བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ཆེན་མོ་ཁག་བཅུ་

ཡོང་ཁུངས་Wikipedia

གཅིག ཡང་སྤྲུལ་ངོས་འཛིན།[རྩོམ་སྒྲིག]

བསྟན་འགྲོར་ཕྱག་རྗེས་ཡོད་མཁན་གང་རུང་ཞིག་འདས་རྗེས་དེའི་ཡང་སྤྲུལ་ངོས་བཟུང་ནས་གང་དེའི་ལས་དོན་གྱི་རྒྱུན་མུ་མཐུད་ནས་བསྐྱངས་རྒྱུའི་ལམ་ལུགས་འདི་དུས་རབས་བཅུ་གསུམ་པའི་ནང་དངོས་སུ་བྱུང་། ཀརྨ་སྐུ་ཕྲེང་གསུམ་པ་དུས་གསུམ་མཁྱེན་པ༼ ༡༢༨༤ནས༡༣༣༩ ༽དེ་ཀརྨ་སྐུ་ཕྲེང་གཉིས་པ་པཀྵི༼ ༡༢༤༠ནས༡༢༨༣ ༽ཡི་ཡང་སྤྲུལ་དུ་ངོས་བཟུང་བ་ནས་བོད་བརྒྱུད་ནང་བསྟན་ལ་ཡང་སྤྲུལ་ངོས་འཛིན་གྱི་ལམ་ལུགས་མགོ་ཚུགས། དེ་ནས་བཟུང་ཀརྨ་སྐུ་ཕྲེང་རིམ་པར་བྱོན། ད་ལྟའི་ཀརྨ་སྐུ་ཕྲེང་བཅུ་བདུན་པ་ནི་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རེད། ༢༠༡༠ལོའི་ཟླ༡༢པའི་ཚེས༨ཉིན་མཛད་སྒོ་རྒྱ་ཆེན་པོ་སྤེལ་ནས་ཀརྨ་པ་ལོ་འཁོར༩༠༠ཡི་ལོ་རྒྱུས་ཀྱི་མཛད་སྒོ་སྤེལ། ཀརྨ་པ་ནི་སྐུ་ཕྲེང་དང་པོ་ནས་ད་ལྟའི་སྐུ་ཕྲེང་བཅུ་བདུན་པའི་བར་དུ་ཡང་སྤྲུལ་གྱི་དགུང་ལོ༩༠༠ལྷག་ཡོད་ཅིང་། ཁོང་ནི་ཡང་སྤྲུལ་གྱི་དགུང་ལོ་ཆེས་རིང་བ་དང་ཡང་སྤྲུལ་ཆེས་མང་བའི་སྤྲུལ་སྐུའི་མ་ལག་ཅན་ཡིན། ད་ལྟ་བོད་ཁུལ་ཡོངས་ཀྱི་གྲུབ་མཐའ་སོ་སོར་ཡང་སྤྲུལ་ངེས་འཛིན་ཀྱི་ལམ་ལུགས་བྱུང་ཡོད་ཅིང་། ཆོས་ལུགས་ལས་དོན་ཅུའུ་ཡི་དྲ་ཚུགས་ཀྱི་གྲངས་ཀ་ལྟར་ན་ད་སྔ་རྒྱལ་ནང་དུ་ངོས་འཛིན་རྒྱུ་ཡོད་པའི་ཡང་སྤྲུལ༡༧༠༠ལྷག་ཡོད་པ་རེད། བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཡོངས་ནས་བརྩིས་ན་ཉུང་མཐའ་ཡང་སྟོང་ཕྲག་དུ་མ་ཡོད་སྲིད། ཡང་སྤྲུལ་གྱི་ལམ་ལུགས་ནི་བོད་བརྒྱུད་ནང་བསྟན་གྱི་གསར་གཏོད་ཆེན་པོ་ཞིག་ཀྱང་ཡིན། འདི་ལ་མང་དུ་འཕེལ་བ་ལས་མར་མི་འགྲིབ་པའི་ཁྱད་ཆོས་ཡང་ཡོད། ནང་ཆོས་འབྱུང་ཁུངས་རྒྱ་གར་དང་བཅས་པའི་ལོ་རྒྱུས་སྟེང་དར་མྱོང་བའི་ཡུལ་གྲུ་མང་པོར་ད་ལྟ་ཉམས་ནས་རྗེས་ཤུལ་ཙམ་ཡང་རྙེད་དཀའ་བར་གྱུར་ཡོད་ནའང་། བོད་བརྒྱུད་ནང་བསྟན་མ་ཉམས་པར་མ་ཟད་ལྟོས་བཅོས་ཀྱིས་འཕེལ་རྒྱས་དང་བརྒྱུད་སྤེལ་བྱུང་ཡོད་པ་འདིར་ཡང་སྤྲུལ་ལམ་ལུགས་ཀྱི་སྐུལ་སྤེལ་ནུས་པ་སྙོན་མེད་ཐེབས་ཡོད།

