་ནས་འཆད་འདུག་ལ། ད་དུང་བོད་ཀ་གཡག་དྲུག་ཅེས་པའི་མིང་ཡང་འགོང་པོ་སྤུན་དགུའི་སྐབས་བྱུང་ཚུལ་འཆད་འདུག་པ་ལའང་དཔྱད་པར་བྱ་དགོས་སོ། ། འདི་དག་གི་དཔའ་འཛངས་རྟུལ་ཕོད་ལ་བརྟེན་ནས་ཀླུ་ཚའི་རིགས་རྒྱུད་ཀྱི་སྲིད་དབང་ལ་གྱེན་ལོག་བྱས། དཔའ་དང་དཔུང་པ། ཐབས་དང་གཡོ་འཕྲུལ་ཅི་རིགས་སྣ་ཚོགས་ཀྱིས་རང་ཕྱོགས་གཅིག་སྒྲིལ་ཡོང་ཐབས་ཐོགདེ་སྔོན་ཀླུ་ཚའི་སྲིད་གཞུང་དང་འཁོན་འཛིན་ཡོད་པའི་ཕྱོགས་གཏོགས་ལ་ཉེ་ཕྱོགས་བཟུང་ནས། ཀླུ་ཚའི་ཚོ་བ་དང་རུ་སྡེ་ཀུན་རིམ་པར་བཞིན་བཅོམ། མཐར་རྒྱལ་ཁའི་གྲུབ་འབྲས་རང་ལག་ཏུ་ལྷུང་བ་ན། ད་བཟོད་སྲིད་གཞུང་གསར་པ་བཙུགས་པའི་མིང་ལ་ལོ་རྒྱུས་ཐོག་འགོངས་པོ་སྤུན་དགུ་ཞེས་གྲགས་པ་འདི་ཉིད་བཙུགས་པས། མི་རྣམས་ཀྱིས་འདི་དག་མི་རང་ག་ཞིག་མིན་པར་ལྷ་འདྲེའི་ཆོ་འཕྲུལ་འདྲ་བར་མཐོང་ནས་འགོངས་པོ་ཞེས་བཏགས་པ་ཡིན་སྙམ། སྲིད་འཛིན་ལྟེ་བ་ནི། ངོམ་ཡུལལ་ནག་པོ་ཞེས་བྱ་བའི་ཡུལ་དུ་ཡིན་ལ། དེ་ནིདེང་སང་གི་མཁས་པ་འགས་72གཙང་གི་ངོམ་རིའི་ཡུལ་དུ་ཡིན་ཚུལ་བྲིས་འདུག་པར་ཁུངས་ཇི་ཡིན་བརྟག་དགོས།

བཅུ་པ། ཟ་རིད་སྤུན་དྲུག་གིས་དབང་བྱས་ཚུལ།

ད བཅུ་པ་ཟ་རིད་སྤུན་དྲུག་དག་གིས་དབང་བྱས་ཏེ། ། ཡུལ་གྱི་མིང་ལ་སྟོང་སྡེ་བཅོ་བརྒྱད་ཟེར། །

བ དེ་ནས་ཟ་རང་གི་བུ་བྱེད་སྐྱེས་དྲུག་གིས་དབང་བགྱིས་ཏེ། ཡུལ་གྱི་མིང་ཡང་བྱེས་ཡུལ་དབྱེ་ཆེན་སྡེ་བརྒྱད་དུ་བཏགས་སོ། ། དེའི་དུས་སུ་སྡེ་བོད་བྱེད་མཁས་བཙན་པ་བྱུང༌། སྐྱེས་སུ་རྩོལ་བོ་ལེགས་པས་བཀུར་བསྟི་བོན་ལ་བགྱིས་ཏེ། དེའི་གོང་ན་བོན་དང་གཤེན་གཉན་པ་ལགས་སོ། ། ཞེས་འབྱུང༌། བཅུ་པ་ཟ་རིད་སྐྱེས་དྲུག་གིས་དབང་ཚུལ་ནི། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ནི། 73དགུ་པ་རྒྱལ་འགོང་དང་བཅུ་པ་འགོང་པོ་སྤུན་དགུས་དབང་བྱས་ཚུལ་འཁོད་འདུག་མོད། གཞན་རྣམས་ཀྱི་དཔེ་ལྟ་སའི་ཁུངས་ལྡེའུ་ཆོས་འབྱུང་འདི་ཉིད་ཁོ་ན་ཡིན་པ་ཚིག་སྒྲོས་ཀྱི་ཐོག་ནས་ཀྱང་ཤེས་ཐུབ་ཀྱང་བཅུ་པ་འདི་ཉིད་བཤད་སྲོལ་མི་འདྲ་བ་གཞན་དུ་ངོས་འཛིན་བྱས་འདུག་པ་དེའི་ཁུངས་གང་ཞིག་ལ་བརྟེན་པ་ཡིན་པའི་སྐོར་དཔྱད་པར་བྱ་དགོས་སོ། ། རྒྱལ་པོ་བཀའ་ཐང་ལས་ཀྱང་འདི་ཉིད་མི་འབྱུང༌། གཡུང་དྲུང་བོན་འབྱུང་རྣམས་སུ་74ཟ་རང་གི་བྱེད་སྐྱེས་དྲུག་ཅེས་གསལ་བར་འབྱུང་བ་གོང་དུ་དྲངས་པ་ལྟར་ལ། ཁུ་སྟོན་གྱི་ལོ་རྒྱུས་ཆེན་མོའི་ནང་75ཇི་ལྟར་འཁོད་ཡོད་མེད་མ་མཐོང༌། ཟ་རིད་སྤུན་དྲུག་གིས་འགོང་པོའི་སྲིད་དབང་འཕྲོག་པའམ་སྲིད་དབང་ཟུར་འཛུགས་གང་ཞིག་བྱས་པའི་ལོ་རྒྱུས་ཡིག་ཆ་ཁ་གསལ་ད་ཕན་མ་མཐོང༌། ཟ་རིད་སྐྱེས་དྲུག་གིས་དབང་བསྒྱུར་བྱས་པའི་སྐབས་བོད་ཀྱི་ཡུལ་ལ་སྟོང་སྡེ་བཅོ་བརྒྱད་ཟེར་ཚུལ་ལྡེའུ་ཆོས་འབྱུང་དང༌། 76མཁས་པའི་དགའ་སྟོན་དུའང་77མངའ་མཛད་བཅུ་པའི་སྐབས་ཡུལ་ལ་སྟོང་སྡེ་བཅོ་བརྒྱད་བཏགས་ཚུལ་འཁོད་འདུགཔདྨ་རཱ་གའི་ལྡེ་མིག་ལས། 78སྟོང་སྡེ་བཅོ་བརྒྱད་ནི་དེང་སང་མདོ་ཁམས་ཕྱོགས་ཀྱི་ཆབ་མདོ་ཡན་མན་ཞིག་གི་ཡུལ་གྲུ་ཞིག་ལ་ངོས་འཛིན་བྱས་འདུག་པའི་ཁུངས་གང་ཡིན་ནི་མ་ཤེས། བོན་འབྱུང་ལས། 79སྐབས་དེའི་ཡུལ་གྱི་མིང་ལ་བྱེས་ཡུལ་དབྱེ་ཆེན་སྡེ་བརྒྱད་འདོགས་ཚུལ་དང༌། གཙོ་སྐྱོང་སྐྱེས་སུ་རྩོལ་བོ་ལེགས་སྐྱོང་ཟེར་ཚུལ་འཁོད་སྣང་མོད། ལོ་རྒྱུས་གཞན་མ་མཐོང༌། མངའ་མཛད་བཅུ་བོ་དེ་དག་གི་སྐབས་ནས་བོན་གྱི་སྟོན་པ་བྱུང་ཚར་བའི་ཚུལ་བོན་འབྱུང་ལས་གསལ་བ་དེ་དག་ཕལ་ཆེན་གདོན་མའི་བོན་གྱི་ཆོས་ལུགས་ཡིན་འཆི་སྙམ་མོད། ད་དུང་དཔྱད་པར་བྱ་དགོས་སོ། །

རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུར་འཐོར་ཚུལ། ད བཅུ་གཅིག་རྒྱལ་ཕྲན་བཅུ་གཉིས་དབང་བྱས་སྐད། ། ཀུན་གྱི་ཐ་མར་སིལ་མ་བཞི་བཅུ་བྱས། ། ཡུལ་གྱི་མིང་ནི་བཟང་ཡུལ་གྱད་དུ་བཏགས། ། 80

དེ་ནས་སིལ་མ་བཅུ་གཉིས་ཀྱིས་དབང་གྱིས་བྱས་ཏེ། ཡུལ་གྱི་མིང་ཡང་ཧིས་པོ་ཁ་བརྒྱད་བྱ་བ་ལགས་སོ། ། 81

བོན་འབྱུང་ལས། དེའི་དུས་སུ་བོན་ཐོད་དཀར་བྱུུང་སྟེ། རྒྱལ་གྱིས་བཀུར་བསྟི་བོན་ལ་བགྱིས་ཏེ། རྒྱལ་གོང་ན་བོན་དང་གཤེན་གཉན་པ་ལགས་སོ། ། 82 དེ་ནས་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་ལྷག་གྱེས་ནས་བོད་སིལ་བུར་ཐེངས་དང་པོ་དེ་འཐོར་བ་ཡིན་ནོ། ། དེ་ལ་སིལ་མ་བཞི་བཅུ་ནི་ལོ་རྒྱུས་རྣམས་སུ་བགྲང་ཚུལ་མི་འདྲ་བ་འགའ་མཆིས་ཀྱང༌། འདིར་ཏུན་ཧོང་ཡིག་ཆ་ནང་བཀོད་པ་ལྟར་བགྲང་ན། 83རྒྱལ་པྲན་ཕྲན་ཡུལ་ཡུལ་ན། མཁར་བུ་རེ་རེ་ན་གན་སྟེ། རྒྱལ་པྲན་ཕྲན་བགྱིད་པ་དང༌། རྒྱལ་ཕྲན་གྱི་བློན་པོ་བགྱིད་པའི་རང་རབས་ལ། ཞང་ཞུང་ངར་པའི་རྗེ་རྗེ༌། བོ་ལིག་སྙ་ཤུར། བློན་པོ་ཁྱུང་པོར་སངས་རྗེ་དང༌། སྟོང་ལོམ་མ་ཙེ་གཉིས། མྱང་རོའི་པྱེན་ཕྱེད་ཀར་ན། རྗེ་རྩང་རྗེའི་ཐོད་ཀར། བློན་པོ་སུ་རུ་དང་གནང་གཉིས། ཡུལ་གནུབས་ཀྱི་གླིང་དུག་ན། རྗེ་གནུབས་རྗེའི་སྲིས་པ། བློན་པོ་རྨེའུ་དང་གྲོ་གཉིས། ཡུལ་མྱང་རོའི་ཤམས་པོ་ནི། རྗེ་ལོ་ངམ་གྱི་བྲོམ་ཚ། བློན་པོ་མྱ་དང་བྲེ་གཉིས། ཡུལ་སྐྱི་རོའི་ལྗང་སྔོན་ན། རྗེ་ཀྱི་རྗེའི་མང་པོ། བློན་པོ་ཤེའུ་དང་སུག་གཉིས། ཡུལ་ངས་པོའི་ཁྲ་གསུམ་ན། རྗེ་དགུག་གྲི་འི་ཟིང་པོ་རྗེ། བློན་པོ་མགར་དང་གཉན་གཉིས། ཡུལ་དབྱེ་རོ་ཡུལ་བཞི་ན། རྗེ་དབྱི་རྗེ་འི་མཁར་པ། བློན་པོ་དབོ་དང་རྡུག་གཉིས། ཡུལ་འོ་ཡུལ་གཡི་སྤང་ཀར་ན། རྗེ་འོ་རྗེའི་ཟིན་བྲང་ཚ། བློན་པོ་རྔོ་དང་དབའས་གཉིས། ཡུལ་རྔེགས་ཡུལ་གྱི་གྲུ་བཞི་ན། རྗེ་རྔོག་རྗེའི་ལ་བྲང༌། བློན་པོ་སས་པ་དང་མྱང་ནད་གཉིས། ཡུལ་ཀླུམ་རོའི་ཡ་སུམ་ན། རྗེ་ནམ་པའི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས། ཡུལ་སྲིབས་ཡུལ་གྱི་རལ་མོ་གོང་ན། རྗེ་དྲང་རྗེའི་རྣོལ་ནམ། བློན་པོ་ཞུག་ཚམས་དང་དབྲད་གཉིས། ཡུལ་ཀོང་ལ་བྲེ་སྣར་ན། རྗེ་ཀོང་རྗེའི་དཀར་པོ། བློན་པོ་མཁར་པ་དང་ཕ་དྲུག་གཉིས། ཡུལ་མྱང་ཡུལ་གྱི་རྟ་གསུམ་ན། རྗེ་མྱང་ཙུང་སླང་རྒྱལ། བློན་པོ་འོ་རུ་དང་སྤྲགས་གཉིས། ཡུལ་དྭགས་ཀྱི་གྲུ་བཞི་ན། རྗེ་དྭགས་