གཉིས བླ་མར་བརྩི་མཐོང་ཆེ་བ།[རྩོམ་སྒྲིག]

བླ་མ་མེད་པའི་གོང་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། སྐལ་བ་སྟོང་གི་སངས་རྒྱས་ཀྱང་།། བླ་མ་དག་ལ་བརྟེན་ནས་བྱུང་།། རང་གི་བླ་མར་བརྟེན་ན་ད་བཟོད་རྟོག་པ་མཐོ་ནས་མཐོ་རུ་འཕེལ་བ་དང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕངས་ཡིན་ཡང་བླ་མར་བརྟེན་ནས་བརྙེས་དགོས་པའི་གནད་འདི་དམ་འཛིན་བྱེད། ཐོག་མར་བླ་མར་སྐྱབས་སུ་སོང་རྗེས་སངས་རྒྱས་དང་ཆོས་དགེ་འདུན་ལ་རིམ་པར་སྐྱབས་སུ་འགྲོ་བ། རྩ་བརྒྱུད་བླ་མ་རྣམས་ལ་སྐྱབས་སུ་འགྲོ་བ་དེ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལས་ཀྱང་སྔ་བ་འདི་ལ་ཚན་རིག་གི་ངོ་བོ་དང་གསར་གཏོད་ཀྱི་རང་བཞིན་ངེས་ཅན་ལྡན། བོད་བརྒྱུད་ནང་བསྟན་ནས་རྗེས་ཙོང་ཁ་པར་རྒྱལ་བ་གཉིས་པ་འབོད་ཅིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་གྲལ་གཅིག་ཏུ་མཉམ་པར་མཆོད་པ། རང་གི་རྩ་བརྒྱུད་བླ་མ་ཡོད་ཚད་སངས་རྒྱས་བྱང་སེམས་རྣམས་དང་མཉམ་པར་མཆོད་པའམ་ཡང་ན་དེ་ལས་ཀྱང་བརྒལ་ཏེ་མཆོད་པ། དུས་དང་གནས་གང་གི་སྐབས་ལའང་ལུས་ངག་ཡིད་གསུམ་རང་གི་རྩ་བའི་བླ་མ་དང་མི་འབྲལ་བར་རྗེས་སུ་འགྲོ་ཞིང་། དྲན་པ། ཚེ་འདི་ཕྱིའི་བསྐྱབས་གནས་ཉག་ཅིག་ཏུ་བལྟ་བ། བླ་མའི་དྲིན་གྱི་མདུན་སར་ཕ་མའི་དྲིན་ཡང་ཆེན་པོར་མི་བལྟ།

གསུམ ཆོས་སྲིད་ཟུང་འབྲེལ།[རྩོམ་སྒྲིག]