རྒྱལ་གྱི་སྤྲོག་ཟིན། བློན་པོ་ཕོ་གུ་དང་པོག་རོལ་གཉིས། ཡུལ་མཆིམས་ཡུལ་གྱི་དགུའ་ཡུལ་ནའ། རྗེ་མཆིམས་རྗེའི་ནེ་འུ། བློན་པོ་དང་དང་དིང་དི་གཉིས། ཡུལ་སུམ་ཡུལ་གྱི་ཡ་སུམ་ནའ། རྗེ་འབས་ལྗི་མང་རུ་ཏི། བློན་པོ་རླང་དང་ཀམ་གཉིས། ཡུལ་འབྲོག་མོ་རྣམ་གསུམ་ནའ། རྗེ་སེ་རི་ཁྲི། བློན་པོ་སྐྱང་རེ་གནགཞེས་གསལ་བ་ལྟར་རོ། ། དེ་ལྟ་ན་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་ཚོས། སྤུར་རྒྱལ་གཉའ་ཁྲི་མན་ཆད་ཀྱི་ལོ་རྒྱུས་ཙམ་གྱིས་ཚིམ་པར་མ་གནང་བར། དེའི་གོང་གི་བོད་ཀྱི་བྱུང་རིམ་ལའང་ཞིབ་ཏུ་གཟིགས་ཏེ། ཆོས་མགོ་སངས་རྒྱས་དང༌། ཆུ་མགོ་གངས་ཀྱི་དཔེ་ལྟར། བོད་རང་གི་མི་རྒྱུད་གང་ལ་ཐུག་པའི་སྐོར་ཚུན་ཆད་ནས་ཞིབ་ཏུ་དཔྱད་པར་མཛོད་ཅིག་ཅེས་ཀྱང་བསྐུལ་ལོ། །


མཆན་འགྲེལ། 1《རུས་མཛོད། 》རྒྱལ་རབས་གཡུ་ཡི་ཕྲེང་བ། སྟོད་ཆ། ཆ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་འབྲངས་ཨོ་རྒྱན་སོགས་ཀྱིས་བསྒྲིགས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་བསྐྲུན་པ། ལས་དྲངས་པ། 2《ལྡེའུ་ཆོས་འབྱུང་རྒྱས་པ། 》ལྡེའུ་ཇོ་སྲས་ཀྱིས་མཛད། གངས་ཅན་རིག་མཛོད་པོད་གསུམ་པ། བོད་ལྗོངས་སྤྱི་ཚོགས་ཚན་རིག་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པ། ཤོག་གྲངས་224། 3《ཆོས་འབྱུང་མཁས་པའི་དགའ་སྟོན》། སྟོད་ཆ། དཔའ་བོ་གཙུག་ལག་ཕྲེང་པས་བརྩམས། ཝཱ་ཎ་བཛྲ་བིད྄ཡཱ་དཔེ་མཛོད་ཁང་གིས་བསྐྲུན། 151 4《རྒྱལ་པོ་བཀའ་ཐང་》། གུ་རུ་ཨོ་རྒྱན་གླིང་པས་ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས་བཏོན་པ། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1985ལོར་བསྐྲུན། 112 5《གཡུང་དྲུང་བོན་གྱི་གཞུང་གླེང་གཞི་བསྟན་པའི་འབྱུང་ཁུངས། 》ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་སྤྱི་ལོ་1439ལོར་ཁྱུང་པོ་རྒྱལ་བ་ཐོད་དཀར་གྱི་རི་ཁྲོད་དུ་སྦྱར། རྒྱ་གར་སྨན་རི་དགོན་གྱི་བླ་བྲང་ཕྱག་དཔེ་ཡིག་ནག་བྲིས་མ། བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང་སུམ་ཅུ་པའི་པར་གཞིར་བཀོད་ཀྱང་པར་གཞི་དེ་ཉིད་ད་ལྟར་པར་སྐྲུན་ཞུ་ཐུབ་མི་འདུག། ཤོག་གྲངས། 9 6《མཁས་པ་ལྡེའུའི་ཆོས་འབྱུང་》། 224 7《ཏུངཧོན་ཡིག་རྙིང་》། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། མི་རིགས་དཔེ་སྐྲུན་ཁང་ནས་1992ལོར་པར་བསྐྲུན་བྱས་པ། 67 8《ཆོས་འབྱུང་མཁས་པའི་དགའ་སྟོན》། 106 9《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་མཆན་འགྲེལ། 》དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་དྲུག་པ། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1992ལོར་བསྐྲུན་པ། 165། 10མདོ་གཙུག་ཏོར་གདུགས་དཀར། 11མདོ་ཕལ་བོ་ཆེ། 12《མངོན་བརྗོད་མཁས་པའི་རྣ་རྒྱན》རི་སྤུངས་ངག་དབང་འཇིག་གྲགས་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་1983ལོར་པར་བསྐྲུན་བྱསལས། ཕྱོགས་ཀྱི་མིང་མིང་འཆད་པའི་སྐབས། ཕྱོགས་ཉིད་སྟོན་གསལ་གན་དང༌། ། ཀུན་ཁྱབ་དང་ནི་འཕྲོག་བྱེད་དེ། ། སྔ་དྲོ་ཤར་དང་གུང་ལྷོ་ཕྱོགས། ། ཕྱི་དྲོ་ནུབ་དང་བྱང་ཕྱོགས་སྟེང༌། ། དབང་པོ་མེ་ལྷ་གཞིན་རྗེ་དང༌། ། བདེན་བྲལ་མཆི་བདག་རླུང་གི་ལྷ། ། གནོད་སྦྱིན་དབང་ལྡན་གོ་རིམ་བཞིན། ། ཞེས་གསུངས། 50 13《མངོན་བརྗོད་མཆི་མེད་མཛོད》པཎ་ཌི་ཏ་མཆི་མེད་སེངྒེས་མཛད་པ། བླ་མ་ཤེས་རབ་རྒྱལ་མཚན་གྱིས་ངཎརྡཎརྡྟནྣརྣཎཔྲྤྟཔྱཕྲྔདྲྡདྲན་1984ཤོག་གྲངས་4 13《མདོ་ཕལ་བོ་ཆེ》། 14བོད་རྒྱ་ཚིག་མཛོད་ཆེན་མོ། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 1554། 15ཆ་བཞི། 16《རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་རྒྱུད་སྣ་ཚོགས་རབ་ཏུ་གྲུབ་པ》སླེ་ལུང་གཞེད་པའི་རྡོ་རྗེས་མཛད་པའི་དམ་ཅན་བསྟན་སྲུང་རྒྱ་མཚོའི་རྣམ་པར་ཐར་པ་སྔོན་མེད་ལེགས་བཤད་ཤིང་སྟག་སྤྱི་ལོ་་ལོར་བརྩམས་པ་ལས་དྲངས་པ་ལས། དེའི་མཚན་ཡང་གནོད་སྦྱིན་གྱི་མཚན་འཆང་བས་རྣམ་སྲས་ཞེས་བཏགས་སོ། ། 208ཞེས་དང༌། 《གནོད་སྦྱིན་དབྱུག་པ་ཅན་གྱི་རྒྱུད་བསྟན་སྲུང་རྒྱ་མཚོའི་རྣམ་ཐར་ལས་དྲངས་པ》ལས། ནམ་ཞིག་ལྕང་ལོ་ཅན་གྱི་ཕོ་བྲང་ན། གནོད་སྦྱིན་ཐམས་ཅད་ཀྱི་རྗེ་དྲང་སྲོང་རྣམ་ཐོས་སྲས་ཞེས་བྱ་བ་དང༌། གནོད་སྦྱིན་ཆེན་པོ་བརྒྱད་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རྣམ་ཐོས་ཀྱི་བུའི་འཁོར་དུ་ཁས་བླངས་ཤིང་དམ་བཅས་སོ། ། 211 17《རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། 》པོད་གསུམ་པ། ཆོས་ཚན་རྀ་པ། ཆོས་སྐྱོང་ཁག་གི་གསོལ་ཁ་བསྟོད་པ་དང་བཅས་པ། ལས་དྲངས། 18《མེ་ལྕེ་འབར་བའི་རྒྱུད》སླེ་ལུང་གཞེད་པའི་རྡོ་རྗེས་མཛད་པའི་དམ་ཅན་བསྟན་སྲུང་རྒྱ་མཚོའི་རྣམ་པར་ཐར་པ་སྔོན་མེད་ལེགས་བཤད་ཤིང་སྟག་ལོར་བརྩམས་པ་ལས་དྲངས་པ་ལས། 19《དཔལ་ལྡན་ལྷ་མོའི་རྒྱུད》སླེ་ལུང་གཞེད་པའི་རྡོ་རྗེས་མཛད་པའི་དམ་ཅན་བསྟན་སྲུང་རྒྱ་མཚོའི་རྣམ་པར་ཐར་པ་སྔོན་མེད་ལེགས་བཤད་ཤིང་སྟག་སྤྱི་ལོ་་ལོར་བརྩམས་པ་ལས་དྲངས་པ་ལས། 20《བསྟན་སྲུང་རྒྱ་མཚོའི་རྣམ་ཐར》སླེ་ལུང་གཞེད་པའི་རྡོ་རྗེས་མཛད་པའི་དམ་ཅན་བསྟན་སྲུང་རྒྱ་མཚོའི་རྣམ་པར་ཐར་པ་སྔོན་མེད་ལེགས་བཤད་ཤིང་སྟག་སྤྱི་ལོ་་ལོར་བརྩམས་པ་ལས། 21《རྗེ་དགེ་འདུན་རྒྱ་མཚོའི་དམག་ཟོར་མའི་བསྟོད་པ》། 22《རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ།》 23 ཁ འདིའི་མན་ཆད་ཆོས་འབྱུང་མཁས་པའི་དགའ་སྟོན་ལ་རྟགས་འདི་འབྲི་རྒྱུ་ཡིན། 24 ད འདིའི་མན་ཆད་ལྡེའུ་ཆོས་འབྱུང་ལ་རྟགས་འདི་འབྲི་རྒྱུ་ཡིན། 25《བོན་གྱི་ཤེལ་བྲག་མའི་གཏེར་བོན་》གཡུང་དྲུང་བོན་གྱི་གཞུང་གླེང་གཞི་བསྟན་པའི་འབྱུང་ཁུངས་རྒྱ་གར་སྨན་རི་དགོན་གྱི་བླ་བྲང་ཕྱག་དཔེ་ཡིག་ནག་བྲིས་མ། ལས25། 11 