བོད་ཀྱི་ལོ་རྒྱུས་སྟེང་གི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་དེ་ས་སྐྱའི་རྒྱལ་རབས་ཀྱི་སྐབས་ནས་བྱུང་བར་ཀུན་ལ་གྲགས་ཡོད། བོད་བརྒྱུད་ནང་བསྟན་ཡང་ཆོས་ལུགས་ཀྱི་ཁོངས་གཏོགས་ཡིན་པའི་ཆ་ནས་ཆབ་སྲིད་དང་འབྲེལ་ཆེ་བ་མི་རུང་ནའང་། ནང་ཆོས་མ་ལག་ཆེན་པོ་གསུམ་ལས་དུས་ཡུན་རིང་པོར་ཆབ་སྲིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྤེལ་བ་དང་། རྣམ་དག་གི་དད་སྟོབས་བེད་སྤྱད་ནས་ཆབ་སྲིད་ཀྱི་དམིགས་འབེན་མངོན་པར་སྒྲུབ་པ་དེ་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ཅིག་དུ་གྲུབ་ཡོད། རང་བྱུང་གི་ཆ་རྐྱེན་ཧ་ལས་པ་རྩུབ་པའི་ཁོར་ཡུག་དང་ལོ་རྒྱུས་ཉམ་ཉེས་ཀྱི་ཆ་རྐྱེན་འོག་སྐྱེས་སྟོབས་ཆེན་པོ་གྲུབ་པ་འདི་ཆབ་སྲིད་སྟོབས་ཤུགས་ཀྱི་འགེབས་སྲུང་དང་ཁྱབ་སྤེལ་ལའང་བརྟེན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་གསར་བར་ཡང་དུས་ཡུན་རིང་པོར་བོད་བརྒྱུད་ནང་བསྟན་གྱི་ཆོས་སྲིད་གཞི་གཅིག་ཅན་གྱི་ངོ་བོ་སོ་སོར་ཡང་དག་དུ་ཕྱེ་ཐུབ་མེད། ཆོས་སྲིད་ཟུང་འབྲེལ་གྱི་མཐུན་རྐྱེན་ལས་བོད་ཡུལ་གྱི་ནང་བསྟན་ལ་སྐྱ་སེར་ཀྱི་དབྱེ་བ་ཆེན་པོ་མེད་པར་ཉམས་ལེན་དང་འཛིན་སྤེལ་བྱེད་མཁན་རྒྱ་ཆེན་པོ་བྱུང་། བོད་མི་བརྒྱ་ཆའི་གོ་དགུ་ཆོས་དད་ཅན་ཡིན་ལ། མི་སྐྱའི་ཁྲོད་ན་ཆོས་སྒྲུབ་སྤེལ་བྱེད་མཁན་ཡོད་ཅིང་། རབ་བྱུང་བའི་ཁྲོད་ནའང་སྲིད་འགན་ཁུར་ནས་དམངས་ལ་ཞབས་འདེགས་སྒྲུབ་མཁན་ཡོད།

བཞི ཆོས་རྒྱུན་གཙིགས་སུ་འཛིན་པ།[རྩོམ་སྒྲིག]

བོད་བརྒྱུད་ནང་བསྟན་གྱིས་ཆོས་རྒྱུན་ཧ་ཅང་གཙིགས་སུ་འཛིན། ཆོས་རྒྱུན་དང་སྡོམ་རྒྱུན། དབང་རྒྱུན་དང་མན་ངག་གི་རྒྱུན།ལུང་རྒྱུན་ཁྲིད་རྒྱུན་ལ་སོགས་ཞིབ་ཅིང་ཕྲ་ལ་མ་འདྲེས་པར་འཛིན་པས།འཕེལ་རྒྱས་ཕྲ་མོ་རེ་རེ་ནས་ཆུད་ཟོས་མེད་པར་ཉར་ཏེ།རྩ་བ་རྒྱས་ཤིང་ཡལ་འདབ་གྲོལ་ནས་ཕྱོགས་མཐར་བརྐྱངས་ཡོད། རང་གི་ཆོས་རྒྱུན་གྱི་དྭངས་གཙང་གི་རང་བཞིན་གནད་དུ་འཛིན་པ་དང་། རྩ་བརྒྱུད་བླ་མ་དེད་ནས་སངས་རྒྱས་བཅོམ་ལྡན་འདས་བར་ཏུ་གཏུགས་ཡོད།

ལྔ ། ཆོས་རྩོད།[རྩོམ་སྒྲིག]