26《མཛོད་འགྲེལ་མངོན་པའི་རྒྱན》། མཆིམས་ནམ་མཁའ་གྲགས་སམ་མཚན་གཞན་མཆིམས་འཇམ་པའི་དབྱངས་ཀྱིས་དུས་རབས་བཅུ་གསུམ་པའི་ནང་སོག་ཡུལ་ཅ་ཏི་ཁ་ཞེས་པར་མཛད། འཕགས་བོད་གཉིས་སུ་མཛོད་འགྲེལ་རྒྱས་ཤོས་དེ་ཡིན། དེའི་གནས་གསུམ་པའི་ཐད་ཀྱི་འགྲེལ་བ་ལས། སྲིན་པོ་ཡང་མིའི་བྱེ་བྲག་ཡིན་པའི་ཕྱིར། ཞེས་གསུངས། 27ཆ་བཞི། 28གདོང་དམར་བོད། བཀའ་ཆེམས་ཀ་ཁོལ་མ་སོགས་སུ་ཡང་ཡང་འབྱུང༌། 29《མངོན་བརྗོད་མཁས་པའི་རྣ་རྒྱན》རི་སྤུངས་ངག་དབང་འཇིག་གྲགས་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་1983ལོར་པར་བསྐྲུན་བྱསལས། སྲིན་པོ་སྤྱིའི་མིང་འཆད་པའི་སྐབས། སྒྲ་སྒྲོག་འབོད་སྒྲོག་མཁའ་འགྲོ་སྐྱེས། ། མཚན་རྒྱུ་མཚན་སྤྱོད་ཐུན་མཚམས་སྟོབས། ། ཤ་ཟ་ཁྲག་འཐུང་མགྲིན་པ་ཅན། ། ཀུན་གསོད་རོ་ཟན་མི་ལ་འཚེ། ། མིག་དམར་བསོད་མའི་སྐྱེ་བོ་དང༌། ། ཤ་རྗེན་ཟ་སོགས་སྲིན་པོའི་མིང༌། ། ཞེས་འབྱུང་ངོ༌། ། 42 30《དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་དྲུག་པ》། 31《ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ》སྟོད་ཆ་《འབྲི་གུང་ཆུང་ཚང་ཆོསཀྱི་བློ་གྲོས་ཀྱི་གསུང་འབུམ》་དྲངས་པ་ལས་དཔེ་དངོས་མཇལ་མ་བྱུང༌། ཆབ་མདོ་བློ་བཟང་ཤེས་རབ་ཀྱིས་བརྩམས། རྡ་ས་ཆབ་མདོ་སྐྱིད་སྡུག་གིས་2005ལོར་པར་བསྐྲུན་བྱས།

32《གཡུང་དྲུང་བོན་གྱི་གཞུང་གླེང་གཞི་བསྟན་པའི་འབྱུང་ཁུངས》། 33《ཞི་ཁྲོ་རྩ་འགྲེལ》འདི་ཉིད་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་《གཡུང་དྲུང་བོན་གྱི་གཞུང་གླེང་གཞི་བསྟན་པའི་འབྱུང་ཁུངས། 》སུ་བགྲངས་པ་ལས་དལྟར་དཔེ་རྒྱུན་ལག་སོན་མ་བྱུང་བ་ཤིན་ཏུ་ཕོངས། འོན་ཀྱང་གངས་ཏི་སེ་དང་མཚོ་མ་ཕམ་འཛམ་གླིང་གི་དབུས་དཀྱིལ་དུ་ངོས་འཛིའན་མཛད་པ་ནི་བོན་གཞུང་《མཉམ་མེད་མཛོད》མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་སྲིད་པའི་མཛོད་ཕུགས་ཀྱི་གཞུང་དང་འགྲེལ་བ་འཕྲུལ་གྱི་སྒྲོན་མེ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ནས་2004ལོར་པར་བསྐྲུན་བྱསདུའང་སྣང་སྟེ། 75 སྲིད་པའི་མཛོད་ཕུགས་རྩ་འགྲེལ》དྲན་པ་ནམ་མཁས་མཛད་པ་ཝཱ་ཎ་མཐོ་སློབ་གཡུང་དྲུང་བོན་སྤྱི་ལས་ཁུངས་ནས་1993ལོར་པར་བསྐྲུན་བྱསདེ་ཉིད་ལས། འཛམ་བུ་གླིང་གི་དབུས་ཀྱི་གནས་ལུགས་ལ། ། ཏི་བྱང་ནི་ཏི་སེའི་བྱང་ཕྱོགས། ། ཁ་རོང་ལ་སོགས་ནི་རི་ནག་པོ་དགུ་སྟེ་གཡུང་དྲུང་དགུ་སིལ་ཞེས་ཀྱང་བྱའོ། ། 34《དགེ་ཆོས་གནས་ཡིག》གངས་ཅན་རིག་མཛོད་པོད་བཅུ་གཉིས་པ། བོད་ལྗོངས་སྤྱི་ཚོགས་ཚན་རིག་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་1990ལོར་པར་བསྐྲུན་བྱས་པ། ཤོག་གྲངས་224། 35ཨ་ཚོགས་བསྟན་འཛིན་འཇམ་དབྱངས། འབྲས་སྤུངས་ནས་ཕར་ཕྱིན་རབ་འབྱམས་པ་ཐོན་ནོར་གླིང་བོད་ཀྱི་མཐོ་སློབ་དགེ་རྒན་ཡིན། 36《ཆོས་འབྱུང་མཁས་པའི་དགའ་སྟོན》། སྟོད་ཆ། 225 37《ལྡེའུ་ཆོས་འབྱུང་རྒྱས་པ། 》ལྡེའུ་ཇོ་སྲས་ཀྱིས་མཛད། 225 38《ས་སྐྱའི་གདུང་རབས་ཡ་རབས་ཁ་རྒྱན》མཁས་པའི་དབང་པོ་ངོར་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ལས་དྲངས༌། 