ཚད་མའི་རྩོད་ཐབས་དེ་ཆོས་གཞུང་སྦྱངས་ལུགས་ཀྱི་རྒྱུན་སྲོལ་ཞིག་ཡིན་པའི་ཆ་ནས། རྒྱ་གར་ནས་ཐེག་ཆེན་གྱི་བསྟན་པ་འཕེལ་རྒྱས་ཀྱི་ཡང་རྩེར་སོན་པའི་སྐབས་ཀྱི་ཚད་མ་རིག་པ་བོད་དུ་དར་བ་དང་བསྟུན་ནས་བོད་དུ་བྱུང་། ད་ལྟ་སྔར་མུས་བཞིན་དུ་བེད་སྤྱོད་བྱེད་པ་ཡིན། རྒྱ་བརྒྱུད་ནང་བསྟན་དང་ལྷོ་བརྒྱུད་ནང་བསྟན་གྱི་ཆོས་གཞུང་སྦྱངས་ཐབས་དང་ལག་ལེན་ཁྲོད་དུ་མངོན་རྒྱུ་མེད་པ་བོད་བརྒྱུད་ནང་བསྟན་ཁོ་ནས་རྒྱུན་བཟུང་ཡོད་པ་ཞིག་རེད། དེང་རབས་ཀྱི་ཤེས་བྱ་སྣ་ཚོགས་སྦྱངས་ཐབས་ལའང་འདྲེན་སྤྱོད་ཀྱི་རིན་ཐང་ཆེན་པོ་ལྡན། ཚད་མའི་རྩོད་པས་མཚན་ཉིད་རིག་པའི་ཆུ་ཚད་མཐོར་འདེགས་དང་། གཞུང་ཟབ་མོར་གོ་བ་ཆགས་པ། རྨོངས་བའི་མུན་པ་བསལ་བ་དང་། དགག་གཞག་སྤྲོད་པ། ལོག་བཤད་འཇོམས་པའི་ཐབས་རྩལ་གྱིས་ཕྱུག་པར་འགྱུར་བ་ཡིན།

དྲུག དམངས་ཡོངས་ཆོས་དད།[རྩོམ་སྒྲིག]

བོད་ཡུལ་དུ་དམངས་ཡོངས་ནས་བོད་བརྒྱུད་ནང་བསྟན་ལ་དད་ཅིང་། ལོ་རྒྱུས་རིང་པོ་སོང་ཡོད། ལག་ལེན་རང་བཞིན་གྱི་རྨང་གཞི་བརྟན་ཅིང་། ཧ་ཅང་རྒྱ་ཆེ་ཞིང་གཏིང་ཟབ་པའི་མི་དམངས་རང་བཞིན་དང་འཚོ་བའི་རང་བཞིན་ལྡན།

བདུན ངག་འདོན་དར་ཞིང་རྒྱས་པ།[རྩོམ་སྒྲིག]

ངག་འདོན་ནི་ཆོས་ལུགས་ཆེ་ཁག་མང་པོར་གཅིག་མཚུངས་ཀྱིས་ཡོད་པའི་སྒྲུབ་ཐབས་ཞིག་རེད། ནང་ཆོས་ཀྱང་ལེགས་རྩོམ་དང་གཟུང་སྔགས་མང་པོ་རྒྱུན་འདོན་བྱེད་རྒྱུ་དང་ཁ་བྲལ་ཐབས་མེད། ཆོས་རང་གིས་ཉམས་སུ་ལེན་རྒྱུ་དང་ཕྱི་རབས་པར་རྒྱུན་འཛིན་བྱེད་ན་ངག་འདོན་གྱིས་གཞན་གྱི་ཚབ་བྱེད་དཀའ་བའི་ནུས་པ་ཐོན་ཡོད། ནང་སྒོས་སུ་བོད་བརྒྱུད་ནང་བསྟན་ལ་མཚོན་ན། ངག་འདོན་དེ་ཆོས་དད་པ་ཡོངས་ཀྱི་འཚོ་བའི་ཕྱོགས་སོ་སོར་གཏན་ཆགས་སུ་སོང་ཡོད། གང་ས་གང་དུ་ངག་འདོན་དང་སྔགས་གསོག་པ་མཐོང་ཐུབ། འདི་ལ་མཁན་པོ་བསོད་དར་རྒྱས་ཀྱིས་རྒྱ་སྐད་དུ༼动中禅༽ཞེས་འབོད་ཅིང་། འགུལ་སྐྱོད་ཁྲོད་ཀྱི་སྒོམ་ཞེས་པའི་དོན་རེད།