8 39《ས་སྐྱའི་གདུང་རབ་རིན་ཆེན་བང་མཛོད》བདག་ཆེན་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པ། ལྡི་ལི་པར་སློག་པར་མ། 7 40《ས་སྐྱའི་གདུང་རབས་ཡ་རབས་ཁ་རྒྱན》མཁས་པའི་དབང་པོ་ངོར་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ལས་དྲངས། 8 41《ས་སྐྱའི་གདུང་རབ་རིན་ཆེན་བང་མཛོད》བདག་ཆེན་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པ། ལྡི་ལི་པར་སློག་པར་མ། 8 42《ས་སྐྱའི་གདུང་རབ་རིན་ཆེན་བང་མཛོད》བདག་ཆེན་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པ། ལྡི་ལི་པར་སློག་པར་མ། 8 43གདན་རབས་ཁ་ཅིགཅེས་བདག་ཆེན་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པའི་《ས་སྐྱའི་གདུང་རབ་རིན་ཆེན་བང་མཛོད》ལྡི་ལི་པར་སློག་པར་མགསུངས་པའི་ཕྱོགས་སྔ་མ་དེ་སུ་ཡིན་ཤེས་མ་བྱུང༌། 44《ས་སྐྱ་ངག་ཆོས་ཀྱི་མགོན་པོའི་ཆོས་འབྱུང་》རྡ་ས་དཔེ་མཛོད་ཁང་དུ་འདུག་ཀྱང་ད་ལྟར་ཤོག་གྲངས་མི་ངེས། 46《ཁྱད་པར་འཕགས་བསྟོད་》དང༌། 《དཀའ་ཆེམས་ཀ་ཁོལ་མ་》གཉིས་ཀའི་ནས་རིག་བྱེད་ཀྱི་གཏམ་བརྒྱུད་ལས་དྲས་ནས་རྒྱས་པར་བཤད་ཡོད། ཀ་ཁོལ་མ་48། 47《ས་སྐྱའི་གདུང་རབ་རིན་ཆེན་བང་མཛོད》8 48《ལྡེའུ་ཆོས་འབྱུང་རྒྱས་པ་དང་མཁས་པའི་དགའ་སྟོན་》རྣམས་སུ་རྨུ་ཞེས་བྲིས་སྣང་ཞིང༌། 《ས་སྐྱའི་གདུང་རབ་རིན་ཆེན་བང་མཛོད》དུ་དམུ་ཞེས་བྲིས་འདུག་ཀྱང་དོན་ལ་ཁྱད་པར་མི་སེམས་ཏེ། གནའ་སྔ་མོར་དེང་སང་ནང་བཞིན་བརྡ་དག་གཅིག་གྱུར་མེད་པ་འདི་འདྲ་ཤིན་ཏུ་མང་པོས་སོ། ། 49བོན་གྱི་ཡིག་ཆ་དེ་དག་ད་དུང་དྲན་མ་སོས། 50《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད》བདག་ཆེན་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པ། ལྡི་ལི་པར་སློག་པར་མ། 8 51《རྒྱལ་པོ་བཀའ་ཐང་》། གུ་རུ་ཨོ་རྒྱན་གླིང་པས་ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས་བཏོན་པ། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1985ལོར་བསྐྲུན། 112 52《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་ར་གའི་ལྡེ་མིག》སྡེ་དགེ་ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། 53 53ལས། འུར་རྡོ་འཕེན། ཞེས་འབྱུང༌། 152 54《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། ལང་ཏང་ལིང་དང་བར་ཁ་འུར་རྡོ་འཕེན། ། ཞེས་དང༌། 《མཁས་པ་ལྡེའུའི་ཆོས་འབྱུང་》ལག་ཆར་རྒྱུག་པ་ཀྱོག་ཅན་དེ་ནས་བྱུང༌། ། ཞེས་པའི་བར་ཁ་དང་རྒྱུགས་པ་ཀྱོག་ཅན་ནི། རྒྱུགས་པ་རྭ་གཉིས་ཅན་ལ་ཟེར། 55《ཆོས་འབྱུང་མཁས་པའི་དགའ་སྟོན》། 152 56《ས་སྐྱའི་གདུང་རབ་རིན་ཆེན་བང་མཛོད》བདག་ཆེན་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པ། ལྡི་ལི་པར་སློག་པར་མ། 5 57《ས་སྐྱའི་གདུང་རབ་རིན་ཆེན་བང་མཛོད》བདག་ཆེན་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པ། ལྡི་ལི་པར་སློག་པར་མ། 