ནང་བའི་ཆོས་ནི་རིན་ཐང་བྲལ་བའི་ནོར་བུ་ཡིན་པ་རྩོད་དུ་མེད་ལ། ནོར་བུ་འདི་སྲུང་ཤིང་འཛིན་པའི་ཐབས་དང་ནུས་པ་ཡོད་ཚད་ལའང་དེ་མཚུངས་ཀྱི་རིན་ཐང་ཡོད།ནང་ཆོས་འདི་རིག་གནས་ཤིག་གི་ངོས་ནས་བལྟས་ན། རིག་གནས་འདི་རྒྱུན་འཛིན་ཐབས་ལ་རིགས་གཉིས་ཡོད་ཏེ། གཅིག་ནི་སྒྲའི་ཐབས་དང་ཅིག་ཤོས་ནི་གཟུགས་ཀྱི་ཐབས་སྟེ་གཉིས་སུ་ཕྱེ་ཆོག བརྗོད་སྟངས་གཞན་ཞིག་གིས་མཚོན་ན་མཉན་བྱ་སྒྲ་དང་མཐོང་བྱ་གཟུགས་ཀྱི་ཐབས་ལམ་གཉིས་ཡོད། ངག་འདོན་བྱེད་པ་ནི་རིག་གནས་འདི་སྒྲའི་སྒོ་ནས་རྒྱུན་འཛིན་བྱས་པ་རེད། དེ་བས་ངག་འདོན་ནི་རིན་བྲལ་གྱི་ནོར་བུ་འདི་འཛིན་སྤེལ་གྱི་ཐབས་སུ་གྱུར་ཡོད་པས་ཧ་ཅང་གལ་ཆེ་བ་རེད།

བརྒྱད རང་བྱུང་ཁམས་བཀུར་བ།[རྩོམ་སྒྲིག]

བོད་བརྒྱུད་ནང་བསྟན་གྱིས་ས་གནས་རང་གི་གདོད་མའི་ཆོས་ལུགས་ཀྱི་ཉིང་བཅུད་རང་བྱུང་ཁམས་ལ་ཧ་ཅང་བཀུར་རྒྱུ་འདི་ཚུར་ལེན་གང་ལེགས་བྱས་ཡོད།ཅི་འདོད་དུ་རི་སློག་པ་དང་ནགས་གཅོད་པ་ཆུ་རྙོག་པར་མི་བྱེད་ཅིང་། མི་དང་རང་བྱུང་འཆམ་མཐུན་དུ་གནས་པ། སྐུ་གསུང་ཐུགས་རྟེན་ལ་བསྐོར་བ་བྱེད་པ་ནས་རིམ་བཞིན་གནས་རི་དང་མཚོ་མོར་བསྐོར་བ། དེ་ལ་ཡང་ཕྱག་བསྐོར་སོགས་ཀྱི་རྣམ་པ་མི་འདྲ་བ་ཡོད། ཉམས་ལེན་དང་ལུས་སྦྱོང་། ཡུལ་སྐོར་དང་རང་བྱུང་ཁམས་བཀུར་བ་བཅས་གཞི་གཅིག་ཡིན། བེམ་པོ་བྱ་དང་ཉ་སོགས་ལ་སྦྱིན་པ་འདི་ལྟ་བུ་མི་རིགས་གཞན་གྱིས་མཐོང་ཙམ་གྱིས་ཞེད་སྣང་སྐྱེས་ནས་དང་ལེན་བྱེད་མི་ཐུབ་པར་འགྱུར་བ་ཞིག་ཡིན་ནའང་། སྦྱིན་པའི་བྱེ་བྲག་འདི་བོད་ཡུལ་དུ་དམངས་སྲོལ་ལྟ་བུར་ཆགས་ནས་ས་ཁྱབ་རྡོ་ཁྱབ་དུ་སོང་ཡོད། བེམ་སྦྱིན་འདི་སྦྱིན་པ་དང་ཉམས་ལེན་ཁྱད་དུ་འཕགས་པའི་རིགས་ཤིག་རེད། ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་དངོས་འབྲེལ་ཟམ་ལ་བྱས་རྗེས་ཧ་ཅང་ཆེ་བ་དང་། འདི་ནི་གཏིང་ཟབ་ཅིང་རྒྱ་ཆེ་བའི་རིག་གཞུང་ཡན་གར་བ་ཞིག་ཏུ་ཡང་གྲུབ་ཡོད།

དགུ སྟབས་སྟུན་སྣ་མང་།[རྩོམ་སྒྲིག]

དགེ་སྒྲུབ་སྡིག་སྦྱངས་གི་ཐབས་སྟབས་སྟུན་སྣ་མང་ཅན་ཡིན། བོད་བརྒྱུད་ནང་བསྟན་གྱི་དགོན་པ་དང་དད་ལྡན་མང་ཚོགས་ཡོངས་ཀྱིས་རྒྱུན་དུ་མཆོད་པའི་རྫས་ནི་ཆུ་ཡིན། མི་འཚོ་བཞེས་ཀྱི་ས་ཆ་ཀུན་ན་ཆུ་ཡོད་པས། གང་དུ་སོང་ཡང་ཆུ་མཆོད་ཐུབ། ཆུ་ནི་འཛམ་གླིང་སྟེང་ཆེས་དྭགས་གཙང་གི་དངོས་པོ་དང་ཚེ་སྲོག་དང་འབྲལ་ཐབས་མེད་པ། དྭངས་ཤིང་བསིལ་བ་དྲི་མ་མེད་པ། འཇིག་རྟེན་གྱི་རྣམ་ཤེས་ལྟ་བུ་དང་རིན་ཐང་མཇལ་དུ་མེད་པའི་ནོར་བུ་ཡིན། དེ་བས་ཆུ་མཆོད་པའི་ཕན་ཡོན་དེ་བཞིན་དུ་ཆེ། དེ་བཞིན་རང་གི་ནུས་པ་དང་སེམས་བསྐྱེད་ལྟར་རྒྱུ་དངོས་དང་རིན་པོ་ཆེ་སྣ་ཚོགས་མཆོད་པར་ཕུལ་ཆོག ས་སྒང་དང་འཇིག་རྟེན་ཧྲིལ་པོ་ཡང་མཆོད་པར་འབུལ་ཆོག་སྟེ། དེ་ནི་མནྟལ་མཆོད་པ་ཡིན། ལག་ཏུ་བཟུང་བ་དེ་འཇིག་རྟེན་ཧྲིལ་པོའོ། མི་རེ་རེ་ནས་བཟའ་བཏུང་དང་ཁ་འབྲལ་ཐབས་མེད་པས། ཁྱེད་ཀྱི་ཉིན་རེའི་ཟས་ཚན་གཅིག་དང་ཆུ་ཁམ་གང་ཡིན་ཀྱང་ཐོག་མར་མཆོད་པར་འབུལ་ཆོག བཟའ་བཏུང་ཅོག་ཙེ་སྟེང་ལ་བཤམས་མ་ཐག་མཆོད་པའི་ཆོ་ག་སྟབས་བདེ་ཞིག་བཏོན་ནས་ཐོག་མར་བླ་མ་དང་དཀོན་མཆོག་གསུམ་ལ་མཆོད་ཏེ་གཅིག་གོ་གཉིས་ཆོད་བྱས་ཆོག དམངས་ཀྱི་གོམས་སྲོལ་ནས་ཀྱང་འདི་འདྲའི་ཆོ་ག་མཐོང་ཐུབ། རང་ཁྱིམ་ཀྱི་མཆོད་སྟེགས་སྟེང་དུ་གསེར་དངུལ་གཡུ་བྱུར་དང་གཏེར་དངོས། རང་བྱུང་ལྷན་སྐྱེས་ཀྱི་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་གྲུབ་པའི་སྐུ་འདྲ་དང་ཐང་ག ལྷ་རྫས་དང་མཆོད་ཆས་ཁྲ་ཁྲ་རིག་རིག་དང་། མ་ལུས་ཀུན་འདུས་བྱས་ཆོག སྤུས་ལེགས་དང་བཟོ་རྩལ་ཞིབ་པའི་སྐུ་འདྲ་དང་ཐང་ག་གཅིག་མི་དུ་མས་ཟླ་འགར་བཞེངས་པ་དང་ཐ་ན་ལོ་གཅིག་ལྷག་དུ་ད་བཟོད་འགྲུབ་པའི་བཟོ་རྩལ་ཞིབ་མོའི་རིགས་ཀྱང་ཡོད། དེ་བས་དབུལ་ཕྱུག་སུ་ཡིན་ཡང་བོད་བརྒྱུད་ནང་བསྟན་ཉམས་ལེན་བྱས་ཆོག

བཅུ མདོ་སྔགས་ཟུང་འབྲེལ།[རྩོམ་སྒྲིག]

མདོ་རྩ་བ་དང་སྔགས་མཐར་ཐུག་པ།