7 58《ས་སྐྱའི་གདུང་རབ་རིན་ཆེན་བང་མཛོད》བདག་ཆེན་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པ། ལྡི་ལི་པར་སློག་པར་མ། 7 59《རྒྱལ་པོ་བཀའ་ཐང་》། གུ་རུ་ཨོ་རྒྱན་གླིང་པས་ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས་བཏོན་པ། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1985ལོར་བསྐྲུན། 112 60《ཁུ་སྟོན་གྱི་ལོ་རྒྱུས་ཆེན་མོ། 》མཁས་པ་ལྡེའུས་རང་གི་ཆོས་འབྱུང་དུ་ལུང་དྲངས་པ་དེ་ཉིད་མཇལ་བ་ཙམ་ལས་ཕྱག་དཔེ་ཁ་ཚང་མཇལ་མྱོང་མེད 61《ལྡེའུ་ཆོས་འབྱུང་རྒྱས་པ། 》ལྡེའུ་ཇོ་སྲས་ཀྱིས་མཛད། གངས་ཅན་རིག་མཛོད་པོད་གསུམ་པ། ཤོག་གྲངས་225། 62《སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ》ཆོས་རྒྱལ་ནམ་མཁའི་ནོར་བུས་བརྩམས། བོད་ཀྱིས་དཔེ་མཛོད་ཁང་གིས་1989ལོར་པར་བསྐྲུན་བྱས། 64 63《མོན་གླིང་གཡུལ་འགྱེད》གླིང་གེ་སར་རྒྱལ་པོའི་སྒྲུང་མོན་གླིང་གཡུལ་འགྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ། 346་་་362 64《སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ》ཆོས་རྒྱལ་ནམ་མཁའི་ནོར་བུས་བརྩམས། བོད་ཀྱིས་དཔེ་མཛོད་ཁང་གིས་1989ལོར་པར་བསྐྲུན་བྱས། 67 65མཁས་དབང་རག་རྡོ་སྤྲུལ་སྐུ། ཝྭ་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྨན་སྡེ་ཚན་གྱི་ཕོ་ཧཕིང་ས་ཡིན། 66《ས་སྐྱའི་གདུང་རབས་ཡ་རབས་ཁ་རྒྱན》ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ལས་དྲངས་པ། 5 67《ས་སྐྱའི་གདུང་རབ་རིན་ཆེན་བང་མཛོད》བདག་ཆེན་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པ། དཔེ་གཟུགས་ལྡི་ལི་པར་སློག་པར་མ། 7 68《ཆོས་འབྱུང་མཁས་པའི་དགའ་སྟོན》། སྟོད་ཆ། དཔའ་བོ་གཙུག་ལག་ཕྲེང་པས་བརྩམས། ཝཱ་ཎ་བཛྲ་བིད྄ཡཱ་དཔེ་མཛོད་ཁང་གིས་བསྐྲུན། 151 69《ལྡེའུ་ཆོས་འབྱུང་རྒྱས་པ། 》ལྡེའུ་ཇོ་སྲས་ཀྱིས་མཛད། གངས་ཅན་རིག་མཛོད་པོད་གསུམ་པ། ཤོག་གྲངས་225། 70《རྒྱལ་པོ་བཀའ་ཐང་》། གུ་རུ་ཨོ་རྒྱན་གླིང་པས་ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས་བཏོན་པ། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1985ལོར་བསྐྲུན། 112 71《གཡུང་དྲུང་བོན་གྱི་གཞུང་གླེང་གཞི་བསྟན་པའི་འབྱུང་ཁུངས། 》ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་སྤྱི་ལོ་1439ལོར་ཁྱུང་པོ་རྒྱལ་བ་ཐོད་དཀར་གྱི་རི་ཁྲོད་དུ་སྦྱར། 72《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་ར་གའི་ལྡེ་མིག》སྡེ་དགེ་ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། 53 73《ཆོས་འབྱུང་མཁས་པའི་དགའ་སྟོན》། སྟོད་ཆ། དཔའ་བོ་གཙུག་ལག་ཕྲེང་པས་བརྩམས། ཝཱ་ཎ་བཛྲ་བིད྄ཡཱ་དཔེ་མཛོད་ཁང་གིས་བསྐྲུན། 151 74《གཡུང་དྲུང་བོན་གྱི་གཞུང་གླེང་གཞི་བསྟན་པའི་འབྱུང་ཁུངས། 》ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་སྦྱར། 10 75《ལྡེའུ་ཆོས་འབྱུང་རྒྱས་པ། 》ལྡེའུ་ཇོ་སྲས་ཀྱིས་མཛད། གངས་ཅན་རིག་མཛོད་པོད་གསུམ་པ། ཤོག་གྲངས་225། 76《ལྡེའུ་ཆོས་འབྱུང་རྒྱས་པ། 》ལྡེའུ་ཇོ་སྲས་ཀྱིས་མཛད། གངས་ཅན་རིག་མཛོད་པོད་གསུམ་པ། ཤོག་གྲངས་225། 77《ཆོས་འབྱུང་མཁས་པའི་དགའ་སྟོན》། སྟོད་ཆ། དཔའ་བོ་གཙུག་ལག་ཕྲེང་པས་བརྩམས། ཝཱ་ཎ་བཛྲ་བིད྄ཡཱ་དཔེ་མཛོད་ཁང་གིས་བསྐྲུན། 151 78《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་ར་གའི་ལྡེ་མིག》སྡེ་དགེ་ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། 53 79《གཡུང་དྲུང་བོན་གྱི་གཞུང་གླེང་གཞི་བསྟན་པའི་འབྱུང་ཁུངས། 》ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་སྦྱར། 10 80《ལྡེའུ་ཆོས་འབྱུང་རྒྱས་པ། 》ལྡེའུ་ཇོ་སྲས་ཀྱིས་མཛད། གངས་ཅན་རིག་མཛོད་པོད་གསུམ་པ། ཤོག་གྲངས་225། 81《ཆོས་འབྱུང་མཁས་པའི་དགའ་སྟོན》། སྟོད་ཆ། དཔའ་བོ་གཙུག་ལག་ཕྲེང་པས་བརྩམས། ཝཱ་ཎ་བཛྲ་བིད྄ཡཱ་དཔེ་མཛོད་ཁང་གིས་བསྐྲུན། 151 82《གཡུང་དྲུང་བོན་གྱི་གཞུང་གླེང་གཞི་བསྟན་པའི་འབྱུང་ཁུངས། 》ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་སྦྱར། 10 83《ཏུངཧོན་ཡིག་རྙིང་》། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། མི་རིགས་དཔེ་སྨྲུན་ཁང་ནས་1992ལོར་པར་བསྐྲུན་བྱས་པ། 67




དཔྱད་རྩོམ་འདིའི་ཁུངས་དང་དཔྱད་གཞི་ནི། 1. 《རྒྱལ་པོ་བཀའ་ཐང་》དང༌། 2. 《ཏུངཧོན་ཡིག་རྙིང་》། 3. 《གཡུང་དྲུང་བོན་གྱི་གཞུང་གླིང་བཞི་བསྟན་པའི་འབྱུང་ཁུངས། 》བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང་སུམ་ཅུ་པ10། 4. 《མཁས་པ་ལྡེའུའི་ཆོས་འབྱུང་》། 5. 《ཆོས་འབྱུང་མཁས་པའི་དགའ་སྟོན》། 6. 《མདོ་ཕལ་བོ་ཆེ》། 7. 《མེ་ལྕེ་འབར་བའི་རྒྱུད》། 8. 《དཔལ་ལྡན་ལྷ་མོའི་རྒྱུད》། 9. བསྟན་སྲུང་རྒྱ་མཚོའི་རྣམ་ཐར》། 10. 《རྗེ་དགེ་འདུན་རྒྱ་མཚོའི་དམག་ཟོར་མའི་བསྟོད་པ》། 11. 《མངོན་བརྗོད་མཆི་མེད་མཛོད》། 12. 《མངོན་བརྗོད་མཁས་པའི་རྣ་རྒྱན》། 13. 《ས་སྐྱའི་གདུང་རབས་ཡ་རབས་ཁ་རྒྱན》། 14. 《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད》། 15. 《འབྲི་གུང་ཆུང་ཚང་ཆོསཀྱི་བློ་གྲོས་ཀྱི་གསུང་འབུམ》། 16. 《དགེ་ཆོས་གནས་ཡིག》། 17. 《བཀའ་ཆེམས་ཀ་ཁོལ་མ》། 18. 《མ་ཎི་བཀའ་འབུམ》། 19. མ་ཧཱ་བྷ་ར》། 20. 《རཱ་མ་ན་ཡའི་རྟོགས་བརྗོད》། 21. 《སྤྲིན་གྱི་ཕོ་ཉ། 》 22. 《རྒྱལ་རབས་པདྨ་རཱ་གའི་ལྡེ་མིག》། 23. 《དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་དྲུག་པ》། 24. 《སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ། 》 25. 《ནོར་ལྷ་གཡང་སྐྱབས》། 26. 《རྒྱལ་རབས་གཡུ་ཡི་ཕྲེང་བ》། 27. 《འབྲིང་རིང་ཆུ་བོ་དལ་འབབ》། 28. 《ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ》། བཅས་ཡིན།